ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
༢༠༡༣ཕྱི་ཟླ་༦་ཚེས་༡༤ ཉིན་”རྩོམ་རིག་གི་འབུམ་རམས་པ”ཡི་གོ་འཕང་ལ་འཕགས་པའི་སྐྱེས་བུ་ཞིག་གི་འཕྲིན་བཟང་ཐོས། དེ་ནི་བདག་ལ་མཚོན་ན་མི་ལ་རྒྱལ་མཚན་ཤེས་རབ་ཀྱིས་རང་ལ་བུ་ཞིག་སྐྱེས་པ་ཐོས་ནས’ཐོས་པ་དགའ’ཞེས་བཏགས་པ་ལྟར་གྱི་སྤྲོ་སྣང་དང་སྤོབས་པ་སྐྱེ་བ་ཞིག་གོ།
ཁོང་སུ་ཡིན་ནམ། ཁོང་དང་ང་ལ་འབྲེལ་བ་ཅི་ཞིག་ཡོད་དམ། ཅིའི་ཕྱིར་ང་ཚོ་སྤོབས་པ་སྐྱེ་འོས་སམ། ཁྱེད་ཅག་གིས་འདི་དག་ཤེས་ན་ལོས་འདོད། མ་མཐར་ཡང་མིང་ཙམ་ཅིས་ཀྱང་ཤེས་འོས།
དེས་ན་ངས་ཁྱོད་ཚོར་ང་ཚོའི་ཐོག་མའི་འབྲེལ་བ་ནས་འགོ་འཛུགས་ཆོག། འདི་ནི་དངོས་སྒྲུང་ཞིག་ཡིན་པར་ཁྱོད་ཅིས་ཀྱང་རློམ་ཆོག
ཐོག་མའི་འབྲེལ་བ།
༡༩༨༨ལོར་རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་དུ་ང་བོད་དགེ་ཡིན་དུས་ངས་ཐོག་མར་ཁོ་མཐོང་། ཤ་མདངས་དྭངས་ཤིང་མཁུར་ཚོས་བྱུ་རུ་ལྟར་དམར་བ། འཇམ་ཞིང་འཁྱིལ་བའི་སྐྲ་ལོ་ཅུང་རིང་ཞིང་སྨིན་མ་སྟུག་པོའི་འོག་གི་མིག་ཟུང་ཁྲ་ཆིལ་ལེའི་ནང་ལ་སྤྱང་གྲུང་དང་ཀུ་རེའི་སྤྲོ་སྣང་གིས་ཁེངས་པ། རྩེད་དགོད་སྐབས་སུ་ཧབ་ཆ་ཐག་ཐག་རེ་བྱེད་པའི་ཞི་ལི་ཆུང་ཆུང་འདིར། ངས་དམར་ཆུང་བྱུ་རུ་ཞེས་བོས་མྱོང། ཡིན་ཡང་ང་སྐབས་དེར་ཁོའི་དགེ་རྒན་ངོ་མ་མིན་པས་དམར་ཆུང་བྱུ་རུའི་རིན་ཐང་སྐོར་ལ་ང་ད་དུང་ཆ་རྒྱུས་མེད།
སྐབས་དེར་བདག་གི་བློས་ཐུབ་གྲོགས་མཆོག་དམ་པ་མགོན་པོ་ཕྱག་གཉིས་པ་ཡང་སློབ་ཆེན་མཐར་ཕྱིན་ནས་དེ་རུ་དགེ་རྒན་ལ་ཕེབས་པས་ང་དང་དམར་ཆུང་བྱུ་རུའི་འབྲེལ་བ་ཇེ་ཉེར་གྱུར། དམར་ཆུང་བྱུ་རུ་ནི་ཁོང་གི་ཕ་སྤུན་ཆུང་བ་ཞིག་ཡིན། དེ་དུས་ངའི་སློབ་གྲོགས་དང་དགེ་གྲོགས་མང་ཤོས་ཆང་གྲོགས་ཡག་ཤོས་ཀྱང་ཡིན། སྐབས་དེ་ཙམ་ནས་གྲོགས་མཆོག་ངེད་གཉིས་ཉིན་ལྟར་ཟ་འཐུང་འགྲོ་འདུག་ཚང་མ་རྒྱུ་མ་སྦྲེལ་བ་ལྟར་ཆགས། གཟའ་སྤེན་པ་དང་ཉི་མ་ནི་ཆང་དང་སྙན་ངག གླུ་དབྱངས་བཅས་ཀྱི་དུས་སྟོན་ཞིག་དང་འདྲ། དུས་སྟོན་འདི་དག་གི་འགྲོ་དངུལ་ནི་ངེད་གཉིས་ཀྱིས་ཆག་ཡང་གིས་འཚོང་བཞིན་པའི་དཔེ་དེབ་རྩ་ཆེན་དག་གི་རིན་པ་རེད། དམར་ཆུང་བྱུ་རུ་ཡང་དུས་སྟོན་འདི་དག་སྐབས་ཕལ་ཆེར་མེད་དུས་མེད། སྐབས་རེར་ང་ཚོ་ལྷན་དུ་བྱུར་དམར་དང་བྱུར་དཀར་ལྟ་བུའི་ན་ཆུང་མ་རེ་ཡང་དུས་སྟོན་ལ་རོལ་གྱིན་ཡོད། དེ་ཚོ་ནི་དམར་ཆུང་བྱུ་རུའི་དམིགས་བསལ་འགུགས་ཤུགས་ཤིག་སྟེ་ཁོ་རང་དེ་དུས་ནས་ཞི་མོ་ཚོའི་རྨི་ལམ་ནང་གི་ལྷ་སྲས་ཤིག་ཡིན་པས་སོ།
ང་ཚོའི་གྲོགས་པོ་གང་མང་ཞིག་ངེད་གཉིས་ཀྱི་སྤྱོད་ཚུལ་འདིར་མཚར་སྣང་སྐྱེ་གིན་ཡོད། ལོས་ཡིན། དགེ་རྒན་ཞིག་གིས་རང་གི་དཔེ་དེབ་རྣམས་བཙོང་ནས་ཆང་སྟོན་བྱས་ན་དེ་ངོ་མ་ལུགས་དང་ག་ལ་མཐུན།
<གཡང་གི་གངས་རི་དཀར་པོ>དང། <ནམ་མཁའི་ལྷ་མོ> <བྱ་དེ་ཁྲུང་ཁྲུང་དཀར་མོ>དང། <དག་པ་གངས་རིའི་ཤེལ་ཆུ>སོགས་ནི་ངེད་གཉིས་ཆེས་དགའ་སའི་སྐབས་དེའི་གཞས་ཚིག་དག་ཡིན། ཆང་འཐུང་ཐེངས་རེར་གཞས་ཚིག་དེ་དག་ཐེངས་འགའ་རེར་ལེན་རྒྱུ་ནི་རང་བཞིན་གྱི་ལས་རིམ་གལ་ཆེན་ཞིག་ཆགས་ཡོད། དམར་ཆུང་བྱུ་རུ་ལ་རང་གི་སྐྱེ་གཟུགས་དང་ཧ་ཅང་དོ་མི་མཉམ་པའི་ཞན་ཆ་ཞིག་ཡོད་པ་ནི་སྐད་ངག་མེད་པ་དེའོ། ཡིན་ན་ཡང་ཁོ་ཀུ་རེ་རྩེད་མཚར་རིགས་ལ་བླ་ལྷག་གིས་སྤྲོ་སྣང་མཆིས་པས་ནམ་རྒྱུན་ངེད་གཉིས་མཉམ་དུ་གཞས་ཚིག་དེ་དག་ཨུ་ཚུགས་ཀྱིས་བཙིར་གྱིན་ཡོད། (དེང་སང་ད་དུང་དེ་བཞིན་ནོ།)
གསང་གཏམ་གླེང་བ།
སྐབས་ཤིག་ངའི་སེམས་ལ་ཤེས་བརྩོན་ཅན་གྱི་དམར་ཆུང་བྱུ་རུ་འདི་ས་འདིར་ལུས་སོང་ན་ཕངས་པ་ཨང། ཁོང་འཁྲིད་ཐུབ་ན་འདིའི་རིན་ཐང་མ་འོངས་པར་ངེད་གཉིས་ལས་འགོངས་སྲིད་སྙམ་པའི་ཚོར་སྣང་ཞིག་ཡང་ཡང་བྱུང། དེ་བས་ངས་གྲོགས་མཆོག་ལ་དམར་ཆུང་བྱུ་རུ་ངེད་གཉིས་ཀྱིས་བརྐུས་ནས་ཁྱེར་ན་བཟང་ཚུལ་གླེང་བས། ཁོས་ལམ་སང་ངོས་ལེན་གནང་བྱུང། དེ་ནས་ངེད་གཉིས་ཀྱིས་རྒྱ་གར་དུ་བྲོས་བྱོལ་ལ་འགྲོ་རྒྱུ་ཡིན་པ་དང་༸རྒྱལ་བ་རིན་པོ་ཆེར་མཇལ་ནས་མདུན་ལམ་གསར་བ་འཚོལ་རྒྱུའི་གསང་གཏམ་ཚང་མ་དམར་རྗེན་དུ་བཤད་དེ་ཁོ་རང་ཡང་མཉམ་དུ་སོང་ན་སློབ་གསོའི་གོ་སྐབས་གང་ལེགས་ཐོབ་ཚུལ་སྐོར་གླེང་བ་ཡིན། དམར་ཆུང་བྱུ་རུས་རྣམ་རྟོག་གང་ཡང་མེད་པར་དགའ་སྤོབས་ཤིག་གིས་མོས་མཐུན་བྱས་བྱུང་བས་ང་ཚོས་ཡང་བསྐྱར་ཆང་སྟོན་ཞིག་བྱས་པ་ཡིན་ལ་ཕལ་ཆེར་དགོང་མོ་འདིར་དམར་ཆུང་བྱུ་རུ་ཡང་བཟི་ནས་གང་ཞིག་ནས་ཅི་ཞིག་བྱས་རབས་ཡོད་ཚོད།
དེ་ནས་བཟུང་ངེད་གསུམ་གྱི་རྨི་ལམ་གཅིག་ཏུ་གྱུར་པས་ང་ཚོ་སྔར་ལས་ཁྱིམ་གཅིག་གི་མི་ལྟར་གྱུར། མཚམས་རེར་ང་ཚོས་ལམ་བར་དུ་དཀའ་ངལ་གང་མང་འཕྲད་སྲིད་པ་ཐ་ན་རང་སྲོག་ལའང་ཉེན་ཁ་འབྱུང་སྲིད་ཚུལ་སོགས་གླེང་བར་མ་ཟད། གལ་ཏེ་གཅིག་ལས་མ་ཐར་ན་ཡང་ཕར་སླེབས་ཐབས་བྱེད་དགོས་པ་དང་ཕར་སླེབས་ནས་ཀྱང་གྲུབ་འབྲས་གང་ལེགས་ཤིག་མ་བྱུང་བར་ཕྱིར་ཕ་ཡུལ་ལ་མི་ལོག་པའི་དམ་ཡང་བཅས། སྐབས་དེར་ཅི་ཞིག་བཤད་ཀྱང་དམར་ཆུང་བྱུ་རུར་སྤྲོ་སྣང་ལས་ཞེད་སྣང་གང་ཡང་མི་འདུག དེ་ལྟར་ང་ཚོས་ཡོད་ཚད་གསང་བའི་སྒོ་ནས་སྟ་གོན་གང་ལེགས་བྱས། ང་ཚོས་སོ་སོའི་དམ་བཅའ་འམ་རྨི་ལམ་མངོན་འགྱུར་བྱེད་ཐུབ་བམ།
རྒྱང་བཞུད།
ང་ཚོས་གསང་བ་སུར་ཡང་མི་ཤོད་པའི་ཁས་ལེན་བྱས་ཡོད། དམར་ཆུང་བྱུ་རུས་ཧ་ཅང་ཐབས་མཁས་པོས་རང་གི་རྨི་ལམ་དེ་བཤད་འདུག ཁོས་ཉིན་ཞིག་ལ་འཛིན་ཁང་ནང་དུ་ང་མ་འོངས་པར་ཕྱི་གླིང་ལ་སློབ་སྦྱོང་དུ་འགྲོ་རྒྱུ། ཉིག་ཅིན་ཏ་ཞའོ་(རྒྱ་སྐད་ཀྱིས་Oxford Universityལ་ཟེར)ལ་འགྲོ་གི་ཡིན། ཞེས་ཀུ་རེ་དང་སྦྲགས་ཏེ་བསྒྲགས་འདུག ༼གནས་ཚུལ་འདི་ངས་ཆེས་རྗེས་ལ་མ་གཏོགས་མ་ཤེས། བསྒྲགས་གཏམ་དེ་ནི་ཁོའི་རྨི་ལམ་དང་དོན་གྱི་ང་རྒྱལ་ཞིག་ཀྱང་ངོ༽
རེད། ངེད་གཉིས་ཀྱི་ཕུགས་འདུན་བཞིན། དམར་ཆུང་བྱུ་རུས་རང་ཉིད་ལ་ཡང་ཚད་མཐོའི་རྨི་ལམ་གང་ཞིག་འཚོལ་སྙེག་གི་སྤོབས་པ་དང་བཅས་རྒྱང་བཞུད་ཀྱི་ལམ་དུ་ཆས། ལམ་བར་དུ་འཁྱག་ལྟོགས་དང་འཛིན་བཟུང་བཀག་སྐྱིལ་ཐེངས་མང་བྱུང་བའི་བརྒྱུད་རིམ་ཁྲོད་དུ་ངས་དམར་ཆུང་བྱུ་རུ་ནི་ཅི་ཡང་བཟོད་སྒོམ་ཐུབ་པའི་ནར་མ་སོན་པའི་དཔའ་བོ་ཆུང་ཆུང་ཞིག་ཡིན་པ་ཡང་གསལ་བོར་རྟོགས།
ཉིན་ཞིག ང་ཚོ་ལམ་གྲོགས་བརྒྱད་པོས་ཐང་ཆེན་ཞིག་དཀའ་བས་བརྟོལ་མཐར་རོགས་པ་ཞིག་གིས་ལུག་ཅིག་ཉོས། ཁྱིམ་ཚང་ཞིག་ལ་གནས་ཚང་གླས། ཚང་མ་ཐང་ཆད་དེ་གཡག་ཆད་གད་པ་རེད། ངས་ལུག་དེ་མ་ཎི་བྱས་ནས་བཤའ་དུས་སྡེ་བ་དེའི་མི་ཚོ་ཡ་མཚར་ནས་ང་ལ་བལྟས། ཁོ་ཚོའི་མིག་ལམ་ན་ང་ཤན་པ་ཞིག་དང་འདྲའོ། སྐབས་དེར་དམར་ཆུང་བྱུ་རུ༼སྐབས་འདིར་ཐལ་རྡུལ་གྱིས་སྦགས་པས་མིང་འདི་འོས་པ་ཞིག་མིན༽གཅིག་པུ་ལངས་ཡོང་ནས་སུག་ཏི་ནས་འཇུ་པ་སོགས་ང་ལ་བཤའ་རོགས་བྱས།
