ཨེ་མ་ཧོ།
ན་མོ་གུ་རུ་བཛྲ་དྷརྨཱ་དྷ་ཏུ་ཡེ།
གཞི་དབྱིངས་ཆོས་སྐུའི་ནམ་མཁའ་ཡངས་པ་རུ།།
ལམ་སྟོན་མགོན་མཆོག་བཅོམ་ལྡན་ཤཱཀྱའི་རྒྱལ།།
འབྲས་བུ་མངོན་སངས་རྒྱས་པའི་དུས་ཀྱི་ཆར།།
ཡང་གསང་འཇའ་ལུས་རྡོ་རྗེས་དགེ་ལེགས་སྩོལད།།
མི་དབང་བྱང་ཆུབ་སེམས་དཔའི་རང་གཟུགས་ཅན།།
དམ་ཆོས་འཚེ་མེད་ཞི་བའི་དེད་དཔོན་རྗེ།།
གསང་ཆེན་སྦས་པའི་རྣལ་འབྱོར་རིག་པ་འཛིན།།
མར་པ་ཆོས་དབྱིངས་རྡོ་རྗེ་ཡང་ཡང་དྲན།།
ཞལ་འཛུམ་བཞིན་དཀར་དུང་གི་ཟླ་ལྟར་གསལ།།
ཐབས་ཤེས་ཕྱག་རྒྱས་ཡང་གསང་གདམས་པ་བསྟན།།
བྱིན་འབེབས་དངོས་གྲུབ་གནང་བའི་བཀའ་དྲིན་ཅན།།
མ་ལུས་འགྲོ་བའི་མགོན་པོ་ཡང་ཡང་དྲན།།
ཚེ་དང་སྒྲུབ་པ་མཉམ་པའི་བླ་མ་མཆོག།
སྐུ་དང་རིང་བསྲེལ་མཉམ་པའི་གྲུབ་དབང་མཆོག།
འདི་དང་ཕྱི་མའི་ལམ་སྟོན་འཁྲུལ་མེད་མཆོག།
མཆོག་གསུམ་རྒྱལ་བའི་རྒྱལ་ཚབ་ཡང་ཡང་དྲན།།
མདོ་དབུས་མཐོ་སྒང་ཕ་ཁྱིམ་ཕན་བདེས་འཛིན།།
བཤད་སྒྲུབ་ཕྲིན་ལས་ཉིན་མཚན་བར་མེད་སྐྱོང་།།
རིས་མེད་གྲུབ་མཐའ་ཀུན་གྱི་སྙིང་པོ་སྤེལ།།
གསང་ཆེན་བླ་མེད་རྣལ་འབྱོར་ཡང་ཡང་དྲན།།
ཉིན་གྱི་དུས་སུ་དབང་ལུང་མན་ངག་གནང་།།
གཟིམ་པའི་དུས་སུ་ཆོས་སྐུའི་མཉམ་བཞག་མཛད།།
སྣང་སྲིད་རྣམ་དག་རང་བཞིན་ངང་གནས་པའི།།
ཡབ་ཆེན་ནོར་ཕྱུག་རིན་ཆེན་ཡང་ཡང་དྲན།།
བཅོམ་ལྡན་ཤྰཀྱའི་རྒྱལ་པོས་རྗེས་སུ་བཟུང་།།
མཚོ་སྐྱེས་རྡོ་རྗེས་ཞལ་གཟིགས་ལུང་བསྟན་མཛད།།
མདོ་སྔགས་འོད་གསལ་སྙིང་པོའི་བསྟན་པའི་དཔལ།།
འཇིག་རྟེན་རྒྱན་དུ་བཞགས་པ་ཡང་ཡང་དྲན།།
སྤྲོས་བྲལ་དབུ་མའི་རིགས་ལམ་དེ་ཉིད་མཐོང་།།
བདེ་སྟོང་ཕྱག་རྒྱ་ཆེན་པོའི་རོལ་རྩལ་མྱོང་།།
ཡང་ཟབ་རྫོགས་པ་ཆེན་པོའི་གནས་ལུགས་རྟོགས།།
འཇམ་དཔལ་སྒྱུ་འཕྲུལ་སྙིང་པོ་ཡང་ཡང་དྲན།།
གཅེས་པའི་ལུས་ལ་ན་ཚ་མེད་པར་མཛད།།
མཐུན་པའི་གྲོགས་ལ་སྡུག་བསྔལ་མེད་པར་མཛད།།
ཆོས་དང་འཇིག་རྟེན་གང་ལ་བསམས་ན་ཡང་།།
བཀའ་དྲིན་མཚུངས་མེད་བླ་མ་ཡང་ཡང་དྲན།།
སྐུ་ལུས་རིང་བསྲེལ་འཇའ་དང་འོད་ཀྱིས་གཏམས།།
ལེགས་ཉེས་ཤན་འབྱེད་གདམས་ངག་གླེགས་བམ་བཞགས།།
རིག་གྲོལ་སློབ་ཚོགས་རྒྱལ་ཁམས་གང་བར་མཛད།།
འདྲེན་མཆོག་དཔལ་ལྡན་བླ་མ་ཡང་ཡང་དྲན།།
དྲན་དྲན་མཚན་ལྡན་བླ་མའི་ཡོན་ཏན་དྲན།།
དྲན་པའི་མེ་ལོང་ཀུན་གསལ་རིག་པ་དྲན།།
དྲན་པ་ནམ་མཁའ་རང་བྱུང་ཡེ་ཤེས་དྲན།།
དྲན་རྟོགས་ཆོས་ཉིད་ཀློང་དུ་སངས་རྒྱས་ཤོག།།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་ཡར་ངོའི་ཚེས་པ་བཅུ་ཉིན་བོད་ཡུལ་ཐུབ་བསྟན་དགོན་ནས་གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་པ་ཆོས་དབྱིངས་རྡོ་རྗེའི་སྐུ་གདུང་རིང་བསྲེལ་གྱིས་གཏམས་པའི་ཚུལ་དང་རང་གི་རྨི་ལམ་འོད་གསལ་དག་པའི་སྣང་ཚུལ་དག་གང་ཤར་དུ་དབྱིན་ཡུལ་བྷན་གོར་ཨེ་ཝྃ་དྲན་སྒོམ་སློབ་གྲྭའི་དམ་ཆོས་བྲོ་ར་ནས་ཤྲྰིས་དྲན་པ་བཞིན་གསོལ་བ་འདེབས་པར་དགེའོ།། །།