དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
-བོད་ནང་གི་སྐད་འཕྲིན་ཚོགས་པ་ཞིག་ལ་བཤད་པའི་གཏམ་བརྗོད།
ཚོགས་མི་ལྔ་བརྒྱ་ཡོད་པའི་ཚོགས་གཙོ་འདིའི་ཚོགས་མི་ཚང་མར་འཚམས་འདྲི་ཞུ་གི་ཡོད། ཡུན་རིང་པོ་ཞིག་ལ་ཚོགས་པ་འདིའི་ནང་ངས་ཁ་གྲག་རྒྱུ་མ་བྱུང་། སྤྱིར་བཏང་མ་ཁོམ་ནི་རེད། དེ་ནས་དམིགས་གསལ་བཤད་རྒྱུ་ཆེན་པོ་ཞིག་མེད་སོང་བ་རེད། ངས་ཉི་མ་གཉིས་ཀྱི་སྔོན་ལ་གློག་བརྙན་ཞིག་ལ་བལྟས་པ་ཡིན། གློག་བརྙན་དེའི་འཁྲབ་ཁྲིད་པ་དང་མི་སྣ་དེ་ཚོ་སུ་ཡིན་མི་དྲན་ཡང་གློག་བརྙན་དེའི་མིང་ལ་རླུང་ཟེར་གི གློག་བརྙན་དེ་འཁྲབ་ས་ཕར་བལྟས་ན་རྔ་བ་ཡི་ཕྱོགས་རེད། ད་རྔ་བ་ཡི་ཟུང་ཆུ་ཡིན་ནམ་འབྲུག་ཆུ་མི་ཤེས། གཟི་ཚ་སྡེ་དགུ་ཡི་ཡུལ་ལྗོངས་ཤར་གི་ཡོད་གི དེའི་རྐྱེན་གྱིས་སི་ཁྲོན་རྔ་བ་ས་ཟིག་ཕལ་ཆེར་རེད་བསམ་གི དེར་འཁྲབ་སྟོན་པ་ཁག་ཅིག་ཡོད་གི དེའི་ནང་ནས་ནམ་རྒྱུན་ཡོངས་གྲགས་ཀྱི་འཁྲབ་སྟོན་པ་ཞིག་ཡོད་པ། བོད་ཀྱི་གཞས་མ་དབང་སྒྲོན་མཚོ་ཟེར་གོ་ནོ་དེ་ཡོད་གི དེ་འཁྲབ་སྟོན་ནང་ནས་མི་སྣ་ཞིག་རེད། ཁྱིམ་བདག་མ་ཞིག་འཁྲབ་གོ་གི དུ་གི་ད་གློག་བརྙན་དེའི་ནང་གི་སྒྲུང་དེ་ཅི་ཞིག་རེད་ཟེར་ན། ད་ང་ཚོའི་ཕ་ཡུལ་ནས་བུད་མེད་རྒན་ཚང་ཟེར་བ། ཁྱིམ་དེ་ན་སྐྱེས་པ་ཞིག་མེད་ན་ཁྱོད་བུད་མེད་རྒན་ཚང་ཟེར་ནི་རེད། མཐོང་ཆུང་བྱེད་ས་དེ་འདྲ་ཞིག་ཡིན། དེ་རྒྱུ་མཚན་ཅི་ཞིག་རེད་ཟེར་ན་ཁྱིམ་དེ་ན་སྐྱེས་པ་ཞིག་མེད་པས། གཞན་གྱིས་ཁྱད་གསོད་འདྲ་བོ་བྱེད་ཀྱི་རེད། སྔོན་མ་དེ་འདྲ་ཡིན། ད་ཁ་སང་དེ་རིང་མི་ཤེས། གློག་བརྙན་དེའི་ནང་ནས་བུད་མེད་ཅིག་དང་མོ་རང་ཉིད་ལ་བུ་མོ་ཞིག་ཡོད་གི དེ་ཡིན་ན་ཁྱིམ་ཚང་གཅིག་རེད། ཁྱིམ་ཚང་གཞན་པ་དེ་དབང་སྒྲོན་མཚོ་དེ་ཁྱིམ་བདག་ཡིན་པ། མོ་རང་ཉིད་ལ་མག་པ་ཞིག་དང་། དེ་ནས་ཁོ་རང་གཉིས་ལ་བྱིས་པ་བུ་ཞིག་ཡོད་པ་རེད། དེ་ཁྱིམ་ཚང་གཅིག་རེད། དེ་ནས་ཚོང་རྒྱག་མཁན་གྱི་ཚོང་བ་ཞིག་ཕར་བལྟས་ཚོད་ཀྱིས་མི་རྐྱང་ཞིག་ལོས་ཡིན་བསམ་པ་ཞིག་ཡོད་གི