ངས་དགོད་བྲོ་བོའི་སྐད་ཆ་གཅིག་གླེང་འདོད་དེ། ང་ཚོས་འགྲམ་ནས་ཚོང་བར་བརྫུས་ཏེ་མ་ཐར་བས་མགོ་རིལ་བཟོས་ནས་བལ་བོའི་མིར་བརྫུས། དམར་ཆུང་བྱུ་རུའི་བཞིན་རས་སྙིང་རྗེ་བོར་ས་རྡུལ་དང་སླ་ངའི་དུད་དྲེག་ནག་པོ་བསྐུ་བཅུག ལམ་བར་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་བའི་ནང་དུ་ང་ཚོ་ཁ་འཐོར་ནས་བསྡད། གྲོགས་པོས་ཡང་ཡང་དམར་ཆུང་བྱུ་རུར་ལྟ་ཞོར། “འདི་ཇེ་དམར་ཇེ་དམར་ཡིན་ནོ་ཡར་མ་ལྟ་མགོ་སྒུར། ཡང་མིན་ན་ཕར་ཕྱོགས་རི་བོའི་སྒང་ལ་ལྟོས” ཞེས་བཤད་ལྟར་ཁོས་སྐེ་དཀྱོགས་དཀྱོགས་ནས་ན་རབས་སོགས་རྗེས་སུ་བཤད་དུས་ང་ཚོ་དགོད་ཤོར་ནས་མིག་ཆུ་ཡང་ཐོན། (དམར་ཆུང་བྱུ་རུ་ངོ་མ་བལ་བོའི་བྱིས་པ་ཞིག་དང་གཏན་ནས་མི་འདྲ་ན་ཡང་ཐེངས་འདིར་ང་ཚོ་བདེ་བླག་ངང་ཐར་རོ།) དེ་ལྟ་བུའི་བརྒྱུད་རིམ་འདི་དག་ཞིབ་ཏུ་བྲིས་ན་གཏམ་རྒྱུད་ཧ་ཅང་སྙན་མོ་རེ་ཡོད་མོད་འདིར་མི་འབྲིའོ།
རྨི་ལམ་དང་པོ་མངོན་གྱུར།
ང་ཚོ་༡༩༨༩ལོའི་ཟླ་དང་པོ་ནས་ལམ་ལ་ཆས་ཏེ་ལྷ་སར་ཟླ་གསུམ་ཙམ་ལུས་མཐར་རྒྱ་གར་རྡ་རམ་ས་ལར་འབྱོར། གསར་འབྱོར་བ་ཚང་མའི་ཐོག་མའི་ཐོབ་ཐང་ངམ་རེ་བ་དང་པོ་སྟེ། ༸རྒྱལ་བ་ཡིད་བཞིན་ནོར་བུའི་གསེར་ཞལ་མཇལ། ང་ཚོའི་གནས་ཚུལ་གང་འཚམ་བཀའ་འདྲི་གནང་ཞིང་མ་འོངས་ཇི་ལྟར་བྱ་དགོས་པའི་ལམ་སྟོན་གདམས་པ་མནོས། རྨི་ལམ་དང་པོ་འདི་ལྟར་མངོན་དུ་གྱུར་བས་ཚང་མ་དགའ་སྤོབས་གསར་བས་གཏམས། ལྷག་པར་དམར་ཆུང་བྱུ་རུའི་རྨི་ལམ་ལྷག་མ་དངོས་སུ་རྨི་འགོ་ཚུགས། དེ་ནས་ང་ཚོ་སྔ་ཕྱི་ལྟར་བཙན་བྱོལ་བོད་མིའི་འབུར་སློབ་གྲྭར་སོང་། གཙོ་བོ་དབྱིན་ཡིག་སྦྱངས། བྱུ་རུ་དམར་ཆུང་ཟླ་གཅིག་ཙམ་སྔོན་ལ་འབྱོར་བའི་རིང་འཛིན་རིམ་གཉིས་པར་སླེབས་འདུག དབྱིན་སྐད་ཐར་ཐོར་རེ་ཤོད་ཐུབ་ཀྱིན་འདུག
གྲོགས་མཆོག་ངེད་གཉིས་ཟླ་གཉིས་ཙམ་ལས་སྡོད་ལོང་མ་བྱུང་བར་སློབ་གྲྭ་གཞན་དུ་བོད་དགེ་ལ་འགྲོ་དགོས་བྱུང། ངེད་གཉིས་འཕྲལ་སེལ་བོད་ཡིག་གི་དགེ་རྒན་ཙམ་ཡིན་པས་ཟླ་ཕོགས་ཆིག་སྟོང་ལས་མེད་ཅིང་དེས་ཟླ་རེའི་བཟའ་བཏུང་འདང་ཙམ་རེད། ངས་སྐབས་རེར་དམར་ཆུང་བྱུ་རུ་ལ་ཀ་རྩོམ་སོགས་ཚིགས་བཅད་ཀྱི་འཕྲིན་ཐུང་རེ་ཧིན་སྒོར་འགའ་རེ་དང་མཉམ་དུ་བཏང་ནས་རྩོམ་རྩལ་ཡར་རྒྱས་ཐད་ལ་སྐུལ་སློང་ཙམ་རེ་བྱས་པ་ལས་རོགས་ཕན་ཅི་ཡང་མ་ནུས། ཁོའི་རིག་སྟོབས་དང་སྦྱང་བརྩོན་དོ་མཉམ་པས་སྦྱངས་འབྲས་ཡར་ངོའི་ཟླ་རེད།
ཅུང་སྟབས་མ་ལེགས་པ་ཞིག་ལ། ༡༩༩༣ལོར་ལྕགས་ཐོམ་ཞིག་བརྩད་དེ་འཁྲུག་འཛིང་ཤོར་ནས་དམར་ཆུང་བྱུ་རུ་སློབ་གྲྭ་ནས་ཕྱིར་ཕུད་བྱུང་བར་བློ་ཕམ་བྱུང། ཡིན་ནའང་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་བའི་རྒྱུགས་ཆེན་ལ་ཞུགས་བཅུག་པས་རྒྱུགས་འབྲས་གཟེངས་སུ་ཐོན། (སློབ་གྲྭ་འདིའི་སྒྲིག་ལམ་ནི་དམག་ཁྲིམས་དང་འདྲ་སྟེ། ཉེས་པ་ཆུང་ཚགས་འགའ་རེར་ཡང་ཁྲིམས་ཆད་ནན་པོ་གཏོང། འདི་ནི་ནོར་འཁྲུལ་ཆེན་པོ་ཞིག་སྟེ། སློབ་མ་གང་མང་ཞིག་གི་མདུན་ལམ་ཤོར་ཡོད)
རིམ་བཞིན་དུ་དམར་ཆུང་བྱུ་རུའི་ཤ་མདང་སྐྱ་མདོག་ཏུ་གྱུར། དེ་ནི་འབྲས་ལྡ་ལི་ཟོས་པ་དང་ཁོར་ཡུག་ཁོ་ནས་ཀྱང་མིན་པར་ཁོ་ཕྱི་རྒྱལ་གྱི་ཞི་མོ་རེར་འགྲོགས་ནས་མཚོ་འགྲམ་སྒོ་བ་སོགས་སུ་སོང་སྟེ་བྱེ་མའི་ནང་ཉི་མར་ལྡེ་ནས་བསམ་བཞིན་ཤ་མདོག་འགྱུར་བཅུག་པ་ཡིན་ཟེར། དེ་བས་ད་ནི་ཁོ་ལ་བྱུར་དཀར་ཞེས་འབོད་འོས་སོ། (བྱུར་དཀར་ནི་བྱུར་དམར་ལས་རིན་ཐང་ཆེ) སྐབས་དེ་ཙམ་ཞིག་ལ་ཁོའི་སྤྱོད་ཚུལ་གྱི་ཆ་ནས་ཀྱང་ཅུང་ངན་ལངས་ཀྱི་འགྱུར་ལྡོག་འབྱུང་གིན་འདུག ཁོའི་གྲོགས་པོ་ཉེ་ཤོས་གཅིག་ནི་ཚེ་ཕྲུག་རེད། ཁོང་ནི་གསར་བུའི་སྣང་བ་མཐོ་བའི་སྟོབས་ཆེན་རྒོད་པོ་ཞིག་ཡིན་ལ། ཁོང་གཉིས་ལུས་དང་གྲིབ་མ་བཞིན་ལ་རྒྱུགས་ལུང་རྒྱུགས་བྱེད། ཡིན་ན་ཡང་སློབ་སྦྱོང་ཐད་མུ་མཐུད་འཕུར་སྐྱོད་བྱེད་ཀྱིན་འདུག་པས་སེམས་ཁྲལ་དེ་ཙམ་མ་བྱུང། ད་དུང་དེ་དུས་རྩོམ་པ་པོ་ཨིས་སོབ་ཀྱི་སྲོག་ཆགས་ཀྱི་བསླབ་སྒྲུང་དུམ་བུ་དུ་མ་ཅན་ཞིག་བོད་ཡིག་ལ་སྒྱུར་གྱིན་འདུག སྐབས་དེ་དུས་ཉི་དབང་མགོན་པོའི་བརྩམས་སྒྲུང<ཅང་ཤེས>ཟེར་བ་དེ་་བོད་སྒྱུར་བྱེད་བཅུག་ནས་<<རྩམ་པ>>དུས་དེབ་ལ་བཀོད་ཡོད། དེ་དུས། གལ་ཏེ་སྐད་ཡིག་འདི་གཉིས་ཁོང་གི་གཤོག་ཟུང་དུ་གྱུར་ན’ཅང་ཤེས་འཕུར་ཤེས’ངོ་མ་ཞིག་ཆགས་ངེས་སྙམ་པའི་སྤོབས་པ་ཞིག་བདག་ལ་སྐྱེས་སོ།
མཇལ་འཕྲད་ཐེངས་གཅིག
ལས་སྐལ་གང་ཞིག་གིས་ཁོ་རང་དབྱིན་མོ་བཟང་མོ་ཞིག་ལ་ཕྲད་དེ་༡༩༩༤ལོའི་ཟླ་༡༢པར་དབྱིན་ཡུལ་དུ་ཕྱིན། ང་ཚོ་ཁ་པར་གྱི་སྐུད་སྣེ་རེ་ནས་སྐད་ཆ་འགའ་རེས་མཚམས་སྦྱོར་ལས་མེད་པར་ལོ་བཅུ་འཁོར། ངའི་སེམས་སུ་ཁོའི་དབྱིན་ཡིག་གི་ཤེས་ཚད་ཇེ་མཐོར་སོང་ཡོད་ཀྱང་ཀུན་སྤྱོད་ཀྱི་སྤུས་ཚད་ཇེ་དམའ་ཅི་ཙམ་ལ་སོང་ཡོད་དམ་སྙམ་གྱིན་ཡོད། འདི་ངའི་སེམས་ཁྲལ་རིགས་ཤིག་ཀྱང་ཡིན་པ་འདྲའོ། གང་ལྟར་ངས་དངོས་སུ་ཁོ་གཅིག་མཐོང་ན་འདོད།
༢༠༠༥ལོར་ཧོ་ལན་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བཞི་བ་ཚོགས་པར་བདག་ཀྱང་ཚོགས་ཞུགས་ཀྱི་སྐལ་བ་ཞིག་ཐོབ་ནས་ཞོར་དུ་མཚན་མོ་ཞིག་གི་དུས་ཚོད་ཐུང་ངུ་ཞིག་རིང་ལ་དབྱིན་ལན་དུའང་ལྟ་སྐོར་འཁྱུག་ཙམ་བྱེད་པའི་གོ་སྐབས་བྱུང། ང་ས་དེར་སླེབས་པའི་རེ་བ་གཞན་ཞིག་ནི་སུ་ཞིག་ལ་ཐུག་རྒྱུ་དེ་ཡིན་པ་བཤད་ཅི་ལ་དགོས། ངས་ཁོ་ལ་འབྲེལ་བ་བྱས། ཁོས་བདག་དེ་གར་སླེབས་པ་ཤེས་འཕྲལ་ལས་མཚམས་བཞག་སྟེ་ཡར་རྒྱུགས་མར་རྒྱུགས་ཀྱིས་ང་ཚོའི་གཟིགས་སྐོར་བ་ཚོ་རྩད་གཅོད་རྗེས་སྙེགས་ཀྱིས་དབྱིན་ཇིའི་རྒྱལ་མོའི་མེ་ལོང་ཡོད་ས་ནས་བདག་གི་རྗེས་ཆོད་སོང།
ང་ཚོ་ལྟ་སྐོར་ལ་འགྲོ་ཞོར་དང་སྐད་ཆ་བཤད་ཞོར་བྱས། ཁོས་ང་ལ་ཡང་ཡང། འདིར་བདུད་རྩི་བཟང་པོ་ཡོད། དག་པ་ཤེལ་རིའི་གངས་ཆུ་བདུད་རྩི་སྨན་གྱི་ཕབ་རྒྱུན་ཡོད་པར་མ་ཟད། ཆང་མ་ཡེ་ཤེས་མཁའ་འགྲོ་ཡང་མང། ཞེས་དེ་སྔོན་ལྟར་ཀུ་རེ་དང་བཅས་ང་ལ་མགྲོན་བསུ་ཞིག་གནང་འདོད་ཧ་ཅང་ཆེ་ན་ཡང་ང་སྐབས་དེར་བདུད་རྩི་ལ་ལུས་འབྲེལ་མེད་པས་ཁོའི་རེ་བ་སྐོང་མ་ཐུབ།
