བསྟན་འཛིན།
དེང་སང་བོད་རྒྱུད་ནང་བསྟན་པ་མང་པོས་ཚན་རིག་དང་ནང་ཆོས་ཤ་གཉེན་རེད་ཟེར་བ་དང་། ནང་ཆོས་དང་ཚན་རིག་ཕ་དང་མ་འདྲ་ཟེར་མཁན་མང་། སྐབས་རེ་སྟེས་དབང་གིས་ཕྱི་ནས་བལྟས་ན་དེ་ལྟར་ཡོང་སྲིད། འོན་ཀྱང་སྟེས་དབང་དེ་དངོས་སུ་རྒྱུ་འབྲས་ལ་འབྲེལ་དགོས་ན། ཚོད་ལྟ་རིམ་པར་བྱས་པའི་རྗེས་ལ་མཐུན་ཕྱོགས་དེའི་མཇུག་འབྲས་བརྒྱ་ཆ་མཐོན་པོར་བསླེབས་དགོས་པ་དེ་ཚན་རིག་པའི་ལམ་ལུགས་རེད།་ཚན་རིག་པའི་ལམ་ལུགས་ཀྱི་ཁྱད་ཆོས་གཙོ་བོ་གཅིག་ནི། ཆ་རྐྱེན་དང་ཁོར་ཡུག་གཅིག་གི་འོག་ལ་འབྲས་བུ་ཡང་གཅིག་པ་ཡོང་དགོས། དེ་ལ་བསོད་ནམས་ཀྱི་ཚོགས་དང་ཁམས་དང་མོས་པ་ཅེས་ཤོད་ཡུལ་མེད།
འདིར་བཤད་འདོད་པ་དེ། ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཚན་རིག་གི་ལམ་ལ་བསྐྱོད་འདོད་ན། སྔོན་ལ་རང་གི་འདོད་ཕྱོགས་དང་རྨི་ལམ། དེ་བཞིན་དད་པ་དང་རྨོངས་དད་སོགས་འདོར་དགོས། དེ་ནས་དངོས་པོའི་་གནས་ལུགས་གཞི་ལ་བཅོལ་ནས་ཉམས་མྱོང་ཚོད་ལྟ་མང་པོ་བྱས་པའི་རྗེས། ད་གཟོད་ཞིབ་འཇུག་གི་འབྲས་བུ་གཏན་ལ་འབེབ་དགོས། མ་ཟད་འབྲས་བུ་དེར་ད་དུང་བརྟག་དཔྱད་དང་མཐའ་དཔྱོད་མང་པོ་བྱེད་ཆོག་ལ། དེ་བས་སྐྱོན་བརྗོད་ཐུབ་ན་དེ་ལ་ཡོན་ཏན་བཟུང་། དེ་ཚན་རིག་པ་ངོ་མའི་སྲོལ་རེད། གཞན་པ་རྣམས་ཚན་རིག་པ་ཉེ་ཚེ་བ་ལས་ངོ་མ་མིན།
བྱས་ཙང་། ནང་པ་སངས་རྒྱས་པ་དེ་ཚན་རིག་གི་ལམ་ལ་དངོས་སུ་བསྐྱོད་འདོད་ན། སྔོན་ལ་ནང་པས་འདོད་པའི་དངོས་པོ་དཔེར་ན་སྐྱེ་བ་སྔ་ཕྱི་ལྟ་བུར་དད་པ་དང་ཡིད་ཆེས་མེད་པར། དེ་ཡོད་མེད་དངོས་པོའི་གནས་ལུགས་ཀྱི་ཐོག་ནས་བཙལ་དགོས།་དེ་ལྟར་དངོས་པོའི་གནས་ལུགས་ཀྱི་ཐོག་ནས་བཙལ་མ་ཐུབ་ན། ལྐོག་འགྱུར་ཡིན་སྟབས། དེ་ལ་ཡིད་ཆེས་མི་བྱ་བར་ད་དུང་ཐེ་ཚོམ་གྱི་གནས་སུ་བཞག་ནས། ཞིབ་འཇུག་བྱེད་པ་ལས། རིགས་པ་དང་རྣམ་རྟོག དག་སྣང་། དེ་བཞིན་གཏེར་ཆོས་དང་། ལུང་ལྗན་ལྗིན་ཞིག་ལ་སྐྱབས་བཅོལ་ནས། སྐྱེ་བ་སྔ་ཕྱི་ཡོད་པར་ཐག་བཅད་ན། དེ་ཚན་རིག་དང་འགལ་བ་རེད། ཚན་རིག་པས་དཔང་རྟགས་འཁྱེར་ཤོག་ཟེར་དུས། བྱིས་པ་རྐང་རེ་གཉིས་ལ་མཛུབ་མོ་བཙུགས་ནས། དེ་ཚོས་རང་གི་སྐྱེ་བ་སྔོན་མའི་ཕ་མ་དྲན་གྱི་འདུག་ཅེས་བཤད་ན། བློ་དང་ལྡན་པ་རྣམས་ངུ་མ་བྲོ་ཡང་། བགོད་བྲོ་བར་འགྱུར། རྒྱུ་མཚན་ནི་བྱིས་པ་ལོ་མ་སྨིན་པ་ཞིག་གི་ཁ་ཡན་ཁྱེར་ནས་ལོ་རྒན་དུང་ཕྱུར་གྱིས་བསྒྲུབས་མ་ཐུབ་པ་ཞིག་སྒྲུབ་པར་འདོད་པ་དེ་རེད། བྱས་ཙང་དེ་ཚན་རིག་མ་རེད།
དེ་བཞིན་ནང་ཆོས་དེ་ངོ་མ་ཚན་རིག་པར་འགྱུར་འདོད་ན། སངས་རྒྱས་དང་། ཁོང་གི་ལོ་རྒྱུས། དེ་བཞིན་ཁོང་གི་རྗེས་བྲང་བླ་མ་དང་ཆོས་འདོན་མཁན་ཚོའི་བསམ་བློའི་གནས་སྟངས། སེམས་ཁམས་ཀྱི་གནས་སྟངས། དམིགས་ཡུལ། ཁོར་ཡུག དེ་བཞིན་སྤྱོད་པ་སོགས་ལ་དད་པ་དང་དག་སྣང་རྒྱང་དུ་བསྲིངས་ནས། དྭོགས་པ་དང་། སྐྱོན་འཚོལ། མཐའ་དཔྱོད། རིགས་པ། ཚོད་ལྟ། རིགས་བགྲེ་སོགས་རྣམ་དཔྱོད་ས་ཡ་མང་པོར་བརྟེན་ནས་བརྟག་དཔྱད་བྱེད་པའི་བསམ་བློའི་རང་དབང་གི་་ཁོར་ཡུག་བསྐྲུན་དགོས། དེ་སུས་བྱེད་ཐུབ་བམ། ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་ང་ཚོ་ཚན་རིག་པ་མ་རེད། ང་ཚོ་ནི་ད་དུང་ནང་ཆོས་འཛམ་གླིང་ལ་སྤེལ་འདོད་པའི་ཆོས་པ་འབའ་ཞིག་རེད།
ང་རང་ལ་མཚོན་ན། ངས་ནུབ་ཕྱོགས་པའི་སྤྱི་ཚོགས་ཚན་རིག་ལོ་བཞི་ཙམ་སྦྱངས་པ་ཡིན་ལ། དེའི་མཇུག་འབྲས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་པའི་སློབ་ཆེན་ཞིག་གི་ལག་འཁྱེར་ཞིག་ཀྱང་ཐོབ་མྱོང་། ངས་ཚན་རིག་གི་འགྲོ་སྟངས་དང་། མཇུག་འབྲས་ཤེས་ཀྱི་ཡོད། ངས་ཚན་རིག་གི་ཐོག་ནས་ནང་ཆོས་ཀྱིས་མི་ལྡང་བའི་ཆ་སྟོང་ཕྲག་ཡོད་པ་དེ་ཚོ་ཡང་ཤེས་ཀྱི་ཡོད། འོན་ཀྱང་ང་ལ་ཕ་མེས་ནས་བརྒྱུད་པའི་ཆོས་ཀྱི་བག་ཆགས་མཐུག་པོ་ཞིག་ཡོད། རང་གི་མི་རིགས་ཀྱི་ཁྱད་ཆོས་དུ་མ་ཞིག་སྟོང་ལ་ཉེ་བའི་དུས་ཚོད་ཅིག་ཤར་ཡོད། སྔོན་གྱི་བླ་མ་དང་རྒན་རྒོན་མང་པོ་ཞིག་འདས་འགྲོ་བ་དང་། དུས་དང་དགོས་མཁོའི་དབང་། ད་དུང་བཙན་པོའི་དབང་གིས་རང་རེའི་རིག་གཞུང་ཤུལ་འཛིན་མཁན་སྟོང་བཞིན་ཡོད། ཐ་ན་སྐད་ཡིག་ཡན་་ཆད་འཇིག་ལ་ཁད་ལ་ཐུག་ཡོད། གནས་སྟངས་འདི་འདྲ་ཞིག་གི་འོག་ལ་ངས་ཚན་རིག་བསྐྱུར་ནས། བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་རྒྱུར་དམ་བཅའ་བཞག་པ་ཡིན། ངས་འདི་ལྟར་ཚན་རིག་བློས་བཏང་ནས་ཉིན་ལྟར་སྒོམ་ཞིག་རྒྱག་གི་ཡོད། ངས་དི་ལྟར་ཉིན་ལྟར་རང་གི་སློབ་ཆེན་ནང་གི་ཚན་རིག་པ་ངོ་མ་ཡིན་པའི་དགེ་རྒན་དེ་ཚོ་དང་འབྲེལ་བ་ཆད་ནས། ཚན་རིག་པ་ཉེ་ཚེ་བའི་བླ་མ་ཚོའི་བཀའ་སློབ་ལ་སློབ་སྦྱོང་བྱེད་བཞིན་ཡོད། ངས་འའདི་ལྟར་བྱེད་པ་ནི་རང་གཅེས་འཛིན་མཐུག་པོ་ཞིག་གིས་འོག་ལ་ཚུད་པ་སྟེ། རང་གི་མི་རིགས་འདི་དང་འདིའི་རིག་གཞུང་དེ་ལོ་བཅུ་ཕྲག་འགའ་ཤས་ཉར་ཐུབ་ཨེ་ཡོང་སྙམ་པའི་དམིགས་ཡུལ་དམའ་པོ་ཞིག་ལ་བབས་པ་ཡིན། བྱས་ཙང་བོད་པའི་སྤྱི་ཚོགས་ནང་གི་སྤོ་ལགས་དང་རྨོ་ལགས་དེ་ཚོས་ང་ལ། “བུ་ཆོས་ལ་ཡིད་ཆེས་བྱེད་དགོས་རེད་དཱ། ཚན་རིག་ལ་ཡིད་ཆེས་བྱེད་དགོས་རེད་དྭ། ང་ཚོའི་ནང་ཆོས་དེ་ཚན་རིག་དང་ཡོངས་སུ་མཐུན་གྱི་ཡོད་དཱ་།”ཅེས་གོ་དུས་ངའི་སྙིང་ལ་ན་ཟུག་ཏོག་ཙམ་འདུག་རུང་སུ་ལ་ཤོད་ཕོད།
་་་་་་་་་་་་་་་་ ངས་ཚན་རིག་གི་ཐོག་ནས་ནང་ཆོས་ཀྱིས་མི་ལྡང་བའི་ཆ་སྟོང་ཕྲག་ཡོད་པ་དེ་ཚོ་ཡང་ཤེས་ཀྱི་ཡོད། ་་་་་་་་་་་ ཟེར།
་
འདི་ངས་ཁས་མི་ལེན་ནོ། ། དྲིས་ཤོག ལན་ཕུལ་ཆོག
ཚ་གྲང་མཉམ་ཐུང་དཀའ་མོ་རེད་ལ་མེ་ཆུ་མཉམ་གནས་དཀའ་མོ་
རེད་ལ་ནང་ཆོས་ཀྱི་བསྟན་པའི་བསླབ་བྱ་དང་ཚན་རིག་གི་བསྟན་
པའི་ཤེས་བྱ་གཉིས་ཤེལ་དམ་གཅིག་གི་ནང་སྨན་སྦྲུལ་གཅིག་དང་
དུག་སྦྲུལ་གཅིག་མཉམ་དུ་བཅུག་པ་འདྲ་བོ་མ་རེད་དམ་?