གློག་བརྙན་དེའི་ནང་དུ་མར་བལྟས་ཡོང་ན། དབང་སྒྲོན་མཚོ་ཁྱིམ་བདག་མ་དེ་ཡ་མཚན་གྱི་བུད་མེད་རྣམ་རྟོག་ཅན། ནམ་རྒྱུན་ང་ཚོ་སྲོལ་རྒྱུན་གྱིས་ཅི་ཟེར་དགོས་པ་རེད་ཟེར་ན་གྲིབ་ཟེར་ན་རེད། རྣམ་རྟོག་མཐུག་པོ་ཅན་གྱི་དེ་འདྲ་ཞིག་འཁྲབ་ཡོད་གི། དཔེ་བཞག་ན། བུད་མེད་རྒན་ཚང་ཟེར་ན་རེད། ཁྱིམ་ན་སྐྱེས་པ་མེད་པའི་བུད་མེད་དེ་ཚང་ནས་ཅ་ལག་ཞིག་ཁྱེར་ཡོང་བ་འདྲ། དེ་ཚང་གི་བྱིས་པ་ཆུང་ཆུང་དེ་ཁོ་རང་ཚང་གི་བྱིས་པ་ཆུང་ཆུང་དང་མཉམ་དུ་རྩེད་ན། དེ་ལྟ་བུ་བྱེད་ན་བཀྲ་མི་ཤིས་པ། ཐན་ལྟས་ཡིན་པ། ལྟས་ངན་པ་དེ་འདྲ་འཁྱེར་ཡོང་བས་ཡིད་ཆེས་ཡོད་ནས། དེ་ལ་བརྟེན་ནས་ཁྱིམ་ཁ་གཉིས་ཀྱི་བར་ལ་འགལ་ཟླ་མང་པོ་བྱུང་པ། གཏམ་རྒྱུད་དེའི་བྱུང་རིམ་ནང་དུ་བལྟས་ཡོང་ན་དེ་འདྲ་ཞིག་ཡོད་གི
ད་ཡིན་ན་ཡང་ཕྱོགས་གཞན་ཞིག་ནས། བུད་མེད་རྒན་ཚང་ཟེར་ནི་རེད། ཁྱིམ་ཚང་དེ་ཚང་གི་ཞི་མོ་ཆུང་ཆུང་དེ་དབང་སྒྲོན་མཚོ་ཡི་མག་པ་ཡི་ཞི་མོ་ཡིན་དགོས་གི དེ་ཡིན་ན་སྐྱེས་པ་དེས་སེམས་ནས་མ་བཟོད་པར་མ་བུ་གཉིས་ཀ་ཁ་བལྟས་མིག་བལྟས་རེ་བྱས་པ་ཡིན་ན། དབང་སྒྲོན་མཚོ་ཡིས་འཁྲབ་བཞིན་པའི་ཁྱིམ་བདག་མ་དེ་ཡེ་ནས་མ་འཐད་པར། ཕྱོགས་གཅིག་ནས་ཕྲག་དོག་འདྲ་ཡིན་རྒྱུ་རེད། ཕྱོགས་གཅིག་ནས་དེའི་རྣམ་རྟོག་དེ་རྒན་ཚང་རེ་ཟེར་ནས། ཁྱིམ་ཚང་གན་ན་སྐྱེས་པ་མེད་ནི་རེད། བུད་མེད་དེ་སྣ་ནག་མ་ཟེར་ནི་རེད། བཀྲ་མི་ཤིས་པ་ལྟས་ངན་པའི་ཚུལ་དུ་བརྩི་བ་རེད། ཁྱིམ་ཚང་དེའི་བཀྲ་མི་ཤིས་པ་དང་རང་ཉིད་ཀྱི་བྱིས་པ་ན་བ་ཡིན་ན་ཁག་འཇོག་ས་ཐམས་ཅད་ཁྱིམ་ཚང་བཀྲ་མི་ཤིས་བ་དེ་ཡིན་པར་བརྩི་བ། ཁྱིམ་ཚང་གཞན་དེ་གདོན་བཏང་བ། དེ་ལྟ་བུའི་ལྟ་སྟངས་ཡོད་པ་རེད།
གློག་བརྙན་དེའི་སྨད་ཆ་འདྲ་ཞིག་ན་སྡེ་བ་དེས་ལབ་ཙེ་་བསྟོད་བཞིན་པ་རེད། ལབ་ཙེ་བསྟད་དུས་ཁོ་གཉིས་ཀ་འགྲོ་ཉན་ནི་མ་རེད། བུད་མེད་རེད། དབང་སྒྲོན་མཚོ་ཡི་སྐྱེས་པ་དེས་མཚམས་མཚམས་རེར་གན་མ་བུ་གཉིས་ཀྱི་བསང་ཁུག་ཁྱེར་ནས་བསང་ཕུད་དུ་འགྲོ་བ་རེད། གན་མ་བུ་གཉིས་ཀྱི་ཚབ་ཏུ་བསང་ཕུད་པ་དེ་ལྟ་བུ་ཞིག་རེད། ཁྱིམ་ཚང་གི་འགལ་ཟླ་དེ་ཇེ་ཆེར་སོང་ནས། དེའི་མཇུག་ཏུ་ལབ་ཙེ་བསྟོད་དུས་དང་བསང