ངའི་སྣང་ངོར་ཁོའི་འགྱུར་བ་ཅུང་ཞིག་ནི་དཔྲལ་ངོས་ཅུང་ཇེ་དམར་ལ་འགྲོ་བཞིན་པར་མ་ཟད། (ད་ལྟ་ཁོའི་དེ་དུས་ཀྱི་མཁུར་ཚོས་ཀྱི་མདངས་ཚང་མ་ཡར་ཐོད་པ་ལ་གནས་སྤོར་ཡོད། འོན་ཀྱང་འདི་ལོ་ནའི་ཆེ་ཆུང་དང་འབྲེལ་བ་དེ་ཙམ་མེད) ཁོའི་འཚེར་སྣང་མེད་པ་དང་ཁ་ཞེ་གཉིས་མེད་ཀྱི་རྩེད་མཚར་དང་བཅས་པའི་ང་ཚོར་སྐད་ཆ་བཤད་སྟངས་དང་ལམ་བར་དུ་ངོ་མི་ཤེས་པའི་རྒན་རྒོན་སོགས་ལ་རོགས་བྱེད་པ་སོགས་ཀྱི་སྤྱོད་ཚུལ་དག་གིས་བྱུར་དཀར་ལ་རང་གཤིས་དྭངས་མོ་འགྱུར་མེད་ཅིག་ཡོད་པའི་ཚོར་སྣང་བྱུང། (སྐབས་དེར་ངའི་སེམས་ལ་ཁོ་ཕྱི་རྒྱལ་གྱི་སྤྱོད་ཚུལ་གཞན་དག་གིས་མི་གཤིས་བསླད་ཡོད་སྙམ) སྣང་ཚུལ་དེས་ངའི་སེམས་ལ་དགའ་བའི་དངོས་པོ་གསར་བ་ཞིག་སྦྱིན། དེ་ནི་ཁོས་ང་ལ་བདུད་རྩི་དང་དབྱིན་སྒོར་འགའ་ཞིག་སྤྲོད་འདོད་ཡོད་པ་དག་ལས་ལྷག་པའི་ལེགས་སྐྱེས་གསར་བ་ཞིག་གོ
དེ་ལྟར་དུས་ཐུང་གི་མཇལ་འཕྲད་ཐེངས་གཅིག་དེས་བདག་གིས་བྱུར་དཀར་གྱི་རིན་ཐང་ངོས་འཛིན་ཐད་ལ་ཚོར་སྣང་གསར་བ་ཞིག་སླེབས། དེ་ནི་བྱུར་དཀར་འདི་ནི་ཕྱིའི་དཀར་ཤས་ཙམ་ལས་འདས་ཏེ་ནང་ན་རབ་ཏུ་དཀར་བའི་མུ་ཏིག་འོད་དུ་འཚེར་བ་ཞིག་གོ
རིག་གནས་ཤེས་ཡོན་གྱི་དགེ་མཚན་ཆེ་ཤོས་ཤིག་ནི་བསམ་བློ་དང་ཀུན་སྤྱོད་ཀྱི་ཚད་གཞི་ཇེ་མཐོར་འགྲོ་བ་དེ་ཡིན་ངེས་ན་ངའི་བྱུར་དཀར་ལ་ངོམས་སུ་ཆོག་པ་དེ་དག་ཡོད་པ་ངས་དེ་རྗེས་རིམ་བཞིན་གསལ་རྟོགས་བྱུང་ཚུལ་འདིར་རེ་རེ་བཞིན་ར་སྤྲོད་དགོས་དོན་མེད་དེ་ཁྱེད་ཅག་གིས་རིམ་བཞིན་མཐོང་བར་འགྱུར་ངེས་སོ།
གཤོག་ཟུང་ཐོགས་པ།
ངའི་སེམས་ལ་བྱུར་དཀར་གྱི་ཁོར་ཡུག་ལ་འཕོ་འགྱུར་ཐེབས་པས་བོད་ཀྱི་རིག་གཞུང་གི་གཤོག་པ་ཐོགས་རྒྱུར་བར་ཆད་བྱུང་སྙམ། ཡིན་ན་ཡང་ཁོ་ལ་དབྱངས་ཅན་མས་སྐད་ངག་གི་དངོས་གྲུབ་ལས་འཕགས་པའི་སྙན་ངག་གི་བྱིན་རླབས་ཤིག་གནང་ཡོད་པ་བདག་གིས་རྗེས་སུ་རྟོགས་སོ། དེ་ཡང་བདག་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་གླིང་ཆེན་མོར་སླེབས་རྗེས་ཀྱི་སྐབས་ཤིག་ལ་ཁོ་ངའི་སར་ཞང་སྟོན་བསྟན་པ་རྒྱལ་མཚན་གྱི་གྲགས་ཅན་སྙན་དངགས་ཆེན་མོ<སྒྲོལ་བསྟོད་གཡུ་ལོ་བཀོད་པའི་དགའ་ཚལ>ཆེད་སྦྱོང་དུ་འབྱོར་བྱུང། སྐབས་དེར་ཁོས་ང་ལ་ཁྱེད་ནི་ངའི་ཨ་ཀ་དང་དགེ་རྒན་ཡང་རེད། ངས་ཁྱེད་ལ་ཨ་དགེ་ཞེས་འབོད་འོས་ཟེར། དེ་ནི་ཀུ་རེ་ཙམ་མིན་པར་དེ་ནས་བཟུང་ཁོས་བདག་ལ་དེ་སྐད་འབོད་དོ། (བདག་གིས་དེ་སྔ་ལམ་བར་དུ་ལྷ་སར་ཟླ་གཉིས་ལྷག་འགྱངས་པའི་རིང་ལ་ཡང་སྙན་ངག་མེ་ལོང་མའི་རྒྱན་གང་འཚམ་ཞིག་ཁྲིད་ཡོད་ལ། རྗེས་སུ་རྒྱ་གར་ན་ཡོད་དུས་ཀྱང་རྩོམ་སྐུལ་རོགས་འདེགས་ཅུང་རེ་བྱེད་ཀྱིན་ཡོད། ལྷག་པར་དུ་ཡང་སྤུན་མཆེད་མགོན་པོ་ཕྱག་གཉིས་པས་རྒྱ་གར་དུ་ཁོང་ལ་བོད་ཀྱི་སྙན་དངགས་ཀྱི་བསྟན་བཅོས་ཆེན་མོ<<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད>>དང་མེ་ལོང་མ་ཟུར་ཁྲིད་བྱས་མྱོང་བ་བཅས་ཀྱང་ཁོ་རང་གི་གཤོག་ཟུང་རྒྱས་བྱེད་ཀྱི་ཐོག་མའི་ས་བོན་ཐར་ཐོར་རེ་ཡིན་ངེས)
ད་དུང་ནམ་རྒྱུན་དྲ་ལམ་ནས་ངའི་<<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>>་ཡར་རྒྱས་གཏོང་སྟངས་དང་རྩོམ་ཡིག་སྤེལ་རྒྱུར་ཡང་དགོངས་ཚུལ་དང་རེ་བ་ནན་གྱིས་འདོན་གྱིན་ཡོད། (མ་གཞི་ནས་ངའི་རྩོམ་ཡིག་གང་མང་ཞིག་རྩོམ་སྐུལ་གྱི་བཀའ་དྲིན་ལས་བྱུང་བའོ།)
བདག་གི་མི་ཚེའི་ནང་ལ་ཁོང་ལྟ་བུའི་སྐྱེས་སྦྱངས་གཉིས་ལྡན་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་རྩེ་གྲས་ཧ་ཅང་དཀོན་ནོ། དེ་བས་ང་ཁོང་ལ་བརྩེ་འདང་ཧ་ཅང་ཆེ།
ཁོང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐད་དུ་ཆེད་བསྟེན་དགེ་རྒན་ཕུལ་བྱུང་གཞན་རག་མེད་ན་ཡང་ཁོས་རིག་སྟོབས་དང་སྦྱངས་སྟོབས་ཀྱིས་རྩོམ་རིག་གི་གཤོག་པ་ཐོགས་འདུག་པ་མཐོང་། གཤམ་དུ་ངས་ཁོང་གི་གཤོག་རྩལ་ཇི་ལྟར་རྒྱས་ཚུལ་གྱི་དུས་རིམ་རགས་ཙམ་ཞིག་ངོ་སྤྲོད་པར་བྱའོ།
༡༩༩༥ནས་༡༩༩༩བར་དབྱིན་ཡུལ་དུ་ལས་ཞོར་ལ་མུ་མཐུད་དབྱིན་ཡིག་སྦྱངས་ནས་མཐོ་སློབ་ཀྱི་ལག་འཁྱེར་བླངས། ༡༩༩༩ནས་༢༠༠༠་ལན་སྒྲིན་སློབ་གྲྭ་ཆེན་མོའི་ཨ་ཕྷི་རི་ཁ་དང་ཤར་ཕྱོགས་རིག་པའི་སློབ་གླིང་(School of Oriental and African Studies, University of London)ཞེས་པ་ནས་སློབ་ཆེན་དུ་འཛུལ་ཆོག་པའི་ལག་འཁྱེར་དང་སློབ་གཉེར་པ་ཨང་དང་པོའི་གཟེངས་རྟགས་བླངས།
༢༠༠༠ནས་༢༠༠༤བར་སློབ་གླིང་དེ་ག་རང་ནས་ཆབ་སྲིད་རིག་པ་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སྦྱངས་ནས་སློབ་གྲྭ་ཆེན་མོ་བའི་ལག་འཁྱེར་དང་ཞིབ་འཇུག་སློབ་མའི་ལག་འཁྱེར་བླངས། ལྷག་པར་དུ་ལྟ་གྲུབ་འདྲ་མིན་དང་དེང་རབས་ནུབ་ཕྱོགས་བསམ་བློ་རིག་པར་སློབ་གཉེར་བྱས།
༢༠༠༨་ལོའི་ཟླ་༡༠ནས་༢༠༡༣ལོའི་ཟླ་དྲུག་པ་བར་ལོ་རྒྱུས་རིང་ཞིང་འཛམ་གླིང་དུ་སྙན་གྲགས་འབར་བའི་ཨོཀཁེསེཧྥོརཌི་སློབ་གྲྭ་ཆེན་མོའི་(University of Oxford)ཤར་ཕྱོགས་རིག་པའི་སྡེ་ཁག་(Faculty of Oriental Studies)དང་ཝོབསིན་སློབ་གླིང་(Wolfson College)དུ་དེང་རབས་བོད་ཀྱི་རྩོམ་རིག་ལ་རྩོམ་རིག་གཞུང་ལུགས་དང་དགག་སྒྲུབ་རིང་ལུགས། སྤྱི་ཚོགས་དང་མིའི་རིགས་རིག་པ་སོགས་ཀྱི་རིགས་ལམ་བརྒྱུད་དེ་ཉམས་ཞིབ་བྱས།
ཁོ་པས་ཆུང་དུས་འཛིན་ཁང་ནང་ལ་ང་མ་འོངས་པར་ཉིག་ཅིན་སློབ་ཆེན་་དུ་འགྲོ་རྒྱུ་ཞེས་པ་དེ་ཁ་ཕོ་ཞིག་མིན་པར་གྱུར། ཁོང་གིས་རྨི་ལམ་རེ་རེ་བཞིན་མངོན་འགྱུར་བྱེད་ཀྱིན་ནོ།
༢༠༡༣ལོའི་ཟླ་༤བའི་ཚེས་༢༥་ཉིན་དཔྱད་རྩོམ་རིང་མོ་༼དེང་རབས་བོད་ཀྱི་རྩོམ་རིག་དང་གཡོལ་ཐབས་མེད་པའི་མི་རིགས༽ཞེས་པ་སློབ་གྲྭ་ཆེན་མོར་རྒྱུགས་འབུལ་ཞུས་ཏེ། ཟླ་༦པའི་ཚེས་༡༤ཉིན་འབུམ་རམས་པའི་དམ་བཅའ་བཞག་ནས་རྒྱུགས་ལེན་གཟུ་དཔང་ཆེན་མོ་དག་གི་ཡིད་དབང་འཕྲོགས་ནས་གཟེངས་བསྟོད་ཚད་མཐོ་གནང་འདུག
གཞན་ཡང་ཞོར་ལས་སུ་སྐད་སྒྱུར་པ་དང་ཡིག་སྒྱུར་པ། གཞུང་སྒེར་དང་རྒྱལ་སྤྱི་སོགས་ཀྱི་ལས་ཁུངས་འདྲ་མིན་པའི་སློབ་སྟོན་པ་དང་ཞིབ་འཇུག་གི་བྱ་བ་བསྒྲུབས། ཨོཀཁེསེཧྥོརཌི་སློབ་གྲྭ་ཆེན་མོར་འཆད་ཁྲིད་དང་སློབ་ཁྲིད་སོགས་བྱས་ནས་ལས་ཀའི་ཉམས་མྱོང་བསགས་ཏེ་རང་གི་སློབ་ཡོན་སོགས་ཀྱི་འགྲོ་གྲོན་ཡང་ཁ་གསབ་བྱས།
ཁོང་གི་རྨི་ལམ་ཆེན་མོ་དེ་ཉིད་འདི་ལྟར་མངོན་སུམ་དུ་འགྱུར་བར་ཁོང་གི་སྐྱེས་སྨན་བཟང་མོ་འཇིགས་མེད་མས་(རྒྱ་གར་དུ་ཡོད་དུས་བདག་གིས་མོའི་དབྱིན་མིང་Jemimaསྒྲ་བསྒྱུར་བྱས་ནས་་དེ་ལྟར་འབོད)ཕན་རོགས་གང་ལེགས་ཤིག་གནང་ཡོད་པར་ཡང་བདག་གིས་འདིར་བཀའ་དྲིན་ཆེ་ཞུ་འོས་སོ། ངས་ཁོང་གི་གཅེས་འོས་པའི་བྱིས་པ་ཟུང་ལའང་འདི་ལྟར་བཤད་འདོད་དེ།”ཁྱེད་ཅག་གི་ཨ་ཕའི་སྙིང་རྗེ་བའི་ཀླད་པ་དེའི་ནང་བྱུར་དམར་དང་བྱུར་དཀར། མུ་ཏིག གཟི་མིག་དག་གི་རིན་ཐང་ཡོད་ཚད་གཅིག་ཏུ་འདྲེས་ཏེ་ཐིམས་ཡོད། དེས་ན་ཀླད་པ་དེ་ནི་ཁྱེད་ཅག་གི་རིན་ཐང་བྲལ་བའི་ཁྱིམ་རྒྱུད་གཅེས་ནོར་ཡིན། དཔེར་ན་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་བཞིན་ནོ། (དོན་ངོ་མ་དཔེ་འདིས་མིའི་ཀླད་པ་ཇི་ལྟར་མཚོན་ནུས་ཏེ་དཔེར་འོས་པ་གཞན་ཞིག་མ་རྙེད་དོ) དེ་བས་ཁྱེད་ཅག་གིས་ཀྱང་ངེས་པར་ཁྱིམ་རྒྱུད་ནོར་བུ་གསར་བ་འདི་རང་གི་ཀླད་པར་བརྒྱུད་དགོས་སོ།”