ཧ་ཧ་ཧ། དངོས་པོ་ནི་ཕྱིའི་གཟུགས་ཙམ་ལ་གོ་བ་ག་ལ་ཡིན། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལ་གོ་བ་ལགས། ཚན་རིག་པས་གཟུགས་ལ་ཞིབ་འཇུག་དང་། ནང་པས་ཤེས་པ་ལ་ཞིབ་འཇུག་གནད་སྨིན་བྱས་ཡོད་པར་འདོད་ལགས།
མི་འགའ་ཤས་ཤེས་ཚད་མཐོ་པོ་སླེབས་ཀྱང་ཤེས་ཡོན་བེད་སྤྱོད་བྱེད་མི་ཤེས་པ་ནི་བློ་ཕམ་རེད། ནང་ཆོས་དང་ཚན་རིག་གཉིས་མཐུན་ཟེར་བ་ནི་ཆ་ཀུན་ནས་མཐུན་ཟེར་བ་ཞིག་ཨེ་ཡིན། དོན་གནད་གཙོ་བོ་འགའ་ཤས་མཐུན་ན་མཐུན་ཟེར་ཆོག ཚན་རིག་གིས་རྒྱུ་འབྲས་དང་། རྡུལ་ཕྲ་མོ། འགྱུར་བ་སོགས་རྨང་གཞིར་རྩིས་པ་བཞིན་ནང་ཆོས་སུ་ལས་རྒྱུ་འབྲས། སྟོང་པ་ཉིད། མི་རྟག་པ་སོགས་གཙོ་བོར་འཛིན་གྱི་ཡོད་པ་དེ་དག་མཐུན་པའི་ཆ་ནས་མཐུན་ཟེར་ཆོག་པ་ཡིན། དོན་དངོས་ཐོག་ཚན་རིག་པར་ནང་ཆོས་ནི་ཆོ་ག་དང་སྨོན་ལམ་སོགས་བྱེད་པ་ཙམ་མིན་པར་རིག་གནས་གཏིང་ཟབ་མོ་ཡོད་པ་སྟོན་ཐབས་གཙོ་བོ་ལས་ནང་ཆོས་ཐོག་ནས་ཚན་རིག་སྦྱོང་ཐབས་ཤིག་མིན་པ་མཁྱེན་དགོས།
ཚན་རྩལ་རིག་པས་ཕྱི་དངོས་ཡར་རྒྱས་ཙམ་།
ནང་ཆོས་་རིག་པས་ནང་སེམས་ཁ་ལོ་བསྒྱུར་།
ཚན་རྩལ་རིག་པས་ཚེ་འདིའི་བདེ་སྐྱིད་བསྐྲུན་།
ནང་ཆོས་རིག་པས་ཕྱི་མའི་བདེ་ལམ་བསྟན་།
ཚན་རིག་པ་ཕྱི་དངོས་པོའི་ཡུལ་དང་ཐ་སྙད་ཀུན་རྫོབ་ལ་མཁས་ཀྱང་ནང་སེམས་ཀྱི་དེ་ཉིད་དམ་ས་ལམ་གྱི་རྣམ་བཞག་ལ་མི་མཁས་པ་ནི་སྨོས་ཅི་དགོས། རྡུལ་ཕྲན་ཆ་མེད་ལ་ཡང་ཚན་རིག་ལས་ཀྱང་ནང་ཆོས་ཀྱི་ཐ་སྙད་རིགས་པས་ཕྱུག་པར་ཐོས། མ་ཟད་ནང་པའི་གཞུང་དུ་ཕུང་ཁམས་སྐྱེ་མཆེད་སོགས་གཞི་ཡི་རྣམ་བཞག་དང་ཚན་རིག་གི་རིགས་པ་གཉིས་ཁྱད་མེད་པ་འདྲ་ཞིག་མ་རེད་དམ། གཞན་ལམ་དང་འབྲས་བུའི་ཆོས་རྣམས་ཚན་རིག་ནང་དུ་ཟུར་ཙམ་ཡང་མེདཔ་ཡིན་དུས་ཞིབ་འཇུག་ནན་པོ་ད་དུང་གནང་བར་འཚལ་ལོ།
མཚན་རིག་དང་ནང་ཆོས་གཉིས་མཉམ་དུ་གནས་ཐབས་བྲལ། ནང་ཆོས་ཀྱི་སྙིང་པོ་ནི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ངང་ནས་ཕྱིའི་སྣོད་དང་ནང་གི་བཅུད་གཉིས་གཅིག་ལ་གཅིག་བརྟེན་ནས་གནས་ཞིང་། སྐྱེ་བ་སྔ་ཕྱིི། ལས་རྒྱུ་འབྲས་སོགས་ནི་ནང་ཆོས་ཀྱི་སྙིང་པོ་ཞིག་ཡིན། མཚན་རིག་གི་ལམ་ནས་ཡར་རྒྱས་ཅི་ཙམ་བསྐྱོད་ཀྱང་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ལ་ངེས་པ་ཅུང་ཟད་ཀྱང་རྙེད་ཐུབ་ཀྱི་མེད། མ་འོང་པར་ཀྱང་རྙེད་མི་སྲིད། མཚན་རིག་པས་འཇིག་རྟེན་ཁམས་འདི་རྡུལ་ཕྲན་ཕྲ་མོ་ལས་གྲུབ་པ་རེད་ཅེས་ནང་ཆོས་དང་ཐུན་པ་དེ་ཙམ་རེད། གཞན་རྣམ་པར་ཤེས་པ་ད་དུང་ཤེས་ཐུབ་ཀྱི་མེད། མིའི་དབུགས་ཆད་རྗེས་ཀླད་པའི་བྱེད་ལས་ཐམས་ཅད་རང་བཞིན་གྱིས་མཚམས་བཞག་ནས་རྗེས་སུ་ཤེས་པ་ཞིག་མུ་མཐུད་ནས་སྐྱེ་བ་གཞན་ཞིག་ལེག་གྱི་ཡོད་པར་བསམ་བློ་ཙམ་ཡང་གཏོང་ཐུབ་ཀྱི་མེད། དེའི་ཕྱིར་མཚན་རིག་ནང་ཆོས་དང་མཉད་དུ་ནམ་ཡང་བསྐྱོད་མི་ཐུབ། །
རེད།
ཚན་རྩལ་རིག་པས་དཔལ་འབྱོར་འདུ་འགོད་དང་།
ནང་ཆོས་རིག་པས་སེམས་རྒྱུད་ངོ་སྤྲོད་གཉིས་།
གཅིག་གི་གཅིག་ལ་བདེན་ངོ་སྤྲོད་སྲིད་ཀྱང་།
ཚན་རྩལ་རིག་པས་ནང་ཆོས་བརྡོ་ཟླ་མིན་།
ང་ཆོས་ཆོས་གཞུང་ནས་གསུང་བ་ནི་
གཞི་བདེན་པ་གཉིས།
ལམ་ཐབས་ཤེས་གཉིས་
འབྲས་བུ་སྐུ་གཉིས།
བདེན་པ་གཉིས་ལས་
ཚན་རིག་དང་མཐུན་པའི་ཆ་ཅིག་ཡོད་པ་ནི་ཀུན་རྫོབ་ཀྱི་རྣམ་གཞག་ཡིན་ལ། དེ་ཡང་ཚང་མ་མཐུན་པ་ཡིན་པར་མི་སྨྲ་ཞིང་དབང་རྩ་དང་རྡུལ་ཕྲ་རབ་ལ་སོགས་པའི་དངོས་པོ་འགའ་ཞིག་ལས་མཐུན་པའི་ཆ་ཞིག་ཡོད་པ་ལ་ཟེར་དགོས།
རྟེན་འབྲེལ་ལྟ་བུ་ལ་མཚོན་ན་ཡང་རྒྱུ་འབྲས་རྟེན་འབྲེལ་ཙམ་དང་དེའི་ཕྱོགས་དང་མཐུན་པའི་ཆ་ཅིག་ཡོད་པ་དངོས་ཡོད་ཡིན། ཡིན་ཡང་ཕྱོགས་ཐམས་ཅད་ནས་མཐུན་པ་ཡིན་ཅེས་སུས་ཀྱང་བཤད་མ་མྱོང་། གང་བྱུང་འུར་མ་བརྒྱག་རོགས།
ནུབ་ཕྱོགས་ཀྱི་ལོ་རྒྱུས་ལ་བལྟས་ན་སྔོན་ཆད་ཚན་རིག་པས་ཆོས་ལུགས་ནི་རྨོངས་དད་ཞིག་ལ་བརྩིས་ཀྱིན་ཡོད་པ་གསལ་བོ་ཡིན། ད་ཆ་ནང་ཆོས་ནི་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱིས་གཏན་ལ་ཕབས་ནས་འགྲོ་དགོས་པ་དང་ཚན་རིག་ལྟར་བརྟག་ཀྱང་དཔྱད་ནས་རྙེད་དོན་ཞིག་རང་སེམས་རྒྱུད་དང་སྤྱར་ནས་ཉམས་ལེན་གྱིན་ཡོད་པ་ཤེས་ཡོད། ཚན་རིག་པས་འདི་ལ་ངེས་ཤེས་རྙེད་མེད་ཀྱང་ནང་ཆོས་ནི་རྨོངས་དད་ཞིག་མིན་པ་ཟུར་ལྟས་ལེབ་མཐོང་དུ་གྱུར་ཡོད། ་འདི་ཡང་ང་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་དང་། གཞན་ལ་ངོམ་ཆོག་པའི་གྲུབ་འབྲས་ཞིག་རེད་ཅེས་སྨྲས་ཀྱང་ངོ་ནོངས་མི་དགོས་པར་སེམས།