་འཕུད་དུས་དབང་སྒྲོན་མཚོ་ཡི་སྐྱེས་པ་དེས། གན་མ་བུ་གཉིས་ཀྱི་བསང་ཁུག་མ་ཁྱེར་བ་རེད། དེ་དུས་དེ་ཚང་གི་བུ་མོ་དེ་ནར་སོན་ནས་ཕལ་ཆེར་ལོ་བཅུ་གསུམ་ལྟ་བུར་ཆགས་ཡོད་གི། དེ་ནས་ཞི་མོ་དེས་རང་ཉིད་ཀྱི་བསང་རྩི་བཟུང་ནས། ཡར་ལབ་ཙེ་བསྟོད་ས་དེར་སོང་བ་རེད། ཨ་མ་ཡིས་མོ་ལ་མ་འགྲོ་ཞེས་བཤད་ན་ཡང་། བཙན་གྱིས་བུད་སོང་བ་རེད། ཡར་ལ་རྩེར་ཐོན་སྐབས་སུ་དབང་སྒྲོན་མཚོའི་སྐྱེས་པ་དེ་མོ་རང་གི་ཕ་ཡིན་པ། དེས་མཐོང་དུས་དེ་མར་ཡོང་ནས། བུད་མེད་དེ་ལ་ཁྱོད་ཡོང་ཉན་ནི་མ་རེད། བུད་མེད་ཅིག་བསང་ཕུད་ཀི་ཡོང་ཉན་ནི་མ་རེད་ཟེར། དེ་དུས་ཞི་མོ་ཆུང་ཆུང་དེས་ཅི་ཞིག་བཤད་པ་རེད་ཟེར་ན། ཁྱེད་ཅག་ཨ་མ་ཡི་ཁོག་ནས་སྐྱེས་ནི་མིན་ནམ། ཁྱེད་ཅག་གི་ཁྱིམ་ལ་རྗེ་བཙུན་སྒྲོལ་མ་ཡི་སྐུ་མེད་ནས་ཟེར། དེ་ནས་མོ་རང་གི་ཕ་དེ་ཕར་གཡུག་སྟེ། དེ་ནས་ཡར་འགོས་དུས་ཡང་སྐྱེས་ན་གཞན་ཞིག་ཡོང་བ་དེ་ཡང་ཕར་གཡུགས། དེ་ནས་ཡང་སྐྱེས་ན་གསུམ་པ་ཞིག་ཐོན་པ་དེ་ཡང་ཕར་གཡུགས་ནས། དེ་ལྟར་བཙན་གྱིས་ཁ་བས་གཡོགས་པའི་རི་མགོ་དེར་འགོས་ནས་བསང་ཕུད། རླུང་རྟ་སྤུར། དེ་ལྟར་གློག་བརྙན་དེ་མཇུག་རྫོགས་པ་ཞིག་རེད། ད་དུང་དེས་མི་ཚད། གློག་བརྙན་དེའི་མགོ་དེ་ན། བྱིས་པ་སྐྱེ་དུས། དབང་སྒྲོན་མཚོ་ཡིས་བྱིས་པ་སྐྱེ་དུས། བུད་མེད་ཀྱིས་ཁྱིམ་ནས་བྱིས་པ་སྐྱེས་ན་ཡུལ་ལྷ་གཞི་བདག་སོགས་མནོལ་འགྲོ་བ། བྱིས་པ་སྐྱེས་དུས་ངེས་པར་དུ་ཟོག་འཇུག་ས་འདྲ་བོ། ཅ་ལག་འཇོག་ས་འདྲ་བོ་དེར་སོང་ནས་སྐྱེ་དགོས་པ་རེད། ངའི་ཕ་ཡུལ་ན་དེ་འདྲ་རྩ་བ་ཉིད་ནས་མེད། ཡིན་ན་ཡང་བོད་ཀྱི་ས་ཆ་ལ་ལ་ནི་དེ་འདྲ་ཡོད་སྲིད་པ་རེད། བུད་མེད་ཀྱིས་བྱིས་པ་སྐྱེ་དུས་འོག་ཁང་དང་ཕྱུགས་ཁང་འདྲ་བོ། དེ་མ་གཏོགས་ཁྱིམ་ནས་སྐྱེས་པ་ཡིན་ན་གྲིབ་འདྲ་བོ་ཕོག་འགྲོ་བ། ད་གང་ལྟར་དེ་ངན་པ་ཞིག་ཏུ་བརྩི་བའི་ལུགས་སྲོལ་དེ་འདྲ་ཡོད་པ་རེད།
