བསེ་རུ།
ང་རང་གཉིད་ལ་ཡུར་བའི་དུས་ཚོད་ནི་མཚན་མོའི་ཆུ་ཚོད་བཅུ་པ་ཙམ་ཡིན། ང་རང་གཉིད་སད་དུས་ཆུ་ཚོད་ལ་ལྟ་སྐབས་ཉིན་དགུང་གི་ཆུ་ཚོད་བཅུ་པ་ཟིན་ཡོང་གི་འདུག མདོར་ན་མདང་དགོང་ང་ཆུ་ཚོད་ག་ཚོད་གཉིད་ཁུག་པ་རེད་དམ། བསམ་བློ་ཞིབ་པར་གཏོང་སྐབས་ང་རང་ལ་རྨི་ལམ་ཡུན་རིང་རྨིས་པས་འདི་ལྟར་གཉིད་ཁུག་པ་རེད། བོད་པའི་གཏམ་དཔེར། གཉིད་མང་ན་རྨི་ལམ་མང་། ཞེས་པ་ལྟར་ང་ལ་ཡང་རྨི་ལམ་མང་པོ་བཏང་བྱུང་། ང་རང་དྲན་པའི་རྨི་ལམ་གཅིག་ནི་འདི་ལྟར། གཉའ་ཁྲི་བཙན་པོ་མ་བྱོན་པའི་སྔ་རོལ་གྱི་བོད་ཀྱི་རྒྱལ་པོ་ཞིག་གིས་རང་ཉིད་ཀྱི་རྒྱལ་གཞིས་མངའ་ཐང་ཐབས་ཀྱིས་སྐྱོང་གིན་དུས་འདའ་བཞིན་ཡོད་པ་རྨིས་ཤིང་། རྒྱལ་པོ་དེ་ནི་གཉའ་ཁྲི་བཙན་པོ་མ་བྱོན་གོང་གི་རྒྱལ་པོ་སྤྲེལ་བྲག་ཟེར་བ་དེ་རེད་འདུག
ཉིན་ཞིག་རྒྱལ་པོའི་བསམ་པར་ད་ངའི་རྒྱལ་ཁོངས་ཀྱི་ས་མཐའ་དེ་ཚོར་དལ་བུར་སྐོར་བསྐྱོད་ཐེངས་ཤིག་བྱས་ནས་འབངས་མི་སེར་ཚོའི་གནས་སྟངས་གང་འདྲ་ཡོད་མེད་ལྟ་དགོས་སྙམ་པ་ལྟར། བློན་པོ་གཅིག་གྲོགས་སུ་བཀུག་སྟེ་ཕོ་བྲང་ནས་རིམ་པར་གྲོང་དང་གྲོང་བརྡལ་འགྲིམ་བཞིན་བསྐྱོད། ཉིན་གཅིག་རིང་གོམ་པ་སྤོས་ནས་དུད་ཁྱིམ་རེ་རེའི་གནས་སྟངས་རྒྱུས་ལོན་གནང་སྟེ་གཡས་གཡོན་ཆ་ཚང་བསྐོར་ནས་དགོང་དྲོ་ཕྱིར་ལོག་ཐུབ་ཙམ་བྱུང་། རྒྱལ་པོ་རྒྱལ་ཁང་དུ་འབྱོར་རྗེས། རྒྱལ་པོའི་ཞབས་ལ་ན་ཟུག་གིས་ཁེངས་པ་མ་ཟད། ཞབས་ཀྱི་གཡས་གཡོན་གང་སར་ཚེར་མ་ཟུག་སྟེ་རྐང་པ་ས་ལ་འཛུགས་མི་ཐུབ་པའི་གནས་སུ་གྱར་ཏེ་ན་ཟུག་གིས་སྡུག་སྐད་ཀྱང་ཤོར། རྒྱལ་པོའི་མི་ཚེའི་ནང་གི་དཀའ་སྡུག་ཆེ་ཤོས་ཀྱི་ཉིན་མོ་དེ་ནི་རྐང་པར་ཚེར་མ་ཟུག་པ་སོགས་ཀྱི་ན་ཟུག་གིས་མནར་བའི་ཉིན་དེ་རང་ཆགས་ཡོད་པ་རེད། དེར་