གནམ་འཕང་གཅོད་རན།
ད་ནི་མི་རིང་བར་ཨོཀཁེསེཧྥོརཌི་སློབ་གྲྭ་ཆེན་མོར་ཆེད་མཁས་ཞིབ་འཇུག་པ་དང་དགེ་རྒན་གཅིག་ལྕོགས་ཀྱི་ཁྲི་སྟེགས་སུ་བཞུགས་རྒྱུ་རེད། གོ་གནས་འདི་ནི་བོད་དང་ཧི་མི་ལ་ཡ་ཉམས་ཞིབ་ཀྱི་ཆེད་དུ་ད་ལོ་བཙུགས་པའི་གཙིགས་ཆེན་གྱི་གོ་གནས་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་འབུམ་རམས་པ་ཉི་ཤུའི་ཁྲོད་ནས་དཔྱད་གདམས་ཀྱིས་ཐོབ་པ་ཞིག་ཡིན་པས་ལས་སླ་བོ་ཞིག་གཏན་ནས་མིན། (འདིའི་སྐོར་སྐུ་ཞབས་ལྗང་བུ་ལགས་ཀྱིས་ཁོང་ལ་བཀའ་འདྲི་གནང་བ་ཞིག་མཆོད་མེ་དྲ་བ་དང་ཡེ་རྡོར་དྲ་བར་བཀོད་འདུག་པར་གཟིགས་རོགས་ཞུ)
ཁོང་སུ་ཡིན་ནམ། ཁོང་ནི་བདག་གི་དམར་ཆུང་བྱུ་རུ་སྟེ་བྱིས་པའི་དུས་སུ་མཚང་ལ་བླ་མ་དམར་རིལ། དངོས་མིང་ལ་བླ་མ་སྐྱབས། སྙུག་མིང་ལ་སྦྲ་ནག་གཡག་སྙིང། གསང་མཚན་ལ་འཁོར་བའི་བླ་མ། དེ་རིང་གི་མཚན་གསོལ་ལ་རྩོམ་རིག་གི་འབུམ་རམས་པ་མདའ་ཚན་བླ་མ་སྐྱབས་སོ། མ་འོངས་པར་མཚན་སྙན་གང་ཞིག་གིས་སྒུག་ཡོད་ཨང་་་་་
བདག་གིས་ཐོག་མར’ཐོས་པ་དགའ’བཏགས་པའི་གཏམ་བཟང་ལྟར་གྱི་དགའ་སྤོབས་དེ་ཉིད་དོན་དང་ལྡན་མིན་ད་ལྟ་ཁྱེད་ཚོས་གསལ་བོར་རྟོགས་ཡོད་ངེས། འདི་ནི་བདག་ཁོ་ནའི་སྤོབས་པ་ཙམ་ཞིག་ག་ལ་ཡིན། འདི་ནི་ཆུང་ས་བདག་གི་ཕ་ཡུལ་དང། ཆེ་ས་ཁ་བ་གངས་ཅན་པའི་དོན་གྱི་ལ་རྒྱ་ཞིག་ཏུའང་ངོམ་པར་རིགས་སོ།།
སྐབས་འདིར་ངས་ངེས་པར་དྲན་འོས་པ་དང་ཡིད་ཕངས་པ་ཞིག་ལ་མཐོ་རིས་པོ་མགོན་པོ་ཚེ་རིང་ལགས་ཀྱིས་དེ་རིང་གི་གཏམ་བཟང་འདི་དངོས་སུ་མ་ཐོས་པ་དེའོ། འོན་ཀྱང་ཁོང་གི་ཚོད་དཔག་གི་བར་སྣང་དུ་སྔ་ས་ནས་ཐང་དཀར་རྒོད་པོ་ཞིག་འཕུར་རྒྱུ་ཡིན་པ་ཚོར་ཡོད་ངེས། སྔ་ཙམ་ནས་འཕུར་སོང་བའི་གྲོགས་མཆོག་ལགས། ངེད་གཉིས་ཀྱི་རྨི་ལམ་ནང་གི་བྱིའུ་དེ་ནི་མ་གཞི་ནས་སྒོ་ངའི་ནང་གི་ཁྱུང་ཕྲུག་ཅིག་ཡིན་པས་ད་ལྟ’ཁྱུང་དར་མའི་ལོ་ལ་གནམ་འཕང་གཅོད’ཀྱིན་པར་ཁྱེད་ཀྱིས་ལྷ་ཡུལ་ནས་གཟིགས་ཐུབ་པའི་རེ་བ་ཡོད།
ཀྱེ་ཀྱེ། ཐང་དཀར་རྒོད་པོ་ལགས། ད་ནི་གནམ་འཕང་དངོས་སུ་གཅོད་པའི་དུས་ལ་བབས་སོ།”ཁོང་བྱ་རྒྱལ་རྒོད་པོ་འཕུར་རྒྱུ་རེད། རི་མཐོན་པོ་ཡོད་ན་དམའ་མོ་བྱོས།”
‘ང་ཚོས་བགྲོད་ཟིན་པའི་ས་ནི་གོམ་པ་གང་ངོ། ང་ཚོས་སྐྱོད་དགོས་པའི་ས་ནི་བར་སྣང་ཁམས་སོ།’ འཕུར་ཡ། རི་རབ་ཀྱི་རྩེ་མོ་བརྒྱུད་དེ། སྤྲིན་ཚོགས་ཀྱི་བང་རིམ་གཤགས་ཏེ། རྒྱུ་སྐར་གྱི་འཇིག་རྟེན་ཡངས་པོར་་་་་་་་
༢༠༡༣།༧།༡༦ ལ་གྲོང་ཁྱེར་ཆེན་པོ་དཔལ་རིས་ནས་ཁོང་གི་ཨ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཤིན་ཏུ་ཡི་རངས་དང་བཅས་ཏེ་སྦྱར་བ་དགེའོ།།
ལུགས་གཉིས་ལ་སྨན་གྱུར་ཅིག
>ཟེར་བ་མ་རེད་:མི་ལ་ཤེས་རབ་རྒྱལ་མཚན་::ཟེར་བ་རེད་་་གང་ལྟར་ཡང་ང་ཡང་གཏམ་བཟང་དེ་ཐོས་པས་དགའོ།།
ཤིན་ཏུ་ནས་ཀྱང་དགའ་བའི་གཏམ་རེད། བཀྲ་ཤིས་བདེ་ལེགས་ཡོད། གཡག་རྒན་ཚོ་ལ་སྣ་ལོ་བརྩབས་ན་རྩོབ་རྒྱུ་ཡོད་པ་འདི་གཡག་རྒན་ཚོས་མ་གཏོགས་མི་ཤེས། ཡིན་ན་ཡང་། ད་རེ་གཡག་རྒན་གཡག་སྙིང་ཅན་འདིས་དཔའ་རྟགས་བཞག་ཐལ། ངར་གི།
ལོ་མང་སྔོན་་་་་དྷ་སའི་སྲང་ལམ་ནས་ཡང་ཡང་མཇལ་ཞིང་འགྲོགས་མྱོང་བའི་གྲོགས་རྙིང་་་དེ་རིང་འདི་འདྲའི་དགའ་འོས་པའི་གཏམ་བཟང་ཐོས་པས་དགའ་བྱུང་། རྟེན་འབྲེལ་ཞུ་་་་་དོན་གྱི་ཟ་ལི་རྒྱལ་་་ཚེ་ཕྲུག་དང་་རྟ་མགྲིན་རྒྱལ་བོ་ཁྱེད་ཚོས་་་རིག་སློབ་གྲྭའི་འོག་ན་ཨ་མདོའི་གོ་རེ་ཡིན་ན་ཅིག་སྐྱ་ལྡང་འགའ་རེ་ཞོགས་པར་བཙོང་གིན་པ་ད་རུང་མིག་ནང་ལ་འཁོར་ནས་ཡོང་གི་་་
འོ་་་རྒན་ཆབ་བྲག་ལགས་་་སྐུ་ཁམས་བཟང་་་་དེ་རིང་འདི་འདྲའི་གཏམ་བཟང་འཁུར་ནས་ཡོང་བར་བཀའ་དྲིན་ཆེ་་་་ཡང་ཡང་མཇལ་བའི་སྨོན་འདུན་ཞུ།
ཐོས་དགའི་གཏམ་བཟང་འདི་ཁ་སྔོན་༼མཆོད་མེ་༽དྲ་ཚིགས་ནས་མཐོང་སོང་། དེར་མཁྲིས་ནད་ཅན་དང་མིག་སེར་ཅན་ཚོས་འདྲ་མིན་ཅི་རིགས་བརྗོད་ཀྱིན་འདུག་ཅིང་། འགན་འཁྲི་མེད་པའི་དེ་ཚོས་ཅི་ཡང་བརྗོད་སྲིད་པ་ཞིག་རེད།
ངས་ནི་བོད་མིའི་རྒྱན་དུ་གྱུར་པའི་མདའ་ཚན་པ་བླ་མ་སྐྱབས་ལ་དྲི་མེད་ཁ་བཏགས་དཀར་པོ་ཞིག་གི་ཚབ་བྱས་ཏེ་ལེགས་སོའི་དགའ་བསུ་ཞུས་པ་ཡིན། ད་དུང་ཡང་རང་རེ་གངས་ཅན་བོད་ལ་ཁྱེད་འདྲ་མུ་མཐུད་འབྱུང་བར་སྨོན་ནོ།།
་་་་་ཐུགས་ཉམས་མ་བཞག་པར་་་་་ཟེར་བ་བཞིན་ཤེས་རབ་རྒྱལ་མཚན་དང་བསྟན་པ་རྒྱ་མཚོ། སེང་རྡོར་བཅས་ཀྱི་མཚན་ཡང་ནོར་འདུག་པ་ཚང་མར་དགོངས་དག་ཞུ། (སེང་རྡོར་ལ་ཡེ་རྡོར་བྲིས་ནོར་ཤོར་བ་ནི་ཕལ་ཆེར་ང་ཡེ་རྡོར་དང་ཁ་དམག་བརྒྱབ་པ་མང་དྲགས་པས་་་་་་ཧ་ཧ་ཧ་ཧ་་་)
http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84/
༼རྨི་ལམ་མངོན་འགྱུར་མཁན་གྱི་སྐྱེས་བུ་ཞིག༽ རྨི་ལམ་མངོན་དུ་གྱུར་མཁན་གྱི་སྐྱེས་བུ་་་་ཡང་ན་་་་རྨི་ལམ་མངོན་དུ་འགྱུར་མཁན་གྱི་སྐྱེས་བུ་ཞིག་་་ཟེར་ན་ག་འདྲ་འདུག།
དགོངས་དག་མི་ཤེས་ཤེས་མདོག་ཅིག་ཤོར་སོང་། །
རྟེན་འབྲེལ་ཞུ། འདའ་ཚན་པ་བླ་མ་སྐྱབས་ལགས་སྙན་གྲགས་ཅན་གྱི་སློབ་ཆེན་university of oxford ནས་འབུམ་རམས་པ་ཐོན་པར་རྟེན་འབྲེལ་ཞུ།
རྗེས་སུ་ཡི་རང་ཡོད།
རྒན་ལྷ་མོ་སྐྱབས་ལགས་ནས་འདི་འདྲ་བའི་གཏམ་བཟང་ཞིག་འདིར་ཁྱེར་ཡོང་བ་ལ་སྙིང་ནས་གུས་འདུད་ཞུ།
ང་ཚོར་སློབ་སྦྱོང་དགོས། ང་ཚོར་མི་ཤེས་ཡོན་ཅན་མཁོ། ལྷག་པར་དུ་བོད་ཡིག་དང་ཕྱི་རྒྱལ་གང་རུང་ཞིག་གི་རིག་གནས་ཟུང་ལྡན་འདི་འདྲ་ཧ་ཀྱང་གལ་ཆེན་རེད་སྙམ།
བླ་མ་སྐྱབས་ལགས་ཀྱིས་འབུམ་རམས་པའི་ཕྱག་འཁྱེར་བཞེས་པ་དང་བཅས་པའི་གཏམ་བཟང་འདིར་ཧ་ཅང་དགའ་བྱུང་། ཁོང་གིས་ཆོད་སེམས་བརྟན་པོས་འདི་ལྟར་འབད་བརྩོན་ཡུན་རིང་བྱས་པའི་གྲུབ་འབྲས་ཐོན་པ་ནི་དེང་རབས་བོད་ཀྱི་རྒྱན་ཞིག་རེད། ཁྱེད་དང་ནང་མི་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
བླ་མ་སྐྱབས་ལགས་ཀྱི་རྩོམ་ཞིག་དྲ་ཐོག་ནས་རྙེད་བྱུང་། འདི་ན་ཡོད་ལགས།
http://himalaya.socanth.cam.ac.uk/collections/journals/ret/pdf/ret_21_01.pdf
བལ་ཡུལ་ན་ཡོད་དུས་སུ་ཁོང་གི་མིང་ལན་མང་ཐོས། རྗེས་སུ་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་སྟེང་མཇལ། ཇི་འདྲའི་མི་གཤིས་འཇམ་ཞིག་རེད་དྲན། ཡོན་ཏན་ལ་ཕར་བལྟས་ཚོད་དུ་དབྱིན་ཇིར་མཁས་པ་ཞིག་ཏན་ཏན་རེད་བསམས་སོང་། ཉེ་སྔོན་མཆོད་མེ་དང་སེང་རྡོར་དྲ་བར་ཁོང་གི་དཀའ་སྤྱད་ཀྱི་གྲུབ་འབྲས་ཡོངས་བསྒྲགས་བྱས། ངས་ཀྱང་ཁོང་ལ་རྟེན་འབྲེལ་ཞུ། ཆུང་དུས་ཀྱི་རྨི་ལམ་ཞིག་མངོན་འགྱུར་འབྱུང་བར་ལོ་ངོ་ཉི་ཤུ་སུམ་ཅུར་བསྒུགས་མཐར་དེ་མངོན་དུ་གྱུར། དེས་ང་ཚོ་ཚང་མར་སྐུལ་ལྕག་བྱས་ཤིང་ངོ་མཚང་ཡང་བྲུས། ང་ཚོར་ཡང་དེ་འདྲའི་ཕུགས་བསམ་དང་ཆོད་སེམས་ཤིག་ཡོད་ན་ཅིས་མི་ཆོག
http://www.himalayabon.com/news/2013-07-17/243.html
༼རྨི་ལམ་མངོན་འགྱུར་མཁན་གྱི་སྐྱེས་བུ་ཞིག༽
རྨི་ལམ་མངོན་དུ་གྱུར་མཁན་གྱི་སྐྱེས་བུ།
རྨི་ལམ་མངོན་དུ་འགྱུར་མཁན་གྱི་སྐྱེས་བུ་ཞིག
རྨི་ལམ་བཏང་བ་ལྟར་བསམ་དོན་འགྲུབ་པའི་མི།
རེད། ནམ་རྒྱུན་གྱི་བརྡ་སྤྲོད་ཀྱི་སྲོལ་ལྟར་ན་་་མངོན་སྒྱུར་མཁན། ཟེར་འོས། ཡིན་ཡང་རྨི་ལམ་མངོན་དུ་འགྱུར་དང་འགྱུར་བཞིན་པའི་སྐབས་ལ་གོ་དགོས། ངས་བལྟས་ན་ད་དུང་རྨི་ལམ་ཡོད། དེས་ན་རྨི་ལམ་མངོན་འགྱུར་གྱི་སྐྱེས་བུ་ཞེས་ཀྱང་བརྗོད་འོས། གང་ལྟར་བརྗོད་བདེའི་དབང་དུ་བྱས་པ་ཙམ་ཡིན་པས་་་་་
རྒན་པ་དགའ་ཞིག་ཡོད་སོང་ན། སུ་ཡིན་རུང་དགའ་ནི་རེད། ཁ་དྲོ། རྟེན་འབྲེལ་ཞུ།
བྱ་བ་བཟང་བོར་རྟེན་འབྲེལ་ཞུ། །
གཏམ་སྙན་གསར་པར་དགའ་བསུ་ཞུ། །
འོན་ཀྱང་།
རྨི་ལམ་ཞེས་པ་རང་རེའི་མི་རིགས་ཀྱི་བཤད་སྲོལ་བྱས་ན་འཁྲུལ་སྣང་ཞིག་དང་། མངོན་དུ་འགྱུར་དཀའ་བ་ཞིག་ལ་ངོས་འཛིན་བྱེད་པ་མ་རེད་པས། དེང་སང་གི་མིས་མེས་པོའི་བཤད་སྲོལ་ལ་གོ་བ་གཞན་ཞིག་ལེན་གི་ཡོད་ཀི་པ།
ཧཧཧ སྐུ་རྩེད་ཞུས་པ་ཡིན། རྒན་ལགས།
རེད་དེང་སང་བོད་པས་ཕྱི་རྒྱལ་བའི་ལུགས་སྲོལ་ལ་དགའ་ཞེན་ཆེ་བས་རེད། ཕྱི་རྒྱལ་བ་ཚོས་རྟག་ཏུ་dream ཟེར་ནས་བཤད་ཀྱི་རེད། ཁོང་ཚོའི་འདོད་པ་དང་བསམ་པ་འདུན་ལམ་བཅས་ལ་རྨི་ལམ་ཞེས་ཟེར།
རྨི་ལམ་ངོན་གྱུར་བྱེད་ཐུབ་པའི་སྐྱེས་བུ་ས་སྟེང་འདི་ན་མང་པོ་མེད། དེར་བརྟེན། རྨི་ལམ་ངོན་གྱུར་བྱེད་འདོད་པ་ཚོས། བྱུང་མི་སྲིད་པ་ཞིག་སྲིད་པར་རེ་ནས་རེ་བརྩོན་ངོན་གྱུར་དུ་བྱུང་སོང་བསམ་པའི་བློ་དེ་ལ་ཟེར། བློ་ཁ་དེ་གང་བ་ཡིན་ན། རྨི་ལམ་དང་རྨི་ལམ་ལས་ཀྱང་རྒྱལ་བ་མ་རེད་ནེ། དེ་ལ་ཕྱི་ནང་གི་བསམ་བློའི་དབྱེ་བ་འབྱེད་ཚུལ་ཞིག་གང་འདྲ་ཞིག་ཡིན་པ་རེད། འདོད་བ་དང་བསམ་པ་ནི་མི་ཚང་མས་བྱེད་དང་བྱེད་བཞིན་པ་རེད། དེ་ལ་དམིགས་གསལ་ཞིག་འདུག་གམ། ཐུ་བན་རྣམ་པ་གཉིས་ལགས།
བོད་སྐད་ནང་ལ་རྨི་ལམ་ཟེར་དུས། འགྲུབ་མི་སྲིད་པ་ཅིག་ལ་གོ་བ་དང་། ཨིན་སྐད་དུ་ངའི་རྨི་ལམ་ཟེར་དུས་དམིགས་ཡུལ་ཆེ་ཤོས་གྲུབ་སྲིད་པ་ཙམ་ལ་གོ་བས། སྐད་གཉིས་འགྲོ་སྟངས་ལྟར་བསྒྱུར་དུས་ཀྱི་ཁྱད་པར་དང་གོ་ནོར་མ་ཐེབས་པ་བློ་ངོར་འཇོག་རྒྱུ་གལ་ཆེ་བ་མི་འདུག་གམ།
བོད་ཀྱི་གཞུང་ལུགས་དང་སྐད་ཆ་ཤོད་དུས་སུ། དེ་ནི་ཁྱོད་རང་གི་རྨི་ལམ་རེད། ཅེས་བཤད་དུས་དེའི་དོན་ནི་ཡོང་མི་སྲིད་པ་དང་འབྱུང་མི་སྲིད་པའི་སྐད་ཆ་རེད། མ་གཞི་ནས་སྒྱུ་མའི་དཔེ་བརྒྱད་བཤད་དུས། སྨིག་སྒྱུ་སྒྲ་བརྙན་རྨི་ལམ་མིག་ཡོར་དང། གཟུགས་བརྙན་ཆུ་ཟླ་གཞའ་ཚོན་ལྟ་བུ་བརྒྱད། ཅེས་བཤད་དུས་དེ་དག་ཐམས་ཅད་དངོས་བདེན་མ་གྲུབ་པའི་དཔེ་རྐྱང་རྐྱང་རེད་པ། ཡིན་ནའང་ཕྱིའི་རིག་གཞུང་ནང་འདྲེན་བྱས་པ་ཡིན་ན་གནས་ཚུལ་ཁག་ཁག་རེད།
བོད་པ་ཚང་ལ་མཁས་པ་རེ་རེ་བྱུང་ཡང་བོད་མི་རིགས་ཀྱི་རྒྱལ་ཁ་རེད། དགའ་བསུ་ཞུ། ཁོང་ཨ་མདོ་ནས་སྐྱེས་འཚར་བྱུང་བ་ཞིག་ཡིན་དུས་བོད་རང་གི་སྐད་ཡིག་ལ་དོ་སྣང་ཆེ་ཙམ་ཡོད་ན་ཐང་། ཐེང་རྗེས་མའི་སྲིད་སྐྱོང་གི་འོས་མི་ཡག་པོ་ཞིག་བྱུང་འདུག
ཁོང་ཨ་མདོ་ནས་སྐྱེས་འཚར་བྱུང་བ་ཞིག་ཡིན་དུས་བོད་རང་གི་སྐད་ཡིག་ལ་དོ་སྣང་ཆེ་ཙམ་ཡོད་ན་ཐང་། ཐེང་རྗེས་མའི་སྲིད་སྐྱོང་གི་འོས་མི་ཡག་པོ་ཞིག་བྱུང་འདུག ་་་་ཟེར།
རྨི་ལམ་ཡིན་ན་སྟོང་བ་ཡིན་དགོས་པ་དང། མི་སྲིད་པ་ཡིན་དགོས་པ། རྫུན་པ་ཡིན་དགོས་པའི་ཁྱབ་མཐའ་སུས་བཀོད་ཡོད་དམ། ཡང་དཔེར་ན། ད་རྨི་ལམ་སྐྱིད་པོ་མ་རྨི་ཞེས་དང་ལབ་དུས་ འགྲུབ་དཀའ་བའི་ཕུགས་འདུན་ཞིག་སྟོན་གྱིན་ཡོད་པ་ལས་རྦད་དེ་མི་སྲིད་པ་རང་ག་ལ་ཡིན། ཡང་ངོ་མཚར་རྨི་ལམ་དགའ་སྐྱེད་ཅེས་པ་ལྟ་བུར་མཚོན་ན་བཀྲ་ཤིས་པ་ཞིག་མངོན་དུ་གྱུར་བ་ལའང་གོ་འོས། མདོར་ན་བོད་ཀྱི་སྲོལ་རྒྱུན་འཚོ་བའི་ནང་དུ་རྨི་ལམ་གྱིས་གོ་གནས་གལ་ཆེན་བཟུང་ཡོད། རྨི་ལམ་གྱིས་རེ་བ་དང་འཆར་སྣང་་ལྐོག་གྱུར། ལུང་བསྟན་སོགས་མཚོན་ཐུབ།
སྐབས་འདིར། ཕུགས་འདུན་མངོན་འགྱུར་བྱེད་མཁན། ཞེས་པ་དང་དོན་གཅིག
རྨི་ལམ་གྱི་སྣང་བ་དེ་ཐེག་པ་ཆེན་པོའི་ལྟ་བའི་དགག་བྱ་བདེན་པར་གྲུབ་པའི་དཔེ་རུ་བཀོད་འདུག་ག
དེ་བྱས་དུས་རྨི་ལམ་མངོན་དུ་གྱུར་བ་ཟེར་དུས་རྨི་ལམ་གྱི་སྣང་བ་མངོན་དུ་གྱུར་བ་ལ་གོ་དགོས། བྱས་ཙང་རྨི་ལམ་དུ་རྨིས་པའི་སྣང་བ་རྣམས་གཉིད་སད་དུས་ཡོད་པ་མ་རེད། ཡིན་ནའང་སྣང་བ་ཙམ་འགག་པ་མེད་པར་འཆར་བར་འདོད།
གོང་དུ་སྒྱུ་མའི་དཔེ་བརྒྱད་དེ་དག་གི་སྣང་བ་ཚང་མ་འཁྲུལ་སྣང་རེད། རྡེའུ་ཤིང་ལ་སྔགས་དང་རྫས་ཀྱི་ནུས་པས་རྟ་གླང་དུ་སྣང་བ་ཐམས་ཅད་མེད་པར་འདོད། དེ་བཞིན་རྨི་ལམ་གྱི་སྣང་བ་ཡང་དེ་བཞིན་ནོ། མེད་པས་ཁྱབ་དང་མ་ཁྱབ་དེ་ཡིས་ཤེས།
བོད་སྐད་ནང་དུ། མཚན་མོའི་རྨི་ལམ་དང་། ཉི་མོའི་རྨི་ལམ་གཉིས་ཀྱི་བར་ལ། གོ་དོན་རྒྱང་ཚད་རིང་པོ་ཡོད་དགོས་པས་་་་
ཨིན་སྐད་དུ།
I have a dream of going to India. = ང་ རྒྱ་གར་ལ་ འགྲོ་ཡ་ རེ་བ་ ཡོད།
སྐད་ཆའི་སྒྱུ་རྩལ་གླེང་དུས་ཆོས་ཀྱི་ཐ་སྙད་གླེང་ན་དེ་ནི་ཤར་དང་ནུབ་བོ།
གང་ལྟར་རིག་པའི་རོལ་རྩེད་གནང་མཁན་ཚོར་བཀའ་དྲིན་ཆེ་ཞུ།
ང་ཚོའི་བོད་སྐད་ལ་ཆོས་སྐད་ཅེས་བཤད་སྲོལ་ཡོད། དེ་བྱས་དུས་་་བོད་སྐད་བཤད་དུས་ཆོས་དང་མ་འབྲེལ་བ་ཞིག་བཤད་རྒྱུར་དཀའ། མ་གཞི་ནས་་་ལུང་དང་རིགས་པས་སྒྲུབ་དུས་་་་དཔེ་དང་ལུང་གང་ས་གང་ནས་གཞིགས་དགོས། དཔེ་ཟེར་བ་དེ་ལ་ཆོས་དང་འཇིག་རྟེན་ཟེར་བའི་སྐད་ཆ་མ་རེད། དཔེ་ཡིས་དོན་ལ་སྦྱོར་མིན་བལྟ་དགོས་པ་རེད།
༼༢༤༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༣ སྐར་མ་ ༢༧
བོད་སྐད་ནང་དུ། མཚན་མོའི་རྨི་ལམ་དང་། ཉི་མོའི་རྨི་ལམ་གཉིས་ཀྱི་བར་ལ། གོ་དོན་རྒྱང་ཚད་རིང་པོ་ཡོད་དགོས་པས་་་་༽ཟེར
ཉིན་གྱི་རྨི་ལམ་དང་མཚན་གྱི་རྨི་ལམ་གཉིས་ཀྱི་དབར་ལ་གོ་དོན་རྒྱང་ཚད་ཁྱད་པར་ཡོད་ཟེར། ད་དེ་འདྲ་གོ་མ་མྱོང། རྨི་ལམ་ནི་རྨི་ལམ་རང་རེད་མ་གཏོགས་ཉིན་གྱི་རྨི་ལམ་ཡང་དག་དང་མཚན་གྱི་རྨི་ལམ་འཁྲུལ་པ་ཡིན་མིན་གྱི་རྣམ་གཞག་ངོ་མཚར་ཆེ་བྱུང། ཉིན་ལ་གཉིད་པའི་རྨི་ལམ་དང་མཚན་ལ་གཉིད་པའི་རྨི་ལམ་གཉིས་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ཅིག་འཇོག་རོགས་གནང། ཀུ་རེ་ཡིན་ད། ཕྱག་རྒྱ་ཆེན་པོའི་ཉམས་ལེན་ལ་བརྟེན་ནས་འོད་གསལ་གྱི་གཉིད་ཀྱི་རྨི་ལམ་ཡིན་རྒྱུ་རེད། དེ་ཚོ་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་དུས་ངས་འཁྲུལ་དང་མ་འཁྲུལ་གྱི་སྐད་ཆ་བཤད་ན་རུང་རྒྱུ་མ་རེད།
བོད་མདོ་པ་དམར་ཆུང་བྱུ་རུའམ། བླ་མ་སྐྱབས་མཆོག་གི་བསམ་དོན་མངོན་དུ་གྱུར་པའི་གྲུབ་འབྲས་ལ་དགའ་བསུའི་རྟེན་འབྱུང་བཀྲ་ཤིས་བདེ་ལེགས་དང་། བོད་ཀྱི་སྲོལ་བཟང་གོང་ནས་གོང་དུ་སྤེལ་བ་ལ་ད་དུང་འདི་ལས་རྒྱ་ཆེ་བའི་མཛད་པ་རྣམས་གོང་ནས་གོང་དུ་འཕེལ་བར་སྨོན་ནོ།།
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱིས་ “བོད་སྐད་ནང་ལ་རྨི་ལམ་ཟེར་དུས། འགྲུབ་མི་སྲིད་པ་ཅིག་ལ་གོ་བ་དང་།” ཞེས་པའི་བོད་སྐད་དེ་ལ་འགྲེལ་བཤད་ཅིག་གནང་ཐུབ་བམ། ང་ཚོས་རང་ཉིད་བོད་མི་ཡིན་པའི་རྒྱུ་མཚན་གྱིས། བོད་པ་དང་བོད་སྐད་ཀྱང་རང་ཉིད་ཡིན་པ་ལྟ་བུའི་ཐག་ཆོད་པོའི་སྐད་ཆ་བཤད་རྒྱུར་ལོབས་འདུག ཁྱེད་ནི་རྒྱ་གར་དུ་འཚར་ལོང་བྱུང་བ་ཡིན་པ་འདྲ་ལ། དེས་ན་ཁྱེད་ཀྱི་སྐད་དང་ཁྱེད་ཀྱི་བོད་སྐད་དེས་བཙན་བྱོལ་ནང་གི་བོད་སྐད་འདིའི་ཚབ་མཚོན་བྱེད་པ་ལས་མདོ་དབུས་ཁམས་གསུམ་མཚོན་ཨེ་ཐུབ། ད་དུང་ཁྱེད་ཀྱིས་རང་ཉིད་ཀྱི་དགོངས་བཞེད་ཅིག་བོད་སྐད་ཐོག་ཨུ་ཚུགས་ཀྱིས་བཀབ་ཏེ། འགྲོ་བགྱི་ཡིན་སོགས་བྲིས་ཡོང་གི་འདུག འདི་དག་ལ་ཁྱེད་ལ་ཁུངས་སྐྱེལ་གྱི་ཡིག་ཆ་དེ་འདྲ་ཡོད་དམ། ང་ཡང་ཁྱེད་དང་མཚུངས་པར་འདི་འདྲ་མང་པོ་བཤད་མྱོང་མཁན་ཞིག་ཡིན། ཞིབ་ཏུ་བསམས་སྐབས་ངས་རང་གི་སྐྱེ་ཡུལ་ས་ཆུང་ཆུང་དེ་དང་བཙན་བྱོལ་བའི་གསར་འབྱོར་གྱི་མི་ཚེའི་འཚོ་བ་འདི་ཙམ་ཞིག་མ་གཏོགས་མྱོང་རྒྱུས་མེད་སྟབས་ བོད་པས་འདི་བཤད། བོད་པ་དེ་རེད་སོགས་ཀྱི་སྤྱི་སྦོམ་སྦོམ་གྱི་སྐད་ཆ་ཤོད་པའི་ཧམ་པ་དེ་ཉམས་འགྲོ་གི་འདུག གུས་བཅས་ཕུལ།
༣༠༽ དགེ་རབ་ལགས།
སྤྱིར་སྟངས་སྐད་དང་ཡི་གེ་གཉིས་ཀ་འགྱུར་འགྲོ་སྐད་ཡིག་རང་གི་ཆོས་ཉིད་རེད། ངས་མི་རིགས་གཞན་ལ་བོད་ཀྱི་སྐད་བསླབས་ན་ལོ་ཉེར་གཉིས་འགྲོ་བཞིན་འདུག ༸གོང་ས་མཆོག་དང་། རང་གི་བོད་དགེ་མཁས་དབང་ཚོས་གསུངས་པའི་ཕལ་སྐད་དང་། ཐ་ན་རང་གི་ཁ་ནས་ལོ་གྲངས་ལྔ་བཅུ་ལྔ་བརྒལ་ཟིན་ན་ཡང་རང་སྐད་རང་གི་ཡིག་སྐད་དུ་འབྲི་སྟངས་མ་ཤེས་ནས་བསྡད་ཡོད། ངས་བོད་ཀྱི་དཔེ་མཛོད་མཁས་དབང་བཀྲ་ཤིས་ཚེ་རིང་གི་བོད་སྐད་སློབ་དེབ་དང་། ཡང་དེ་ལས་ཅུང་རྒྱས་པ་བློ་བཟང་དོན་ལྡན་གྱི་བོད་སྐད་སློབ་དེབ་དང་། ཡང་བོད་ནང་ནས་སློབ་དེབ་ཁ་ཤས་དང་། ད་ལྟ་ང་རང་གི་ལག་ཏུ་འཆང་མ་ཐག་ལྷ་སའི་ཁ་སྐད་ཀློག་དེབ་ཟེར་བ་རྒྱ་ནག་སྐད་དང་ཤན་སྦྱར་ཚང་མ་ལ་དོ་སྣང་སློབ་སྦྱོང་བྱས་པ་ཡིན། འོན་ཀྱང་་་་་
༣༠༽དགེ་རབ་ལགས།
ཡང་། ལ་དྭགས་མཁས་དབང་བློ་བཟང་འཇམ་དཔལ་ལགས་ཀྱིས། བཀས་བསྟན་ནང་གི་འབྲི་་སྟངས་རྙིང་པའམ། དག་ཡིག་རྙིང་པ་ཟ་མ་ཏོག་དང་ངག་སྒྲོན་སོགས་ལ་དག་པར་བརྩིས་པ་ནི་ཤིནད་ཏུ་ནས་འོས་ཤིང་འཚམས་པ་རེད་ལ། ངས་རྒྱབ་སྐྱོར་གང་ཐུབ་ཐུབ་བྱེད་བཞིན་ཡོད། འོནད་ཀྱང་བོད་སྐད་ནང་ལ་མི་མངོན་པའི་ཐོག་ནས་རང་བཞིན་གྱིས་འགྱུར་བ་ཅིག་ཡོད་རེད། ངས་དེ་རིང་དཔེ་མཚོན་ཐུང་ཙམ་ཞུ་ན། དཔེར་ན། བཀའ་བསྟན་ནང་གཅིག་གཅིག་མང་མང་ཅིག་ཡིན། ཡིན་དེ་སྔོན་མ་ཡོད་རེད། དེ་ནས་གཅིག་གཅིག་མང་མང་ཅིག་རེད། རེད་དང་དེ་ནས་འདུག་སོགས་རང་བཞིན་གྱིས་སྐྱེས་བུ་གསུམ་ལ་ཐོབ་ཚུལ་མི་འདྲ་བ་གསུམ་རང་ཆས་སུ་ཡོད་རེད། འདི་དག་ང་ཚོས་སྨྱུག་འཛིན་ཚོས་འཚོལ་ཞིབ་ཀྱིས་རིམ་པས་གཏན་བྱེད་དགོས་པ་ལས། ཁ་སྐད་བྲིས་མ་རང་བྱོན་འོངས་མི་སྲིད་ཀུན་གྱི་མཁྱེན་གསལ་ལྟར་རེད།
༣༠༽ དགེ་རབ་ལགས།
དེས་ན། སྐྱེས་བུ་དང་པོར་ཡིན། གཉིས་པ་དང་གསུམ་པར་རེད།
དང་པོར་་་་་ཡོད། གཉིས་པ་་་་་་དང་གསུམ་པར་་་་་་འདུག་ཐོབ་དང་།
དེ་བཞིན་དུ།
སྐྱེས་བུ་དང་པོ་འདས་པར། ང་ ཕྱིན་པ་ ཡིན། ད་ལྟ་བར། ང་ འགྲོ་བགྱིད་ ཡོད། མ་འོངས་པར། ང་ འགྲོ་བགྱི་ ཡིན། བྲིས་ན་ལེགས་ཚུལ་བསམ་འཆར་བརྗོད་པ་ཙམ་ལས། ངའི་ཟེས་རིག་བཀའ་བློན་གྱི་དབང་ཆ་བེད་སྤྱད་དྲ་གྲོགས་ཚང་ད་ང་དང་མཐུན་པར་འབྲི་ཤོག་ལབ་ྲགྱ་མ་བྱུང་གདའ།
ད་དུང་། ག་ང་འི་རྗེས་ལ་གི་དང་མཐའ་མེད་འི་དང་ཡི་ཕྲད་དང་དབང་ཅན་འབྲི་དགོས་ཙང་། ང་ འགྲོ་ཡི་ ཡིན། ཨུ་ཚུགས་ཀྱིས་བྲིས་པ་ནི་ངས་གླེན་ལྐུགས་ཁྱ་གཅིགིཏུ་མཐོང་བགྱིད། འདི་ཡང་དགོངས་དག་ཞུའོ།
ཐ་སྙད་དུ་མའི་སྐབས་དོན་འཇུག་ཡུལ་དང་བསྟན་དོན་མི་འདྲ། ལྷག་པར་དུ་སྒྱུ་རྩལ་རང་བཞིན་གྱི་ཐ་སྙད་ལ་དེ་མཚུངས་ཀྱི་གོ་བ་ལེན་དགོས། རྨི་ལམ་ཞེས་པ་གཉིད་ལམ་གྱི་སྣང་བ་ཁོ་ནར་གོ་དགོས་པར་སུས་ཀྱང་ཐག་བཅད་མེད། གཅོད་མི་ཐུབ།
ལ་ལས་གཉིས་སྨན་དབུ་མའི་ལམ་ཞེས་པའི་ཆབ་སྲིད་ཀྱི་ཐ་སྙད་དེ་ཡང་ཡར་འཐེན་མར་འཐེན་གྱིས་ནང་པའི་ལྟ་གྲུབ་ཀྱི་དབུ་མའི་གོ་དོན་དང་སྦྱོར་གང་ཐུབ་བྱས་ནས་མི་མང་ཐ་སྙད་ལ་རྨོངས་པར་བྱེད་དོ། སྤྱིར་བཏང་དབུ་མ་ཞེས་པའི་ཐ་སྙད་ཀྱི་བྱུང་སྟངས་དང་གོ་དོན་མི་འདྲ་བ་གང་དག་ཡོད་པ་བཤད་རྒྱུ་ལོས་ཆོག
འགྲོ་རྒྱུ་ཡིན། འགྲོ་གི་ཡིན། འགྲོ་ཡི་ཡིན། འདི་དག་ཅི་རིགས་འབྲི་མཁན་མང། ཡིན་ན་ཡང་འགྲོ་བགྱི་ཡིན་ཟེར་ན་མི་འོས། ཡང་འགྲོ་བར་བགྱིའོ་ཞེས་པ་འོས་པར་འདོད།
ཡང་། ལབ་ཀྱིན་ཡོད། ཀློག་གིན་ཡོད་སོགས། གྱིན་ཀྱིན་གིན་༼འདིར་ཡིན་འིན་༽ལ་ཨུ་ཚུགས་རྒྱབ་མིན་མི་ཤེས་ཀྱང་། བོད་སྐད་ནང་ཕྲད་གཞན་དབང་ཅན་མང་དྲགས་པས་སྐྱོན་ཡོད་བཞིན་དུ་ད་དུང་ཕྲད་གཞན་ཅན་མང་དུ་བཏང་བོད་སྐད་མགྱོགས་འཐའ་ལྟར་ཡལ་རྒྱུར་བརྩོན་པ་ཆ་མཚུངས་བས་མ་བསྐུལ་དྭངས་བླང་འདི་ལ་ཡང་ན་རང་གིས་འདི་ལ་སྐྱོན་ཅི་མཐོང་དགོས། དེ་མིན་ངས་ནི་ནམ་མ་ཤི་བར་བྱེད་རྒྱུ་ཐག་བཅད་ཟིན་པ་ཅིག་རེད་དོ། དགེ་རབ་ལགས།། །།
འཐའ་ལྟར་ འདི་འཇའ་ལྟར་ལ་བཅོས། ད་དུང་ངས་གསར་བཟོ་མ་ཡིན་པའི་དག་ཆ་ཡོངས་གྲགས་ནོར་བ་དག་བཅོས་ལོང་མེད་པས་དགོངས་དག་ཞུའོ། །
ཡང་ཞུ་འདོད་པ་ནི། མཁས་པ་ཡིན་ན། ཨ་མདོ་ཡིན་པས་ཁྱབ་ཟེར་བ་ལྟར། ཨམ་སྐད་འདི་བོད་སྐད་ཡག་ཤོས་སུ་བརྩིས་པ་དང་། ཁམས་སྐད་འདི་དག་ཤོས་སུ་བརྩིས་པ་དང་། ང་རང་སྟོད་པ་ཡིན་པས་སྟོད་སྐད་འདི་བཀའ་བསྟན་དང་མཐུན་པས། བོད་སྐད་ཡག་ཤོས་སུ་འདོད་པ་ནི་ནོར་བ་རེད། བཀའ་བསྟན་ཕར་ཞོགས།
ཁ་སྐད་ཡག་ཤོས་དེ་དབུས་གཙང་ལྷ་སའི་སྐད་དེ་ཡག་ཤོས་དང་ཕྱུང་ཤོས་རེ། ལྷ་སའི་སྐད་ནང་ལ་ཡང་ལྷ་སའི་གད་སྙིགས་ཡང་འདྲེས་པ་དཔེར་ན། ཡོད་རེད། ལ། ཡོག་རེད། དང་། གང་ཡང་གནང་བགྱིད་མ་རེད། ལ། གའི་གནང་གྱི་མ་རེད་ཟེར་བ་སོགས་ནི་སུམ་རྟགས་ནོར་བ་ཆེན་པོ་རེད་དོ། །