མི་རིགས་གཞན་པའི་ནང་དུ་ཡང་དེ་འདྲའི་ལུགས་སྲོལ་ཡོད་པ་རེད། རྒྱ་ནག་ལ་ཡང་ཡོད་པ་རེད། རྒྱ་ནག་གི་གློག་བརྙན་ཁ་ཤས་ནང་དུ་དེ་ལྟ་བུ་ཡོད་པ་རེད། བུད་མེད་དེ་ལ་བྱིས་པ་སྐྱེ་དུས། ངེས་པར་དུ་འོག་ཁང་དང་། ཕྱུགས་ཁང་ནས་སྐྱེ་དགོས་པ་རེད། ཁྱིམ་ནས་སྐྱེས་ན་གྲིབ་ཡོད་པ་དེ་འདྲ་ངན་པ་ཞིག་ལ་བརྩི་བ་རེད། དེ་ནས་རྒྱ་གར་ལྟ་བུ་ལ་མཚོན་ན་ཡང་། དེའི་ལུགས་སྲོལ་དེ་ཡ་མཚན་ཆེན་པོ་ཡོད་པ་རེད། དེ་ཅི་ལྟར་ཤེས་པ་རེད་ཟེར་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུང་བའི་སྐབས་སུ། ཁོང་གི་མ་ཡུམ་དེ་རྒྱལ་བོའི་ཕོ་བྲང་ནས་སྐུ་འཁྲུངས་ན་མི་ཆོག་པར་ངེས་པར་དུ་མ་ཡུམ་གྱི་ཕ་ཡུལ་དུ་འགྲོ་དགོས་པ་དེ་ལྟར་རེད། དེར་བལྟས་ན་རྒྱ་གར་ནས་ཀྱང་བུད་མེད་ཀྱིས་བྱིས་པ་སྐྱེས་དུས་རང་གི་ཁྱིམ་ནས་སྐྱེས་མི་ཆོག་པ་དེ་ལུགས་སྲོལ་དུ་ཡོད་པ་རེད། ཁ་སང་དེ་རིང་ཡང་དེ་འདྲ་མང་པོ་ཞིག་ཏན་ཏན་ཡོད་པ་རེད།
སྤྱིར་བཏང་ཤར་ཕྱོགས་ཀྱི་ལུང་བ་མང་པོ་ཞིག་ཏུ་དེ་ཡོད་པ་རེད། བུད་མེད་ཀྱིས་བྱིས་པ་ཁྱིམ་ནས་སྐྱེས་ན་དེ་ཡ་མཚན་གྱི་གྲིབ་ཡོད་ནས། དེ་ཡ་མཚན་གྱི་མི་གཙང་བ་ཡིན་པའི་རྣམ་རྟོག་ཤུགས་ཆེན་པོ་ཡོད་པ་རེད། དེར་བལྟས་ཡོང་ན་རྨོངས་དད་ངོ་མ་དེ་རེད། མི་ཞིག་གིས་དལ་འབྱོར་གྱི་མི་ལུས་ཤིག་རྙེད་པ་ཡིན་ན། དེ་མི་གཙང་བ་ཡིན་ནས། ཨ་མ་ཞིག་གིས་བྱིས་པ་ཞིག་སྐྱེས་དུས། དེའི་གནས་སྐབས་དེ་མི་གཙང་བར་བརྩི་བ་དེ། རྨོངས་དད་ངོ་མ་དེ་དེ་རེད། འོ་ན། བུད་མེད་རྒན་ཚང་ཞིག་ཡིན་ན་རེད། ཁྱིམ་ཞིག་ན་སྐྱེས་པ་ཞིག་མེད་པ་ཡིན་ན་དེ་ཁ་མི་དྲོ་བ། བཀྲ་མི་ཤིས་པར་བརྩི་བ་དེ། ཡ་མཚན་གྱི་རྨོངས་དད་ངོ་མ་རེད། དེ་ཕོ་མཆོག་མོ་དམན་གྱི་ལྟ་བ་རེད། སྐྱེས་པ་ཕོ་ཡི་རིགས་དེ་མཆོག་ཏུ་བརྩི་བ། བུད་མེད་ཀྱི་རིགས་དེ་དམན་པར་བརྩི་བ་རེད། དེ་ལྟ་བུའི་ལྟ་གྲུབ་ལ་རྨོངས་དད་ཟེར་བ་རེད། སྐྱེས་པ་མཐོན་པོ་ཡིན་པ་དང་བུད་མེད་དམན་པ་ཡིན་པ་དེ་ལྟ་བུ་ཞིག་སངས་རྒྱས་བྱང་ཆུབ་སེམས་དཔའ་སུ་ཞིག་གིས་ཀྱང་གསུངས་ཡོད་པ་མ་རེད། དེའི་ལྟ་བ་ཁ་སང་དེ་རིང་ཡང་ཡོད་པ་རེད། ཡིན་ནའང་དེའི་རྗེས་སུ་ཞུགས་དགོས་ནི་མ་རེད། དེ་ལ་ཆོ་ཡོད་ནི་མ་རེད།
