ཨེ་མ་ཧོ།
མགྲོན་ཁང་བཟང་པོ་སྐར་མ་ལྔའི་ནང་།།
སྦྱིན་བདག་བཟང་པོ་གསེར་མདོག་ལྕང་ལོ་པས།།
མཐུན་རྐྱེན་བཟང་པོ་གནང་བར་ལོངས་སྤྱོད་ངང་།།
རྨི་ལམ་བཟང་པོ་ཐོ་རངས་སྐབས་སུ་རྨིས།།
གངས་རི་དཀར་པོ་དུང་མདོག་ཟླ་འོད་མཛེས།།
གངས་སེང་གཡུ་རལ་མ་ཉམས་ངར་སྐད་སྒྲོག །
གངས་ཅན་སྣོད་བཅུད་བཀྲ་མདངས་གཟི་དཔལ་རྒྱས།།
གངས་ལྗོངས་བདག་པོས་ཆོས་འཁོར་བསྐོར་བ་རྨིས།།
རང་བཙན་དག་མའི་རྒྱལ་ཁ་ཐོབ་པར་རྨིས།།
རང་ལུགས་གཙང་མའི་བསྟན་སྲིད་ཟིན་པ་རྨིས།།
རང་ཡུལ་བདེ་བའི་དགའ་སྟོན་ཚེས་པར་རྨིས།།
རང་གི་རྨི་ལམ་ཡིན་པར་མ་ཤེས་ནས།།
བླ་མ་དགྱེས་པའི་ཞལ་ལ་བལྟ་བཞིན་དུ།།
དམ་ཆོས་བདུད་རྩིའི་མྱོང་མ་རོལ་བཞིན་དུ།།
དགེ་འདུན་འདུས་པའི་གྲལ་ལ་མཆིས་བཞིན་དུ།།
བཟང་སྤྱོད་སྨོན་ལམ་འདོན་བཞིན་གཉིད་ལས་སད།།
ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་།།
ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད།།
བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་།།
བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི།།
ཞེས་པ་རབ་རྒྱན་ཤིང་རྟའི་མགོ་ཟླའི་དགའ་བ་དང་པོར་རྩོམ་མཇུག་གི་བཟང་སྤྱོད་ཀྱི་ཤྭ་ལོ་གཅིག་བཅས་རྨི་ལམ་ལས་འདོན་བཞིན་སད་པས་རྟེན་འབྲེལ་གཡང་འབོད་ཀྱི་ཚུལ་དུ་ཚལ་ཡེལ་ཉི་མ་ལྷ་ཡི་མགྲོན་ཁང་ནས་ཨེ་མ་ཧོས་གང་དྲན་ཚིགས་སུ་བཅད་པར་དགེའོ།།
མགྲོན་ཁང་བཟང་པོ་སྐར་མ་ལྔ་ལྡན་ནང་སྦྱིན་བདག་ཆེན་པོའི་མཐུན་རྐྱེན་བཟང་པོའི་འོག་མཐུན་རྐྱེན་བཟང་བས་བག་མེད་ལོངས་སྤྱོད་བྱས་རྨིས་ལམ་ནང་དུ་ལས་འབྲས་རྗེས་པ་རྨིས་