ཀླུ་སྨྱོན།
ཡི་གེ་གྱེན་དུ་གཤར།
མཇུག་རྫོགས་ཞེས་པའི་ཡི་གེ་ཆེན་པོ་ཞིག་ཤར།
རྦ་རླབས་ཀྱི་གཟེགས་མས་ཁོའི་ངོ་གདོང་བརླན།
བུ་མོ་དེ་རྒྱ་མཚོའི་ནང་དུ་མཆོངས།
ཁོས་མིག་ཟུང་བཙུམས་ནས་ལག་པ་མོའི་ཕྱོགས་སུ་བསྲིངས།
མོ་མཚོ་འགྲམ་གྱི་བྲག་རྡོ་ཆེན་པོ་ཞིག་གི་སྟེང་དུ་འགྲེངས་ཡོད།
ཁོ་སྐྲ་ལོ་རླུང་གིས་སྐྱོད་བཞིན་སྒོའི་ཕྱི་རོལ་ཏུ་བརྒྱུགས།
སྐུད་སྣེ་གཞན་དེ་ནས་བུ་མོ་དེས་མོ་ཡོད་སའི་ས་ཆ་དེ་བརྗོད།
ཁོས་གཉིད་མ་སད་ཀྱི་ངང་ཁ་པར་གྱི་སྒོ་ཕྱེས།
མོ་མཐོ་རུ་འཕུར་ཏེ་མཐར་སྐར་མ་ཆུང་ཆུང་ཞིག་ཏུ་གྱུར་ནས་འོད་དུ་ཡལ།
ཁོས་ལག་ཟུང་ནམ་མཁར་བསྲིངས་ཀྱང་རེ་བ་སྟོང་ཟད་དུ་གྱུར།
མོས་མཆི་མ་དྲག་ཏུ་སྙིལ་ཞོར་ག་ལེར་ནམ་མཁར་འཕགས།
ཁོས་ཆགས་གདུང་དང་དྲན་གདུང་འདྲེས་མའི་ཚོར་བའི་ཀློང་ནས་མོ་ལ་འོ་དྲག་ཏུ་བསྐྱལ།
ཁོ་གཉིས་ཤིང་ནགས་སྟུག་པོ་ཞིག་གསེབ་ནས་མཉམ་དུ་འཛོམས།
དྲང་སྲོང་དེས་ཁོ་ལ་ལྷ་མོ་ཚོས་ཁྲུས་བྱེད་སའི་རྫིང་བུ་དེ་ཡོད་ས་བསྟན།
རི་མཐོན་པོ་ཞིག་གི་རྩེ་རུ་ཁོ་དྲང་སྲོང་སྨ་ར་ཡོངས་རྫོགས་དཀར་པོ་ཅན་ཞིག་ལ་འཕྲད།
ཁོས་བརྩེ་དུང་གི་ཆེད་དུ་རྒྱལ་སྲིད་བློས་བཏང་ནས་རི་ཀླུང་ཉུལ་ཏེ་ཁོ་མོ་བཙལ།
མོས་དབུ་རྒྱན་དྲང་སྲོང་ཕྱག་ནས་བླངས་ཏེ་མགོར་གྱོན་པའི་སྐད་ཅིག་མར་ནམ་མཁར་འཕུར།
དྲང་སྲོང་གིས་བརྩེ་བ་ཆེན་པོས་མོ་ལ་སྣེ་ལེན་དང་སེམས་གཙོ་མཛད།
བཀྲེས་ལྟོགས་དང་འཇིགས་སྐྲག་གིས་གཟིར་པའི་མོ་རང་མཐའ་མར་དྲང་སྲོང་གི་བསྟི་གནས་སུ་བསླེབས།
མོས་མུན་ནག་གི་ཁྲོད་དུ་ཕོ་བྲང་བསྐྱུར་ཏེ་ནགས་ཀློང་དུ་བྲོལ་བྱོལ་དུ་བསྐྱོད།
གཤེད་མ་ཚོའི་རལ་གྲིའི་དངོ་ལས་ཁྲག་གིས་ཚོས་པའི་འོད་མདངས་དགུང་དུ་འཁྱུག