བརྟེན། རྒྱལ་པོས་བློན་པོ་ནང་དུ་བཀུག་སྟེ། བཀའ་ཕབ་དོན།”དེ་རིང་འགྲོ་སའི་གྲོང་དང་གྲོང་བརྡལ་གྱི་ལམ་བུ་ཡོད་ཚད་ལ་ཀོ་བ་གཡོགས་དགོས། གཡག་རོག་ཁྲི་གཅིག་ལྷག་གི་པགས་པ་དགོས་ནའང་ཐེ་ཚོམ་མེད་པར་ཉོས་ཤིག”ཅེས་བཀའ་ཕབ། དེར་བློན་པོ་ཧང་སངས་ཧོན་ཐོར་ཏེ་ཅི་བྱ་གཏོལ་མེད་དུ་གྱུར། རྒྱལ་པོར་མིག་ཧུར་རེར་བལྟས་ཏེ་ལྷག རྒྱལ་པོས་ཡང་”འདི་ང་རྒྱལ་པོའི་བཀའ་རེད། དེ་རིང་ནས་བརྩིས་པའི་ཉིན་གསུམ་ནང་བཏིངས་ཚར་དགོས་པ་རེད་ད་”ཞེས་བཀའ་ཕབ། བློན་པོོའི་བསམ་པར། གཡག་རོག་ཁྲི་གཅིག་ལྷག་གི་པགས་པ་གང་ནས་ཉོ་དགོས་སམ། དེ་ཉོ་བའི་དངུལ་གང་ནས་རེག་གི་རེད་དམ། ཅི་སྟེ་རེག་པའི་དབང་དུ་བཏང་ནའང་མི་མང་གི་ལག་ནས་ཁྲལ་དང་འུལ་ལག་བསྡུ་དགོས་རེད། མི་མང་ཚོ་ཡང་མྱངས་ཀྱི་རེད་བསམ་སྟེ། ཐབས་བྱུས་ཤིག་རྙེད་པ་རེད། ཁོས་རྒྱལ་པོར་ཞུས་དོན། “ཀྱེ་རྒྱལ་པོ་རིན་པོ་ཆེ། ལམ་ཡོད་ཚད་ལ་ཀོ་བ་བཏིངས་ན་དངུལ་འཕྲོ་བརླག་བཏང་བ་མ་རེད་དམ།”ཞེས་བཤད་པས་རྒྱལ་པོ་རབ་ཏུ་ཁྲོས་ཤིང་གདོང་ཡང་དམར་པོ་གྱུར་ཏེ་ལྷག། རྒྱལ་པོས་”དོན་ཆེན་དེ་གང་ལྟར་ཁྱེད་ཀྱིས་བསྒྲུབ་དགོས་རེད། མ་བསྒྲུབས་ན་སྲོག་མགོ་ཐོན་གྱི་མ་རེད་ད།”ཞེས་བཀའ་ཕབ་སྟབས། བློན་པོས་རྒྱལ་པོར་གང་མགྱོགས་རྒྱུ་སྤུས་ལེགས་ལ་ཆེས་ཡིད་དུ་འོང་བའི་ཀོ་ལྷམ་ཡུ་རིང་ཆ་གཅིག་བཟོས་ཏེ་ཕུལ་བ་རེད། རྒྱལ་པོས་ལྷམ་དེར་གཟིགས་བཞིན་པའི་ངང་”ཁོ་རེ། ལྷམ་འདི་ཡག་པོ་འདུག ཡིན་ནའང་། ལམ་ཆ་ཚང་ལ་ཀོ་བ་གཡོགས་ཚར་སོང་ངམ། “ཞེས་བཤད་པས། བློན་པོས་གད་མོ་དགོད་བཞིན། “རྒྱལ་པོ་རིན་པོ་ཆེ། ལྷམ་འདི་སྟེང་ལྷ་ཡུལ་ནས་དཀོན་མཆོག་གིས་གནང་བའི་ལྷམ་ཞིག་ཡིན་པས། ཁྱེད་རང་ལྷམ་དེ་མཆོད་ནས་ལོ་ངོ་གཅིག་གོམ་པ་བསྐྱོན་ཏེ་ཕེབས་ནའང་། ལམ་ཆ་ཚང་ཀོ་བས་གཡོགས་པ་ལས་ཕན་ཐོགས་ཆེ་གི་རེད། “ཅེས་བཤད་པས། རྒྱལ་པོ་ཡིད་མ་ཆེས་པར་ཞབས་ལྷམ་ལ་ཕྱག་འཆང་ཙམ་འཆང་ཙམ་གནང་། ཞབས་ལ་ཡང་གཟིགས་ཙམ་གཟིགས་ཙམ་གནང་། ཡ་མཚན་དང་དགའ་སྣང་ཆེ་མདོག་ངང་གནས་སྟབས། བློན་པོ་ཟུར་དེར་ཁོང་དགོད་ཤོར་བཞིན་སེམས་པ་ལྷོད་ལྷོད་ངང་གནས། རྒྱལ་པོས། “སང་ཉིན་ནས་ངེད་གཉིས་སྔོན་ལ་བདུན་ཕྲག་གཅིག་གི་ས་ཐག་བར་གྱི་འབངས་མི་སེར་ཚོར་ལྟ་བར་འགྲོ། དགོས་མཁོ་རྣམས་གྲ་སྒྲིག་བྱོས།”ཞེས་བཤད།
དེའི་སང་ཉིན་ནས་རྒྱལ་བློན་ལྷན་ཅིག་ཏུ་རིམ་པར་བསྐྱོད་སྐབས་སྔར་གྱི་ཚེར་མ་ཟུག་སའི་ས་ཆ་དེ་ག་རང་བརྒྱུད་ནས་བསྐྱོད་ཀྱང་ཉིན་གཅིག་ནང་ཚེར་མ་རྐང་གཅིག་ཀྱང་མ་ཟུགས་སྟབས། རྒྱལ་པོ་མགུ་ཐག་ཆོད་ནས་མ་ཞབས་ལྷམ་ལ་གཟིགས་ཙམ་གཟིགས་ཙམ་དང་། དགོད་ཙམ་དགོད་ཙམ། འཕུར་ཙམ་འཕུར་གནང་གིན་”ད་ངེད་གཉིས་ལོ་གཅིག་ཧྲིལ་པོ་ང་ཚོའི་རྒྱལ་ཁོངས་ཀྱི་འབངས་མི་སེར་གྱི་བདེ་སྡུག་ལ་ལྟ་བར་འགྲོ”ཞེས་བཤད་དེ་རྒྱལ་པོས་འབངས་མི་སེར་གྱི་བདེ་སྡུག་ཡོད་ཚད་སྤྱན་གྱིས་གཟིགས། སྙན་གྱིས་གསན། ཐུགས་ཀྱིས་མཁྱེན་ཏེ་རྒྱལ་འབངས་ལ་སྔར་ལས་བདེ་བར་འཁོད་ཐབས་ཀྱི་ཐུགས་རྒྱ་བསྐྱེད་དེ། དེའི་ཕྱི་ལོ་ནས་བློན་པོ་ཚོ་དང་ལྷན་དུ་ཡང་དང་ཡང་དུ་བཀའ་གྲོས་མཛད་ནས་རྒྱལ་འབངས་བདེ་སྐྱིད་དཔལ་ལ་རོལ་ཐུབ་ཆེད་འདི་དང་དེ་བྱེད་དགོས་ཞེས་བཀའ་ཕབ། ཁྲིམས་བཅས། ཕོ་ཉ་མངགས་པ་སོགས་གནང་སྟེ་འབངས་མི་སེར་ཀུན་གྱི་བདེ་སྡུག་ལ་ཐུགས་བསམ་ནན་ཏན་བཞེས་མཁན་གྱི་ཆོས་ལྡན་གྱི་རྒྱལ་པོ་ཞིག་ཏུ་གྱུར་པ་རེད།
