ཀྱེ་མ་ཧོ།
ནམ་གསལ་ཆའི་ཐོ་རངས་དང་པོ་ལ།།
མཚན་རྨི་ལམ་ནག་པོ་འདི་ལྟར་བྱུང་།།
བུ་ཡིད་ཆེས་འཁན་ལ་བརྡ་ཞིག་བསྟན།།
རྐྱེན་བར་ཆད་མེད་པའི་སྨོན་ལམ་ཡོད།།
༼༡༽
གངས་དཀར་པོ་ཁྲག་ནག་ཆར་པས་གཡོགས།།
གནམ་ཉི་ཟླ་གཟའ་ཡིས་བཟུང་བ་རྨིས།།
ལས་རྟེན་འབྲེལ་བདེན་པ་བརྡར་བའི་ཚེ།།
དཔལ་ལྷ་ལོས་སྒྲོན་མེ་མཆོད་པར་རྨིས།།
༼༢༽
བོད་འཛམ་གླིང་སྙིང་གི་ནོར་བུ་ལ།།
བཙན་དམར་པོས་གྲིབ་ནག་ཕོག་པར་རྨིས།།
སྤྲིན་མུན་ནག་འཁྲིགས་པའི་བར་སེངས་ནས།།
ངུ་ཅོ་དུར་རི་ལུང་བཀངས་སྣང་འཆར།།
༼༣༽
སད་འཇམ་པའི་རྨི་ལམ་དེ་སོགས་དང་།།
མི་སྤྲེལ་གདོང་རྔ་མ་གྲུ་གང་ཙམ།།
ཁ་སྣ་ཐ་དྲི་ངན་ཐུལ་བ་ཞིག།
རྗེ་བླ་མའི་གདན་ས་རབ་ཏུ་རྔམས།།
༼༤༽
ཁོག་ནག་པོ་ཁ་ཡག་གཡོ་སྒྱུ་མཐོང་།།
གོས་སྔོན་པོས་མཁར་རྔ་དོང་དུ་ལྷུང་།།
ཁྲག་དམར་པོ་རྒྱ་མཚོ་དཀྱིལ་དུ་གཏོར།།
བོད་ནང་བསྟན་རྗེ་དམངས་ཐུར་ཏུ་ཕྱོགས།།
༼༥༽
གྷེ་སྲོལ་ངན་རྒྱུན་འབྱམས་གདན་ས་ཁྱབ།།
གངས་ཏི་སེའི་ནབས་གཟན་ཐལ་བས་གང་།།
ཆབ་གཙང་པོའི་སྲོག་རྩ་དུམ་བུར་བཅད།།
དུག་རྫས་རིགས་བསིལ་ལྗོངས་ལུང་པར་བསྐང་།།
༼༦༽
གཟི་གང་ཆེན་མེ་འབར་ནང་དུ་བཞུས།།
རྡོ་ཁྲ་རིས་སེངྒེའི་ཁྲི་ཁར་མཆོད།།
ཆོས་འཇིག་རྟེན་མི་ཤེས་བླུན་པོ་འགས།།
གནས་འཕགས་ཡུལ་མཆོད་རྟེན་བཤིག་པ་རྨིས།།
༼༧༽
ཤར་དྭངས་གསལ་ཡིད་བཞིན་ནོར་བུ་ལ།།
ཧོར་རྐུན་ཇག་དམག་དཔུང་བགོ་བའི་ཚེ།།
ཕ་རྒྱ་ཚས་རལ་གྲི་ཐེངས་གཅིག་གིས།།
འདྲེ་སྡིག་པ་ར་ཙའི་སྲོག་སྙིང་འཕྲོག།
༼༨༽
ཕྱི་འབྱུང་བཞི་དགྲ་བགེགས་བར་སྣང་འཁྲུགས།།
ནང་དུག་ལྔའི་རྟོག་པའི་མགོ་འཕང་མཐོ།།
དོན་རིས་ཅན་གདོན་གཟུགས་ཚན་ཁ་དར།།
བུ་སྐལ་བཟང་སྤྱན་ཟུང་རྡུལ་ཕྲན་ཐོར།།
༼༩༽
ལྷོ་མུན་ནག་ཀློང་ནས་མོ་ཚོགས་རྒྱུགས།།
བྱང་སངས་སྐར་འདར་སིག་ཤོར་བའི་ཚེ།།
དུས་སྐར་མདའ་ས་ལ་ལྷུང་བའི་མོད།།
མ་བྱམས་ཆེན་མཆི་མས་གནངས་བར་རྨིས།།
མགོན་ཨོ་རྒྱན་རྗེ་ལ་གསོལ་འདེབས་གཅིག།
མ་རྗེ་བཙུན་སྒྲོལ་མའི་གཡང་སྒྲུབ་གཉིས།།
གླིང་གེ་སར་རྒྱལ་པོར་བསངས་མཆོད་གསུམ།།
རྐྱེན་ཀུན་སེལ་ཡིད་བཞིན་ནོར་བུ་མཚུངས།།
ཞེས་རབ་གནས་འབྱུང་བ་བཞི་ལྡན་ས་ཁྱི་ལོའི་སྨིན་དྲུག་ཟླ་བའི་ཡར་ངོའི་སྟོང་བ་གསུམ་པར་དབྱིན་ཡུལ་དུ་གནམ་གྲུ་ནང་གི་རྨིས་བལྟས་ངན་པ་དག་ཚིག་བཅད་དུ་ཁྲོཾ་ཁུག་ཀའི་ཚོང་སྟེགས་༣༣ཧྥུའི་དེ་ཉིད་དུ་རྨི་ལམ་དབང་ཕྱུག་གམ་ཨེ་མ་ཧོས་བགྱིས་པར་དགེའོ།།།།