བདུད་མོ་དང་མོའི་ཕྱོགས་གཏོགས་ཚོས་མོ་རང་གསོད་རྒྱུའི་མནའ་གན་བཞག།
རྒྱལ་པོ་ཆེས་ཐག་རིང་གི་ཡུལ་དུ་ཡོད་པར་གྲགས་པའི་གཡུལ་སར་ཕེབས།
ཡིད་འཕྲོག་དང་རྒྱལ་པོ་གཉིས་ཀྱི་བརྩེ་དུང་འོ་ཆུ་བཞིན་འདྲེས་པར་གྱུར།
་་་ ་་་
གློག་བརྙན་འདིའི་མིང་ལ་ཅི་ཟེར། ལྟ་འདོད་ཤར་བྱུང་།
རྨི་ལམ་ཞིག་བྲིས་པ་ཡིན། ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོད་ལྷ་མོའི་རྣམ་ཐར་འདྲ་བོ་འདུག
བསྔགས་བརྗོད་ལེགས་པར་བྲིས་ཤིང་། མདོ་སྨད་ཀྱི་ཁ་སྐད་ཆེར་མེད་པས་ཀློག་བདེ།
རྦ་རླབས་ཀྱི་གཟེགས་མས་ཁོའི་ངོ་གདོང་བརླན།
རྦ་རླབས་ཞེས་པ་ལ་སོགས་པ་ད་སྔོན་འཇུག་དེ་ཉིད་ར་དང་ལ་དང་ས་ལ་འགྱུར་ཚུལ་གླེང་བར་སྤྲོ། དབའ་རླབས་ཞེས་པ་རྦ་རླབས་ལ་གྱུར། སྐྱེས་དགུ་ཞེས་པ་སྐྱེ་རྒུ་ལ་གྱུར། འདོད་དགུ་ཞེས་པ་འདོད་རྒུ་ལ་གྱུར། དབུ་བ་ཞེས་པ་ལྦུ་བ་ཞེས་པ་ལ་གྱུར། དཀྱིལ་ཀྲུང་ཞེས་པ་ལ་སྐྱིལ་ཀྲུང་ཞེས་པ་ལ་གྱུར། དེ་དག་ལ་སོགས་པ་བཀའ་འགྱུར་གྱི་དཔེ་ཆ་རྣམས་ན་་སྔ་མ་དེ་དག་མང་ཆེ་བ་དང་། ཕྱི་མ་རྣམས་ཉུང་བར་སྣང་། འོན་ཀྱང་ཕྱིས་ཀྱི་ཡིག་མཁན་ཞིག་གིས་སྤར་ཞེས་པ་དག་པ་དེ། དཔར་ཞེས་པ་མ་དག་བྲིས་པ་རྒྱུན་འབྱམས་སུ་སོང་བ་ཡང་ཡོད། བདག་གིས་སེམས་ལ། སྨིག་རྒྱུ་ཞེས་པའི་སྨིག་དང་། དམིགས། ཞེས་པའི་སྒྲ་ལ་གོ་དོན་གཅིག་པ་ཡོད་པ་འཆར་རོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་ལ་དྭགས་ཀྱི་ཁ་སྐད་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་བཀའ་བསྟན་འགྱུར་ལ་སྐྱབས་བཅོལ་བཞིན་འདུག་ནའང་། སྐད་ཡིག་ནི་དུས་ནས་དུས་སུ་འགྱུར་བའི་ཆོས་ཉིད་དེ་མ་རྟོགས་པ་འདྲ། དག་མ་དག་ནི་ད་ལྟའི་གནས་ཚུལ་ཡིན་དུས་ད་ལྟ་བར་བསྟུན་དགོས། གནའ་སྔ་མོའི་སྐད་ཡིག་དུས་དབང་གིས་འགྱུར་ཟིན་ལ། ད་ལྟའི་སྐད་ཡིག་ཀྱང་མ་འོངས་པར་སོར་གནས་མི་ཐུབ་པར་འགྱུར་བའི་ཆོས་ཅན་ཡིན། འདི་ནི་ང་ཚོ་བོད་ཀྱི་སྐད་ཡིག་གཅིག་པུ་མིན་པར་འཛམ་གླིང་འདིའི་སྒང་ཡོད་པའི་སྐད་ཡིག་ཚང་མའི་ཆོས་ཉིད་ཡིན་ནོ།།
ཡར་ཁམས་ཁྲི་རྒྱལ་ལེགས། ཁ་སྐད་འགྱུར་བ་བདེན། འོན་ཀྱང་རང་རེས་གང་འབྱུང་མང་དུ་འབྱུང་འགྱུར་དུ་མ་བཅུག་པར་ཆོས་སྐད་དུ་གྲགས་པ་འདི་གཞིར་བཟུང་ནས་འགྲོ་དགོས། དེ་ལྟར་བྱེད་པ་ལ་དགོས་པ་ཆེན་པོ་གཉིས་འདུག
དང་པོ། བོད་ཡུལ་གྱི་ཡིག་སྐད་དུམ་བུ་དུམ་བུར་མ་ཆགས་པར་ཡིག་སྐད་ཀྱི་སྒོ་ནས་བོད་ཆེན་པོ་གཅིག་སྒྲིལ་འབྱུང་། དཔེར་ན། ཨིན་སྐད་དུ་སྒྲ་གསར་པ་ཞིག་སྐྲུན་དགོས་ན། རྒྱལ་ཁབ་མང་པོའི་མིས་གོ་རྟོགས་ཕྱིར་དུ། གི་རིཀ་ཞེས་པ་དང་། ལ་ཊིན་ཞེས་པའི་སྐད་རྙིང་དག་བཀོལ་བ་དང་། རྒྱ་གར་ཧིནད་སྐད་དུ་ཡང་སྒྲ་གསར་པ་ཞིག་བཟོ་བ་ན། རྒྱ་གར་ཡོངས་ཀྱི་མི་མང་པོས་ཤེས་ཕྱིར་ལེགས་སྦྱར་བཀོལ་བ་ལྟར། རང་རེ་བོད་ཀྱིས་ལུང་སྐད་ཀྱི་སྒྲ་མ་ཡིན་པར་བོད་ཡོངས་གྲགས་སྒྲ་བཀོལ་དགོས་པར་མཐོང་།
གཉིས་པ། རྒྱ་གར་དང་བོད་རང་དུ་བའི་རིག་གནས་རྒྱ་མཚོ་ལྟ་བུ་ཛམ་གླིང་ན་རིན་ཐང་ཆེ་བ་དེ་ཀུན་ད་ལྟའི་བོད་ཀྱི་ཡིག་སྐད་དུ་ཡོད་པ་རྣམས་ཚེགས་ཆུང་ངུས་གོ་ཐུབ་པ་དེ་ཡིན།
གལ་ཏེ་བོད་སྐད་དུམ་བུ་དུམ་བུར་ཆགས་པ་ལ་དགའ་བ་ཡོད་པ་དང་། རྩད་ཆེ་བའི་བོད་ཀྱི་རིག་གཞུང་དེ་ཀུན་མི་དགོས་ན། ལུང་སྐད་སོ་སོ་བཞིན་གང་འབྱུང་མང་འབྱུང་བཀོལ་ཆོག་པ་ཡིན་ནོ།།
བོད་རང་དུ་བའི་རིག་ཅེས་པར། བོད་རང་དུ་བྱུང་བའི་རིག་ཅེས་བཅོས་སོ།
ཡིད་འཕྲོག་སྙན་ངག་ཅིག་རེད་ལགས།