དེའི་རྗེས་ལོ་མང་པོ་ཞིག་གི་རྗེས་རྒྱལ་པོ་དེའི་བློན་པོ་དེ་རྒྱལ་སྲས་ཆེན་པོ་ཞི་བ་ལྷར་སྐུ་སྐྱེ་བཞེས་ཏེ། ཁོང་གིས་སྤྱོད་འཇུག་བརྩམས་པའི་སྐབས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ། ས་སྟེང་འདི་དག་ཀོས་གཡོག་ཏུ།། དེ་སྙེད་ཀོ་བས་ག་ལ་ལང་།། ལྷམ་མཐིལ་ཙམ་གྱིས་ཀོ་བས་ནི།། ས་སྟེང་ཐམས་ཅད་གཡོགས་དང་མཚུངས།། ཞེས་གསུངས་པའི་སྐོར་རྨིས་པའི་དུས་དེར་ང་རང་གཉིད་ལས་སད། མིག་ཕུར་ཙམ་ཕུར་ཙམ་བྱས་ཏེ་གཡས་གཡོན་ལྟ་སྐབས། ངའི་ཁང་པའི་རྩིག་སྟེང་དུ་གོང་གི་ཚིགས་བཅད་དེ་བཀལ་ཡོད་པ་དེ་ཡང་མཇལ། དེ་སྔོན་སྤྱོད་འཇུག་དཔེ་ཁྲིད་ཞུ་སྐབས། ཚིགས་བཅད་དེ་བློ་ལ་ཧ་ཅང་འཐད་ཅིང་། ཡིད་ལ་བདེ་བླག་ངང་འཇགས་པས་ངས་ཡིག་གཟུགས་ལེགས་པོས་བྲིས་ཤིང་། རྩིག་གྱང་དེར་སྦྱར་བ་དེ་དྲན། ཡང་ང་རང་མལ་དུ་ཉལ་ནས་རྨི་ལམ་གཞན་ཞིག་ལ་རེ་སྒུག་བྱེད་འདོད་བྱུང་། ཀློག་པ་པོ་ལགས། རྨི་ལམ་གཞན་དེ་རྨིས་རྗེས་ངས་ཁྱེད་རང་རྣམས་ལ་རྨི་ལམ་གང་བཏང་བ་དེ་རིམ་པར་ཞུས་ཆོག བཞུགས་ཨང་། ད་ང་གཉིད་ཉལ་གྱི་ཡིན། དགོངས་པ་གནང་རོགས། །
རེད་རེད་ཁྱོད་ཀྱི་གཉིད་ཐེངས་གཉིས་པ་དེ་བོད་རྒྱལ་སྲོང་བཙན་སྒམ་པོར་རྒྱ་མོ་ཞིག་དང་བལ་མོ་ཞིག་ཁྲིད་ནས་སྐུ་གསུང་ཐུགས་རྟེན་བཞེངས་བཞིན་པ་རྨི་ལམ་དུ་བཏང་ཚོད་རེད།
མུ་མཐུད་རྨི་ལམ་ལེགས་པོ་ཡོང་རེ་བ་ཡོད
རྨི་ལམ་གྱི་མི་སྣའི་གཟུགས་བརྙན་དེ་ལས་གསལ་ཙམ་དང་ཁོར་ཡུག་ཀྱང་ཕྲན་བུའི་ཞིབ་ཚགས་ན། ཀློག་པ་པོ་ཡང་དངོས་སུ་རྨི་ལམ་དུ་འཁྲིད་ནུས་པས་མུ་མཐུད་རྨི་ལམ་རྨིས་ལ། སྒྱུ་རྩལ་གྱི་རྟ་ཕོས་ཆེས་ཡངས་པའི་རྩོམ་རིག་གི་འཇིག་རྟེན་དུ་རྨི་ལམ་གཞན་དང་གཞན་རྨི་བར་འཁྲིད་པར་སྨོན་་་་་་
རྨྱི་ལམ་ལ་ཡིད་ཆེ་མེད་པས། ཀློག་མེད། ད་དུང་གཏམ་དཔེ་འདི་ཡང་སེམས་ལ་ཤར་སོང་།
ནམ་རིང་བོའི་རྨྱི་ལམ་རྫུན་མ་རེད།
ཆུ་རྡོ་ཐོག་བཏང་བ་བརླ་ཐོག་རེད།
རྨི་ལམ་རང་རེད
བཅོས་མ་འདྲའོ་འདུག