མ་འོངས་པར་ཚན་རིག་པས་ང་ཚོ་གྲོགས་སུ་མ་མཐོང་ན་ཡང་ཆོས་ལུགས་གཞན་དང་འདྲ་བར་དགྲ་རུ་མི་འཛིན་པར་ཡིད་ཆེས་ཡོད།
བདེ་མོ་བྱོས།
མི་ཤེས་པ་ནི་སྡུག་བསྔལ་ལོ།།
ཞེས་གསུངས་སོ།།་་
ག་ལེར་ག་ལེར་ཚན་རིག་གི་ལག་རྩལ་ཇེ་ཟབ་ཏུ་ཕྱིན་ནས། རྣམ་ཤེས་སོགས་ལ་བརྟག་པ་བགྱི་ཐུབ། དཔེར་ན། མི་རིང་བར་མིའི་མགོ་བརྗེ་སྤོར་བྱ་རྒྱུ་རེད། དེས་རྣམ་ཤེས་དང་ཀླད་པའི་འབྲེལ་བ་ཤེས་ཐུབ།
རྨོ་བོ་ལགས།
འདི།
རྨོ་མོ་ལགས། ཞེས་བྲིས་ན་སྐྱོན་ཅི་ཡོད་དམ། ལགས།
ལགས་རེད། སྔོན་ཆད་ཚན་རིག་པས། ཆོས་རྨོངས་དད་དུ་བརྩིས་པ་རེད། དིང་ནང་པས། ཚན་རིག་པ་རྣམས་རྨོངས་དད་དུ་རྩི་བའི་དུས་ལ་བབ་ཡོད་དེ། མི་ཤེས་སམ། ལགས།། །།
གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས། ཅེས་པའི་གཞི་ལམ་འབྲས་བུའི་རྣམ་བཞག་འདོད་ཚུལ་དེ་མདོ་སྔགས་གཉིས་ལས་མདོ་དང། མདོ་ལ་ཡང་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆུང་ངུའི་འདོད་ཚུལ་ཡིན་ས་ཡོད། ཐེག་པ་ཆེན་པོ་ཆེན་པོའི་ལུགས་ལ་གཞི་གཅིག་ལམ་གཉིས་འབྲས་བུ་གཉིས་ཞེས་འདོད་ཀྱིས་ཡོད་པ་ཡོད།
ཡང་དྲ་འབུ་དང་གྲ་ལོག་ཉི་ཚེ་བ་ཚོས་ཚན་རིག་བཤད་འགོ་བརྩམས་སོང་། ད་གང་དྲག
ཚན་རིག་པའི་བགྲོད་ཚད་དེ་ཆོས་ལུགས་ལས་འགོར་བ་ཡོད། རྒྱུ་མཚན་ནི་གསལ་པོ་རེད། ཚན་རིག་པས་ཁ་ཡོད་ལག་ཡོད་དང་མིག་མཐོང་ལག་ཟིན་ལས་རིགས་པ་དང་། དག་སྣང་། རྨི་ལམ་སོགས་བཀོལ་བར་མི་བྱེད། འོན་ཀྱང་ཁོང་ཚོའི་ལག་ཏུ་ཐེབས་པའི་དངོས་པོ་རྣམས་ལ་ངེས་དོན་དང་དྲང་དོན། ཕྱི་ནང་གསང་གསུམ། ཤིན་དུ་གསང་བ་སོགས་ལ་བརྟེན་དགོས་མེད། མིག་ཡོད་པ་དང་ལག་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར།
ག་ལེར་ནང་པས་བཤད་པའི་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི་རྣམས་ཚན་རིག་པས་བཙལ་འོང་། ང་ཚོ་བྲེལ་བ་བྱེད་མི་ཉན། ཤེས་བྱ་ཡག་པོ་དེ་ཚོ་ཐོབ་པར་དུས་ཚོད་དགོས།