ཀརྡོ་ལགས། ད་ཁྱོད་ཀྱི་ཧམ་པ་དེ་ལ་ཚོད་ཞིག་ཡོད་དམ། དགེ་རབ་ཀྱིས་ཁྱོད་ལ་ཁུངས་སྐྱེལ་རོགས་ཟེར་ནས་དྲི་བ་བཏང་འདུག ད་ཁུངས་སྐྱེལ་རོགས། སྐད་ཆ་ཉ་རེ་ཉོ་རེ་བཤད་ནས་མ་འདུག
ཀརྡོ་གཉེར་ཕྱག་པ་ལགས།
ཐོག་མར་ཉིད་ཀྱིས་བསྟུད་བསྟུད་མཆན་འགའ་རེ་གནང་འདུག་པ་དང་། ཉིད་ཀྱིས་རྒྱུན་དུ་ནས་སྐད་ཡིག་ལ་ཐུགས་སྣང་ཆེན་པོ་མཛད་བཞིན་པ་ལ་ཡི་རངས་ཞུ་བ་ཡིན།
༡ “བོད་ཀྱི་དཔེ་མཛོད་མཁས་དབང་བཀྲ་ཤིས་ཚེ་རིང་གི་བོད་སྐད་སློབ་དེབ་” ཅེས་པའི་དེབ་འདི་གོ་མ་མྱོང་། རྩོམ་པ་པོའི་མཚན་ནོར་ཡོད་པ་འདྲ། དེ་ལ་གཟིགས་རོགས་གནང་།
༢ ང་ཚོ་ལ་ལྷན་སྐྱེས་ཀྱིས་འཇགས་པའི་བོད་སྐད་ཅིག་ཡོད་པ་ནི་ཞུ་མ་དགོས། ངས་བྲིས་པའི་ཡིག་ཆ་ཁག་ལ་བཙན་བྱོལ་བའི་བོད་སྐད་ཀྱི་ལྷད་ཞུགས་འདུག་ཅེས་བོད་ནང་གི་བོད་མིས་སྐྱོན་བརྗོད་བྱེད་ཅིང་། ད་དུང་བརྗོད་བདེ་པོ་མི་འདུག་ཅེས་ཤུགས་ཆེན་པོས་གསུངས་བྱུང་། འདི་ཡང་ཐུགས་ལ་འཛིན་རོགས།
༣ ཡིན་དང་རེད་ཅེས་པའི་ཕྲད་འདི་དག་གི་སྐོར་ལ་ཁྱེད་ལ་ཐུགས་ཁག་མེད། ང་ཚོ་ཚང་མ་ལ་དཀའ་ངལ་འདི་འཕྲད་བཞིན་ཡོད། འོན་ཀྱང་གཟིགས་ཞིབ་གནང་ཚེ། འདིའི་འགྲེལ་བཤད་མེད་པ་མིན། རྗོད་པ་གང་ཞིག་སྨྲ་མཁན་གྱི་ངོར་སྨྲས་པ་ཡིན་ན། དེ་ལ་ཡིན་དང་ཡོད། རྗོད་པ་གང་ཞིག་སྨྲ་བའི་ཡུལ་གྱི་ངོར་༼ཉན་མཁན་༽སྨྲས་པ་ཡིན་ན། དེ་ལ་རེད་འཇུག་ཅེས་དམུ་དགེ་བསམ་གཏན་ཚང་གི་གསུང་ན་འཁོད་འདུག འདི་ལ་སྐད་བརྡ་རིག་པ་བ་ ནི་ཁོལ་ལ་སེ་དང་བོད་ཀྱི་བརྡ་སྤྲོད་པ་གསང་བདག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་དེབ་ནའང་རྒྱུ་མཚན་བཙལ་ཏེ་རིགས་བཞི་སོགས་སུ་ཕྱེས་འདུག དེས་ནས་ སྐྱེས་བུ་དང་པོ་དང་གཉིས་པ་སོགས་སྦྱོར་བ་དེ་ནི་ད་ཆ་ཁུངས་འཁྱོལ་བ་ཞིག་མེད་པ་འདྲ།
གུས་བཅས་ཕུལ།
༣༩༽ འཇིགས་མེད་ནུབ་པ་ལགས།
སློབ་དཔིན་ཐུ་མིའི་ཡང་སྲིད་ཡོད་ན་ཁོང་གིས་ཀྱང་འདི་ཚོ་ཁུངས་བསྐཡལ་ཐུབ་ཨ་ཡོང་། ང་འདྲ་པོ་གཅིགགིས། ག་ཝ་ག་ཝ་ཁུངས་བསྐྱལ་ཐུབ་པ། དེས་ན། དངོས་སྟོབས་རིགས་པ་ཉིད་ལ་ཁུངས་བཅོལ་དང་། སྐྱོན་བརྗོད་བྱེད་མཁན་ཡོད་ན་ཡང་རང་གི་གྲུབ་དོན་གནོད་སུས་ཀྱང་བསྐྱལ་ཐུབ་བགྱིད་མ་རེད། ནུབ་པ་ལགས།
་་་་་གཉིས་ཀྱིས་བརྩམས་པའི་དེབ་ནའང་རྒྱུ་མཚན་བཙལ་ཏེ་རིགས་བཞི་སོགས་སུ་ཕྱེས་འདུག དེས་ནས་ སྐྱེས་བུ་དང་པོ་དང་གཉིས་པ་སོགས་སྦྱོར་བ་དེ་ནི་ད་ཆ་ཁུངས་འཁྱོལ་བ་ཞིག་མེད་པ་འདྲ། ཟེར་ནས་མ་བཞག་པར་བརྩོན་པ་བསྟེན་དང་། ཕན་ཚོད་ཅིག་ཕན་འགྲོ་བགྱིད་རེད། དེ་གས་འགྲིགས་པ་རེད། ཞི་བ་ལྷས་ཀྱང་། ཐམས་ཅད་མགུ་བའི་སྤྱོད་་པངས་མི་ཤེས། །གསུངས་ཡོད་པས་སེམས་ཤུག་ས་ཆག་དོན་མེད། ད་དགེ་ཆོས་གཉིས་པ་དང་། རཀ་ར་གཉིས་པ་ཐོན་དགོས་པའི་དུས་ཚོད་རེད་གདའ། གཞོན་སྐྱེས་ཚོ།
ཡང་ན། དགེ་ཆོས་གཉིས་པ་ཐོན་མ་ཐུབ་ན་ཡང་། དུས་རབས་མཐུན་པའི་རཀ་ར་གཉིས་པ་ཞིག་འཁྲུངས་དགོས་པའི་དུས་ཚོད་ལ་བསླེབས་འདུག་གོ །ཀུ་རེ་དང་བཅས་ཕུལ།། །།
ཀརྡོ་གཉེར་ཕྱག་པ་ལགས།
རྩོམ་ཡིག་འདི་ལ་བཙན་བྱོལ་བོད་མིའི་ཁྲོད་ནས་འབུམ་རམས་པ་ཞིག་ཐོན་པའི་གཏམ་བཟང་དང་། དེའི་སྐོར་གྱི་སྐད་ཆ་བཤད་འདོད་ཡོད། བོད་རིག་པ་ཞེས་པའི་ལེ་ཚན་འདིར་བཙན་བྱོལ་བོད་མི་ཞུགས་མཁན་ཧ་ཅང་ཉུང་ཉུང་ཡིན་འདུག ཝ་ར་ཎ་སིར་བོད་རིག་པའི་ཐོག་འབུམ་རམས་པ་ཐོན་པ་གང་འཚམས་ཡོད་འདུག་ཅིང་། འབུམ་རམས་པའི་དཔྱད་རྩོམ་དེབ་ཏུ་ཐོན་པ་ཡང་རེ་ཟུང་མཇལ་བྱུང་། ཡུ་རོབ་དང་ནུབ་ཕྱོགས་ན་བོད་རིག་པའི་འབུམ་རམས་པ་ཐོན་པ་ཧ་ཅང་ཉུང་བར་གྲགས། གྲངས་འདྲེན་བྱེད་སྐབས། ད་ལྟ་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཟིན་པའི་བླ་མ་སྐྱབས་ལགས་དང་། གཡང་སྒྲོན་ལགས། ད་ལྟ་འབུམ་རམས་པ་འདོན་བཞིན་པ་རེ་ཟུང་བཅས་ཡོད་སྐད་ཐོས། གཅིག་བྱས་ན། འདི་དག་ནི་དུས་ཚོད་ཀྱི་འགྱུར་བ་ལ་རག་ལས་པར་འདོད། མི་རབས་གཅིག་ནས་གཅིག་ལ་བརྗེ་སྐབས་ཀྱི་འཕོ་འགྱུར་ཞིག་ཡིན་པ་རེད། བོད་ནང་ལ་མཚོན་ན། ༡༩༨༠ ནང་ལ་མཐོ་སློབ་ཐོན་མཁན་ནི་ཧ་ཅང་ཉུང་། ༡༩༩༠ གོ་གྲངས་ནང་མཐོ་སློབ་ལས་བརྒལ་ཏེ་ཞིབ་འཇུག་སློབ་མ་མཁན་མང་པོར་གྱུར། ད་སྐབས་ཞིབ་འཇུག་སློབ་མ་ལས་བརྒལ་ཏེ་འབུམ་རམས་པའི་གྲངས་ཀ་འཕེལ་བཞིན་ཡོད་པར་སྣང་། འདི་དོན་ཚན་གཅིག་ཡིན།
དེ་ནས་ཁུངས་སྐྱེལ་ཡིག་ཆའམ་དཔྱད་གཞིའི་ཡིག་ཆའི་སྐོར་ལ་ཚིག་འགའ་ཞུ་གི་ཡིན། བོད་སྐད་ཀྱི་སྐོར་འཆད་སྐབས་སྡེ་ཚན་སྐོར་གཅིག་ང་ཚོས་ཕལ་སྐད་རྩ་འཛིན་མ་བྱས་རང་བྱས་རེད། དེ་དག་ནི་ལུང་པ་རེ་ལ་སྐད་ལུགས་རེ་ཞེས་པས་མཚོན་འདུག སྐོར་གཅིག་ནི་ང་ཚོས་བཙལ་ན་བརྡ་སྤྲོད་ཀྱི་འགྲེལ་བཤད་རྙེད་རྒྱུ་ཡོད། དེ་ཚོ་ནི་བཙལ་ནས་ཡིག་ཆ་དང་ཡིག་ཆ་བསྡུར་ཏེ། བརྟག་དཔྱད་དང་ཁས་ལེན་བྱེད་དགོས་པ་ནི་གལ་ཆེན་པོ་རེད།
ད་ཡིག་ཆ་དང་ཞིབ་འཇུག་གིས་དོན་ཚན་བྱེ་བྲག་པ་གཅིག་ལ་འགྲེལ་བཤད་ཁ་ཚང་བ་ཞིག་བྱས་ཟིན་རྗེས། ད་དུང་དེ་ལ་ཨུ་ཚུགས་རྒྱག་པ་ནི་མ་འོས་པར་མཐོང་། དེའི་དཔེ་མཚོན་ནི་ ཡིན་དང་རེད་སོགས་འཇུག་ཚུལ་ལྟ་བུའོ།།
དེ་ནས་ “སློབ་དཔིན་ཐུ་མིའི་ཡང་སྲིད་ཡོད་ན་ཁོང་གིས་ཀྱང་འདི་ཚོ་ཁུངས་བསྐཡལ་ཐུབ་ཨ་ཡོང་།” ཞེས་གསུངས་པ་འདི་དག་ནི་དགོངས་བཞེས་ཆེ་ཙམ་གནང་དགོས་མེད་དམ། སློབ་དཔོན་ཐོན་མི་ཕེབས་ན་ཁུངས་སྐྱེལ་མི་ཐུབ་པ་ནི་གཉིད་ལམ་ལ་སླེབས་པ་ཞིག་ཡིན་ནམ།
རྒྱལ་སྤྱིའི་སློབ་ཆེན་སྟེགས་བུ་ལས་བོད་རྩོམ་ཐོག་གི་འབུམ་རམས་པའི་གོ་ཐང་དངོས་སུ་བཞེས་བའི་སྐུ་ཞུབས་བླ་མ་སྐྱབས་ལ་རྟེན་འབྲེལ་ཟོལ་མེད་ཞུ་བ་དང་ཆབས་ཅིག ཐེལ་དང་ཐམ་ཀས་མནོན་པའི་ཤོག་རྐྱང་ལག་རྟགས་ཙམ་ལས་ཆེས་ཆེར་བརྒལ་ཏེ་མྱིང་ཆེན་རི་རབ་འདྲ་བ་འདིར་དོན་དམ་གྱི་འབྲས་ཆེན་ཁ་ཐུག་ལག་ཐུག་ཏུ་འབྱུང་བར་སྨོན་ནོ།།
དེ་ནས་ “སློབ་དཔིན་ཐུ་མིའི་ཡང་སྲིད་ཡོད་ན་ཁོང་གིས་ཀྱང་འདི་ཚོ་ཁུངས་བསྐཡལ་ཐུབ་ཨ་ཡོང་།” ཞེས་གསུངས་པ་འདི་དག་ནི་དགོངས་བཞེས་ཆེ་ཙམ་གནང་དགོས་མེད་དམ། སློབ་དཔོན་ཐོན་མི་ཕེབས་ན་ཁུངས་སྐྱེལ་མི་ཐུབ་པ་ནི་གཉིད་ལམ་ལ་སླེབས་པ་ཞིག་ཡིན་ནམ། ཞེས་པའི་ལན་དུ།
ཀླུ་སྨྱོན་ལགས་ཀྱིས། ངས་འདོད་ཀི་ཡོད་བྲིས་པ་འདིས་ང་ལ་རེ་བ་ཅུང་ཟད་ཡོད་པ་མ་གཏོགས། ད་ནས་བཟུང་ད་ལྟ་ནང་བཞིན་ཀླད་རྙིང་འཁྲེགས་པོར་བསྡད་ན། ཐོན་མི་ཕར་ཞོགས་དུས་རབས་ཉེར་གཅིག་པའི་ཐོན་ཕེབས་མི་ཐུབ་པ་དང་། གལ་སྲིད་ཁོང་ཕེབས་ཡོད་ན་ཡང་། ཁོང་གིས་ཁུངས་སྐྱེལ་མི་ཐུབ་པར་ངེས་སོ་སྙམ་མོ། །
རྒྱ་ནག་གི་ཁ་སྐད་ཡིག་ཐོག་ག་འདྲ་ཟེ་ཡོད་མེད་ངས་མི་ཤེས་ཀྱང་། ངས་རོབ་ཙམ་ཤེས་པའི་ཨིན་སྐད་དང་ཧིན་སྐད། བལ་སྐད་དེ་ཚོ་ལ་ཁ་སྐད་ཡིག་སྐད་དུ་ཁུངས་འཁྱོལ་ཆ་ཚང་ཡོད་པ་ལ། ང་ཚོ་བོད་པ་གཞིས་བཞུགས་དང་བྱེས་པ་གཉིས་ཀས་སུས་ཀྱང་། ད་དུང་ཡང་བསྐྲུན་མ་ཐུབ་པ་གང་བྱས་པ་རེད། ལགས།
སྔོན་མ་martin luther kingགི་’i have a dream’ཟེར་བ་དེ་བོད་སྐད་དུ་བསྒྱུར་སྐབས་’ང་ལ་རྨི་ལམ་ཞིག་ཡོད’ཅེས་བསྒྱུར་བ་དེས་དེ་བདེ་བོ་རང་མི་འདུག་བསམ་མྱོང་།
༤༧༽ སྤོབས་པ་མཐའ་ཡས་ཁྱོད་བདེན་པ་རེད། ཁྱོད་བདེན་པ་རེད། འོནད་ཀྱང་་་་་་་་་་་
ཨ་ཤི་འི་རང་དབང་རླུང་འཕྲིན་ཁང་ནས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བོད་ནང་གི་དངོས་ཡོད་གནས་ཚུལ་།
བོད་ནང་གི་དངོས་ཡོད་གནས་ཚུལ་ངོ་སྤྲོད།
རྒྱ་གཞུང་གི་བོད་རིགས་ལས་བྱེད་མཐོ་གྲས་ཤིག་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་བཀུར་བ།
ཇར་མན་གྱི་གྲགས་ཆེ་བའི་སཔི་གྷལ་SPIEGEL
༄༅༎མིང་བཏོན་མ་བྱས་པའི་རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་མཐོ་གྲས་ཤིག་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་བཀོད་པའི་ཕྱག་དེབ་ཀྱི་ཟིན་བྲིས་ཡོད་པའི་ཀམ་་པུ་ཀྲར་གྱི་འོད་སྡེར་གསུམ་རྒྱ་ནག་གི་ཕྱི་ཕྱོགས་སུ་དཔར་བསྐྲུན་ཐུབ་ཕྱིར་ཇར་མན་གྱི་གྲགས་ཆེ་བའི་སཔི་གྷལ་SPIEGEL ཞེས་པའི་གསར་ཤོག་གི་གསར་འགོད་པར་གསང་བའི་ཐོག་གནང་ཡོད་པ་དང་།ཟིན་བྲིས་ཀྱི་ནང་དོན་ཨིན་ཡིག་ཏུ་བསྒྱུར་བ་སྙིང་བསྡུས་ཤིག་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ དྲ་རྒྱ་Tibet.net གི་བཀོད་ཡོད་པ་རེད།
ཕྱག་དེབ་ཀྱི་ཟིན་བྲིས་དེའི་ནང་ཁོང་གིས་དེང་སྐབས་བོད་ནང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་ཆོས་དང་རིག་གཞུང་ཤེས་ཡོན་གྱི་གོ་སྐབས་བཅས་པ་ཡར་རྒྱས་གང་ཙམ་ཕྱིན་ཡོད་ཀྱང་།དོན་དུ་འཛུགས་བསྐྲུན་ཡར་རྒྱས་དེའི་ཕྱིར་རྒྱ་ནག་གིས་བོད་མིར་ཚད་ལས་འདས་པའི་དྲག་གནོན་བྱེད་བཞིན་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་པའི་རིན་བབས་ཆེན་པོ་ཞིག་ལེན་བཞིན་ཡོད་པ་བཀོད་ཡོད་འདུག
ཁོང་གི་ཕྱག་དེབ་དེ་རྒྱ་ཡིག་ནང་བྲིས་ཡོད་ཅིང་རྩོམ་བྲིས་པ་རང་ཉིད་ངོ་རྟགས་མ་མཆོད་པར་གསང་བའི་ཐོག་དུས་ཡུན་ག་ཚོད་གནས་ཐུབ་ཐབས་ཀྱི་བར་ཕྱིར་ཐོན་མི་དགོས་པར་གནས་རྒྱུའི་འདུན་པ་གསལ་སྟོན་གནང་ཡོད་པ་དང་། ཁོང་གི་ཕྱག་དེབ་དེའི་ནང་རང་ཉིད་ཆུང་གཞོན་ནུའི་དུས་ནས་རྒྱ་ནག་གི་དམར་པོའི་རིང་ལུགས་ལ་ཡིད་ཆེས་ཀྱིས་བོད་དེ་ཡང་རྒྱའི་མངའ་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ལྟ་བུའི་དཔལ་ཡོན་ལོངས་སྤྱོད་བྱ་རྒྱུར་ཡིད་ཆེས་གནང་བ་ཞིག་ཡིན་སྐོར་དང་། འོན་ཀྱང་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱུང་བ་འདི་རྒྱ་ནག་སྲིད་གཞུང་གིས་བོད་དེ་ཁྲག་དང་མེ་ལྕེ་དམྱལ་ཁམས་ཤིག་བཟོས་ཡོད་པའི་གཟིགས་ཚུལ་བཀོད་ཡོད་འདུག
ཁོང་གི་ཕྱག་དེབ་ཀྱི་ཟིན་བྲིས་དེའི་སྙིང་དོན་དབྱིན་ཡིག་ཏུ་བཀོད་པ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་བྱེད་དགེ་འདུན་པ་ཚོ་ཕྱི་མི་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་།རྒྱ་ནག་གཞུང་གི་ཉེན་རྟོག་དཔུང་དམག་གིས་བོད་མི་ཚོར་ཡ་ང་སྙིང་རྗེ་གང་ཡང་མེད་པར་རྡུང་རྡེག་དྲག་གནོན་བྱེད་ཀྱི་ཡོད་པ་དང་།བོད་མི་ཚོ་དུག་སྤྲུལ་གསོད་པ་ལྟ་བུ་བསད་པ་དང་།བོད་མི་གང་བྱུང་འཛིན་བཟུང་བྱེད་བཞིན་རྒྱུ་ནོར་འཕྲོག་བཅོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད་ཡོད་འདུག་
ཇར་མན་ནས་བསྒྱུརར་བའི་ཨིན་ཡིག་གི་ངོ་སྤྲོད་དེའི་ནང་ཟིན་བྲིས་བཀོད་མཁན་བོད་རིགས་ལས་བྱེད་དེ་ནི་བོད་ཁྱོན་ཡོངས་ཙམ་མིན་པར་རྒྱ་ནག་རྒྱལ་ཡོངས་ནང་དུའང་སྤྱི་ཡོངས་ངོས་འཛིན་ཡོད་པའི་ དཔོན་རིགས་མཐོ་གྲས་ཤིག་ཡིན་པ་བཀོད་ཡོད་པ་རེད༎
ཀ་མ་ལ་ལྟར་མཁུར་ཚོས་དམར་མདངས་ཅན། ཁ་བའི་འདབ་ལྟར་དུང་སོ་དཀར་ཕྲེང་ཅན།
ག་ཞ་ཀུ་རེས་ཀུན་ཡིད་དགའ་བྱེད་པའི། ང་ནི་དམར་ཆུང་བྱུ་རུའི་རིན་ཐང་འབྲི། (ཀ་རྩོམ་གྱི་འཕྲོ་སྐྱོང་མཁན་སུ་ཡོད)
(ང་ནི་)དམར་ཆུང་བྱུ་རུའི་རིན་ཐང་(འབྲི།)
ང་ནི་འབྲི། ཁྱོས་ཅི་ཟེར་གི་ཡོད། ངས་ནི་མི་གོ་འི། བོད་ཡིག་སྐྱབས་ལགས།
ང་བཅད་དེའི་འཕྲོ་ལ་མཐུད་ས་འགྲོ་ནི་ཞིག་ཕྲིས་དང་དེ་ནས། ཅིག་ཨེ་ཡོང་ལྟ་ནི་ཡོད་སྲིད་པ་རེད།
ཅ་ལག་ཙག་ཙིག་ཆུང་ངུར་མགོ་མ་འཁོར། །
ཆ་ལུགས་བོད་ཆས་གཅིག་པུ་མ་གྱོན་པར། །
ཇ་ཆང་གང་རག་སྤྱད་ནས་རེ་བ་ལྟར། །
ཉ་མོས་ཆུ་ལ་འཁྱུག་འདྲས་འབུམ་རམས་བླངས། །
གཏགས་ནོར་ཤོར་འདུག ང་ཡི་་རེད།
ཅ་ལ་ཅན་གྱི་རིགས་སྲས་ཡིན་ཡང་ཆོག ཆ་ལུགས་བོད་ཀྱི་གཤིས་ལུགས་ཡིན་ཡང་འོས།
ཇ་ཆང་ལོངས་སྤྱོད་དཔལ་ལ་རོལ་ཡང་རུང། ཉ་ཆེན་མཚོ་ལ་རྐྱལ་འདྲའི་རྒྱང་སྐྱོད་མཚར།
ཏཱ་ལའི་བླ་མའི་གདམས་པ་སྙིང་ལ་བཅངས། ཐ་དད་སྐད་དང་རིག་གནས་འབད་པས་སྦྱངས།
ད་ལྟ་རྩོམ་རིག་འབུམ་རམས་ཁྲི་ལ་བཞུགས། ན་གཞོན་རྣམས་ལ་དོན་གྱི་ལ་རྒྱ་བསྟན།
པ་ཊུའི་གོ་འཕང་སྙེག་ལ་རྣམ་དཔྱོད་བརྡར། ཕ་བཟང་རྣམ་ཐར་སྐྱོང་ཕྱིར་བུ་གཉིས་བསྐྲུན།
བ་ལང་གཡག་གི་ཁྱད་པར་མ་ནོར་བཀར། མ་ལུས་ཤེས་བྱ་ཧུབ་ཀྱིས་འཐུང་ལ་རྔམས།
ཙ་གི་ཙི་གིའི་ལས་ལ་མགོ་མ་འཁོར།།
ཚ་གྲང་གནམ་གཤིས་གང་ལ་མ་ལྟོས་པར།།
ཛ་ཡའི་བཞེད་དགོངས་སྨོན་ཙམ་མ་བཞག་པར།།
ཝ་ལེར་མཐོང་བའི་བྱ་བ་ཁྱེད་ཀྱིས་བསྒྲུབས།།
ལྷ་མོ་སྐྱབས་་ལགས་ཁྱོད་ཀྱིས་ཁོང་ལ་དམར་ཆུང་བྱུ་རུ་ཞེས་འབོད་ཀྱི་ཡོད་པ་དེ་ད་ལྟ་ངས་མཐོང་དུས་་ང་ཁོག་དགོད་གཅིག་ཤོར་སོང།དེའི་རྒྱུ་མཚན་ནི།་་ཐེངས་གཅིག་སློབ་གྲྭའི་ནང་ངས་ཁོང་གི་སྐོར་ལ་དཔེར་བརྗོད་ཐུང་ཐུང་ཞིག་འབྲི་མྱོང་བ་དེའི་ནང་ཁོང་གི་མཁུར་མགོ་དེ་གཉིས་བྱུ་རུ་ལ་དཔེ་འཇོག་མྱོང་བ་དེས་ཡིན།་་
ཁྱེད་རྣམས་ཀྱིས་དྲན་དགོས་པ་ཞིག་ནི།་་བླ་མ་སྐྱབས་དང་བཀྲིས་ཉི་མ་གཉིས་ནི་བོད་ནས་གསར་དུ་འབྱོར་ཞིང་འབུམ་རམ་པ་ཐོན་པ་ཐོག་མ་གཉིས་ཡིན་པས།་་འདི་ནི་བོད་མི་ཡོངས་དང་ལྷག་པར་དུ་གསར་འབྱོར་བ་རྣམས་ཀྱིས་སྤོབ་པ་སྐྱེ་འོས་པའི་གནས་ཚུལ་ཞིག་རེད།
ཁྱེད་རྣམས་ཀྱིས་འདིར་གླེང་མོལ་བྱས་པའི་སྨི་ལམ་གྱི་ཚིག་གི་སྐོར་ལ་ངས་ཀྱང་ཚིག་གཅིག་་ངརྗོད་འདོད་བྱུང་།་་ང་སྔོན་མ་ནས་ཚིག་འདི་ལ་མོས་མཐུན་ཡོང་གི་མེད།་་་བོད་སྐད་ནང་སྨིན་ལམ་ཞེས་བརྗོད་དུས་དེ་ནི་རྩ་བ་ནས་འགྲུབ་རྒྱུ་མེད་པ་དང་དོན་དངོས་སུ་མེད་པའི་དོན་ཞིག་ལ་གོ་གི་ཡོད་པ་རེད།་་དེང་སང་བོད་ནང་མང་པོ་ཞིག་གིས་འདི་ལ་ཕུགས་འདུན་ཞེས་བརྗོད་ཀྱི་འདུག་པ་དེ་བེད་སྤྱོད་བྱས་ན་བཟང་།་་དཔེར་ན་Chinese dream ལ་ཀྲུང་གོའི་ཕུགས་འདུན་ཞེས་བརྗོད་ཀྱི་འདུག་པ།