སྔོན་མར་མདོ་སྨད་ཆོས་འབྱུང་ཡིན་ནམ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཡིན་ནམ། དེ་ལྟ་བུ་ཞིག་གི་ནང་དུ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་ཚོགས་ཆེན་ཁྲི་བ་ཡིན་ནམ། ད་གང་ལྟར་བླ་མ་ཆེན་པོ་ཞིག་རེད། ཁོང་ཚང་གི་གྲྭ་ཤག་ཞིག་གསོ་བྱེད་པའི་གནས་སྐབས་ཤིག་ཡིན་བསམས་སོང་། དེ་རུ་ལས་ཀ་ལས་མཁན་མང་པོ་ཞིག་འདུག དེ་ན་སྒོ་ཆུང་ཞིག་ཡོད་པ་དེའི་ཀླད་དེར་བུད་མེད་ཅིག་གི་ལྷམ་ཞིག་བཞག་ཡོད་པ་རེད། དེ་ནས་བླ་མ་དེ་དེར་ཕེབས་ནས་ལས་ཀ་དེར་ལྟ་རྟོག་བྱས་འདུག བར་སྐབས་ཤིག་ལ་ཁོང་ཚང་སྒོ་ཆུང་དེ་ནས་ཕར་འཛུལ་གྲབ་བྱེད་སྐབས། གཅིག་གིས་བླ་མ་ཁྱེད་དེ་ནས་འཛུལ་མི་ཉན་གི། སྒོ་ཆུང་དེའི་ཀླད་ན་བུད་མེད་ཅིག་གི་ལྷམ་ཞིག་ཡོད་པ་རེད་ཅེས་བརྗོད་པར། བླ་མས་བུད་མེད་དེའི་ལྷམ་དེ་བླངས་ནས་ཁོང་ཚང་གི་དབུ་ཐོག་ཏུ་གཅིག་བསྐོར་ཏེ། ཁམས་གསུམ་འཁོར་བར་འཁོར་བའི་གཞི་རྩ་དེ་བུད་མེད་ཀྱི་ལྷམ་མ་རེད། ཉོན་མོངས་དུག་གསུམ་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་མ་གཏོགས་བུད་མེད་ཀྱི་ལྷམ་མ་རེད་གསུངས་འདུག དཔེ་བཞག་ན་དེ་ལྟ་བུ་རེད། ཆོས་རྣམ་དག་ཤེས་ནས། རྨོངས་དད་ཀྱི་རྒྱ་ལས་གྲོལ་སོང་ནས། སངས་རྒྱས་ཀྱི་ཆོས་ངོ་མ་དེ་ཤེས་མཁན་ཞིག་ཡིན་ན། སྒོ་དེའི་ཀླད་དེ་ན་བུད་མེད་ཀྱི་ལྷམ་ཞིག་ཡོད་པ་ཙམ་གྱིས། དེ་མནོལ་འགྲོ་བ། བཀྲ་མི་ཤིས་པ་ཡོང་བ་དེ་ལྟ་བུ་ཞིག་རྩ་བ་ཉིད་ནས་ཡིན་ནི་མ་རེད། གལ་སྲིད་ལྷམ་དེ་འགྲིག་གི་མེད་ན། སྐྱེས་པ་ཡི་ལྷམ་ཡིན་ན་ཡང་འགྲིག་རྒྱུ་མ་རེད། བུད་མེད་ཀྱི་ལྷམ་ཡིན་ན་ཡང་འགྲིག་རྒྱུ་མ་རེད། སྐྱེས་ཕོ་མོ་གཉིས་ཀ་ལ་ཁྱད་པར་རྩ་བ་ཉིད་ནས་ཡོད་ནི་མ་རེད།
དེ་ནས་དགོན་པ་ལ་ལ་ཡི་མགོན་ཁང་ནང་དེ་ལ་སྐྱེས་པ་ཕོ་ཡིན་ན་མཇལ་ན་ཆོག་པ་དང་། བུད་མེད་ཡིན་ན་མཇལ་ན་མི་ཆོག་པ་དེ་ལྟ་བུ་ཡོད་པ་རེད། དེ་ལ་ཞིབ་ཏུ་བལྟས་སོང་ན། ང་རང་གི་བསམ་བློ་བཏང་བ་ཡིན་ན། དེ་རྨོངས་དད་ཅིག་རེད། གལ་སྲིད་གསར་མའི་དགོན་པ་ཞིག་ལ་མགོན་ཁང་དེ་ཡོད་ན་དེའི་ནང་དུ་མགོན་པོ་ཡོད་རྒྱུ་རེད་ལ་ལྷ་མོ་ཡང་ཡོད་རྒྱུ་རེད། དཔལ་ལྡན་ལྷ་མོ་ཟེར་ན་བུད་མེད་ཅིག་ཡིན་པ་རེད། དེ་ལྟར་ཡིན་ན་མགོན་ཁང་དེའི་ནང་དུ། བུད་མེད་ཀྱི་མོ་ལྷ་ཡི་རིགས་འདི་བཞེངས་ཉན་པ་དང་། བུད་མེད་ཅིའི་ཕྱིར་འགྲོ་མི་ཆོག་པ་རེད། བུད་མེད་འགྲོ་ཉན་ནི་མ་རེད། མོ་ལྷ་དེ་ཚོ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་རེད། བུད་མེད་དེ་ཚོ་སོ་སོའི་སྐྱེ་བོ་རེད་ཟེར་ན། སྐྱེས་པ་དེ་ཚོ་ཡང་སོ་སོའི་སྐྱེ་བོ་རེད་ལ། དེ་ཡང་འགྲོ་ཆོག་རྒྱུ་མ་རེད། ཉོན་མོངས་དུག་གསུམ་གྱི་སྒང་ནས་བཤད་པ་ཡིན་ན། སྐྱེས་པ་ཕོ་ལ་ཡང་ཉོན་མོངས་དུག་གསུམ་ཡོད་པ་རེད། བུད་མེད་ལ་ཡང་ཉོན་མོངས་དུག་གསུམ་ཡོད་པ་རེད། དེ་གཉིས་ཀ་འགྲོ་མ་ཆོག་ན་འགྲིག་གི་རེད། ཅིའི་ཕྱིར་སྐྱེས་པ་འགྲོ་ཆོག་ནས་བུད་མེད་འགྲོ་མི་ཆོག་པ་རེད། དེ་རྨོངས་དད་རེད། རྨོངས་དད་ཀྱི་རྣམ་རྟོག་ཧ་ལས་པའི་ཆེན་པོ་རེད།
སྔོན་མ་ཡི་ཕོ་མཆོག་མོ་དམན་གྱི་རྣམ་རྟོག་དེའི་ལྟ་བ་འམ་སྒྲིག་ཁྲིམས་ལྟར་ཡིད་ཆེས་དད་པ་ཞིག་རེད་མ་གཏོགས། སངས་རྒྱས་ཆོས་ལུགས་ངོ་མ་ཞིག་ན་དེ་ལྟ་བུ་ཞིག་རྩ་བ་ཉིད་ནས་གསུངས་ཡོད་པ་མ་རེད། དེ་ཡང་ང་ཚོས་ཤེས་དགོས་པ་ཞིག་རེད། དེ་ནས་བུད་མེད་ཀྱིས་བསང་བཏང་ན་འགྲིག་མི་འགྲིག བུད་མེད་ཀྱིས་ལབ་ཙེ་བསྟད་ན་འགྲིག་མི་འགྲིག དེ་རྨོངས་དད་རང་གི་སྐད་ཆ་རེད། བུད་མེད་ཀྱིས་ཅིའི་ཕྱིར་བསང་བཏང་ན་མི་ཆོག་པ་རེད། བསང་ཕུད་སའི་ཡུལ་ལྷ་གཞི་བདག་དེ་ཐམས་ཅད་གྲྭ་པ་དགེ་སློང་ཡིན་ན། གྲྭ་པ་དགེ་སློང་དང་བུད་མེད་གྱི་བར་ན་ཐེག་དམན་གྱི་སྡོམ་པའི་དབང་དུ་བྱས་ན་བར་ཐག་ངེས་ཅན་ཞིག་འཇོག་དགོས་པ་རེད། ཡིན་ན་ཡང་སྐབས་འདིར་དེ་ལྟར་མ་རེད། ཡུལ་ལྷ་གཞི་བདག་ཐམས་ཅད་འཇིག་རྟེན་གྱི་ཁྱིམ་པ་མི་སྐྱ་ཏག་ཏག་རེད། ཁོ་ཚོ་ཡིན་ན་ཁྱིམ་ཆུང་མ་ཡོད་ན་བུ་ཕྲུག་ཡོད་པ་དེ་ལྟ་བུ་ཞིག་རེད། དེ་ལྟ་བུ་ཞིག་ལ་བསང་འཕུད་དུས་བུད་མེད་ཀྱིས་ཅིའི་ཕྱིར་བསང་འཕུད་མི་ཉན་པ་རེད། ཡུལ་ལྷ་གཞི་བདག་ཁོ་རང་ཚོའི་ཁྱིམ་ཚང་ནང་དུ་ཡང་བུད་མེད་ཀྱིས་ཟ་མ་ལས། ཁོ་ཚོས་བུད་མེད་ཀྱིས་ལས་པའི་ཟ་མ་དེ་བཟའ་གི་ཡོད་རྒྱུ་རེད་ལ། དེར་འདང་ཞིག་བརྒྱབ་ན། ཡུལ་ལྷ་གཞི་བདག་གི་བསང་མཆོད་དེ་བུད་མེད་ཀྱིས་ཅིའི་ཕྱིར་བྱེད་མི་ཉན་ནི་རེད། ཡུལ་ལྷ་གཞི་བདག་དེ་ལ་ལབ་ཙེ་བསྟོད་རྒྱུ་དེ་བུད་མེད་ཀྱིས་ཅིའི་ཕྱིར་བསྟད་མི་ཆོག་གམ། བུད་མེད་ཀྱིས་ལབ་ཙེ་བསྟད་མི་ཆོག་པ་དང་། བུད་མེད་ཀྱིས་རླུང་རྟ་སྤུར་མི་ཆོག་པ། བུད་མེད་ཀྱིས་བསང་བཏང་ན་མི་ཆོག་པ་དེ་རྨོངས་དད་རེད། རྨོངས་དད་ཟེར་ན་ངོ་མ་ཅན་གི་དེ་རེད། སྔོན་མ་ཡི་ཕོ་མཆོག་མོ་དམན་གྱི་ལྟ་གྲུབ་དེའི་སྟེང་དུ་ཡོང་བ་རེད།
ཡར་དབུས་གཙང་ནས་མགར་བ་ཟེར་ན་ཧ་ལས་པའི་ངན་པ་ཞིག་ཏུ་བརྩི་བ་རེད། དེ་ང་ཚོས་ཤེས་གསལ་རེད། མགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ་ཟེར་བའི་གཏམ་རྒྱུད་དེ་ནས་ཤེས་པ་རེད། མགར་བའི་གནས་བབ་དེ་ཅི་འདྲའི་ངན་པ་ཞིག་ཡིན་པ་དེ་དངོས་ཡོད་གནས་ཚུལ་རེད། དོན་དག་དེ་གཞིར་བཟུང་ནས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཟེར་བ་དེ། མཁས་པ་ཆེན་པོ་རེད་སྔ་མོ་ནས་གྲོངས་ཟིན་པ་རེད། ཁོང་གིས་གཏམ་རྒྱུད་དེ་བརྩམས་པ་རེད། དབུས་གཙང་གི་ཕྱོགས་ནས་མགར་བ་ཟེར་ན་ཧ་ལས་པའི་རིགས་རུས་ངན་པར་བརྩི་བ་རེད། སྟོན་མོ་སོགས་བྱེད་དུས་ཁོ་ཚོས་ལུགས་སྲོལ་ལྟར་ན། དཀར་ཡོལ་ཞིག་གི་ནང་དུ་ཆང་བླུགས་ཡོད་པ་དེ་ཁ་རེས་བསྐོར་ནས་འཐུང་སྲོལ་ཡོད་པ་རེད། དེ་འཐུང་གི་ཡོད་དུས་མགར་བ་ཞིག་ལ་ཐུག་ན། ཁ་རེས་བསྐོར་ནི་མ་རེད། དེ་ནས་མགར་བ་ཡི་བུ་མོ་ཞིག་ཡིན་དུས་གཉེན་སྒྲིག་བྱེད་ནི་མ་རེད། མགར་བ་ཡི་བུ་ལ་ཡང་གཉེན་སྒྲིག་བྱེད་ནི་མ་རེད། མགར་བ་ཡི་ཁྱིམ་ཚང་ནང་དུ་སོང་ནས་ཟ་མ་ཟ་ནི་མ་རེད། དབུས་གཙང་གི་ཕྱོགས་དེ་ནས་མགར་བ་རིགས་ངན་ཞིག་ལ་བརྩི་བ་རེད། དེ་ཅི་ཞིག་རེད་ཟེར་ན། དེ་རྒྱ་གར་འཕགས་པའི་ཡུལ་གྱི་རིགས་བཞི་ཟེར་བ་གདོལ་བ་ཟེར་བའི་རིགས། གདོལ་བའི་རིགས་དེ་མགར་བ་དང་ཤན་པ། ཉ་བ། དེའི་ལུགས་སྲོལ་དེ་དབུས་གཙང་ནས་རྒྱ་གར་ལ་ཐག་ཉེ་བའི་རྐྱེན་གྱིས་ལུགས་སྲོལ་དེ་མར་ཡོང་བ་རེད། དེའི་རྐྱེན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་སྔོན་མ་དབུས་གཙང་ནས་མགར་བ་ཞིག་གི་ཁྱིམ་ཚང་དུ་ཕེབས་ནས། མགར་བ་ཡི་ཁྱིམ་ཚང་དེ་ནས་གསོལ་ཇ་གསོལ་ནས། ཁོང་ཚང་གི་མཛད་པ་དེས་དབུས་གཙང་གི་མི་རྣམས་ཀྱི་ཁ་ནང་དུ་རྡོ་རྗེ་བཞག་པ་རེད། པཎ་ཆེན་ཐམས་ཅད་མཁྱེན་པ་དེ་སུ་རེད། གནམ་གྱི་ཉི་ཟླ་གཉིས་ཀྱི་གཅིག་རེད་པ། དེ་ལྟ་བུ་ཞིག་མགར་བ་ཡི་ཁྱིམ་ཚང་དུ་ཕེབས་ནས་གསོལ་ཇ་གསོལ་ནི་རེད། ཁོང་ཚང་དེ་ཚོའི་རྣམ་རྟོག་གི་རྒྱ་ལས་གྲོལ་བ་རེད། སེམས་ཅན་གྱིས་ལོ་སྟོང་ཕྲག་གཅིག་ལ་མགར་བ་ཟེར་ན་ཧ་ལས་པའི་རིགས་ངན་དུ་བརྩིས་པ་རེད།
སྔོན་མ་ང་བལ་ཡུལ་དུ་ཡོད་དུས། གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་ལྔ་གོ་དྲུག་ཙམ་ལ་ངས་ངོ་ཤེས་ཤིག་གིས་ང་ལ་བཤད་མྱོང་། བལ་ཡུལ་དེ་ན་བོད་ཀྱི་ཁྱིམ་ཚང་ཡ་མཚན་ཕྱུག་པོ་ཞིག་ཡོད་པ། ཁོང་ཚང་སྔོན་མ་བོད་ནས་མགར་བ་ཡི་ཁྱིམ་རྒྱུད་འདྲ་བོ་ཞིག་ཡིན་ས་རེད། དེ་ནས་བལ་ཡུལ་དུ་ཡོང་ནས་ཚོང་བརྒྱབ་སྟེ་ཕྱུག་པོ་ཆགས་པ་རེད། ཡིན་ན་ཡང་ཅི་ཞིག་མ་འགྲིགས་པ་རེད་ཟེར་ན། ཇི་འདྲའི་ཕྱུག་པོ་ཆགས་ན་ཡང་ཁོང་ཚང་ལ་མནའ་མར་ཡོང་མཁན་མེད་སོང་བ་དང་། ཁོང་ཚང་གི་བུ་མོ་ཡང་མནའ་མར་ལེན་མཁན་མེད་སོང་བ་རེད། དེའི་ཕྱོགས་ནས་དཀའ་ལས་འཕྲད་ཀྱི་ཡོད་ཟེར་བ་དངོས་ཡོད་གནས་ཚུལ་དེ་གོ་མྱོང་། ཁྱོད་ཇི་འདྲའི་ཕྱུག་པོ་ཆགས་ན་ཡང་མགར་བ་ཞིག་ལ་ཆང་ས་བརྒྱབ་པ་ཡིན་ན། གཏམ་ངན་དེ་འམ་མི་ཁ་དེ་ས་སྟེང་ལ་ཤོང་གི་མ་རེད་ཟེར་བ་རེད། གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་དེ་ལ། བོད་ཀྱི་མི་དེ་ཚོས་ཐ་ན་བལ་ཡུལ་ལ་ཡང་རྣམ་རྟོག་ངན་པ་དེ་ཚོ་ཁྱེར་ཡོང་ནས་མགར་བ་ཟེར་ན་རུས་པ་ཡང་ནག་པོ་ཡིན་ཟེར་ནས་ཁོ་ཚོ་དེ་ལྟ་ཚུལ་ཡོད་པ་རེད། དེ་རྨོངས་དད་མ་རེད་ཅི་ཞིག་རེད། མགར་བ་མེད་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་དེ་ཚོ་སུས་རྡུང་གི་རེད། མཆོད་ཆས་དེ་ཚོ་སུས་རྡུང་གི་རེད། མཛུབ་དཀྲིས་དང་རྣ་ལུང་སྐེ་རྒྱན་འདི་ཚོ་སུས་རྡུང་གི་རེད། ཁྱིམ་ཆས་ཡོད་ཚད་གསེར་གྱི་རིགས། ལྕགས་ཀྱི་རིགས་ཚོ་ཚང་མ་མགར་བ་ཡིས་བརྡུངས་པ་རེད། མགར་བ་ཡིས་བརྡུངས་པའི་དངོས་པོ་ཆ་ཚང་ཁྱེད་ཀྱིས་བེད་སྤྱོད་བྱེད་པ་དང་། ཡང་འདི་རྡུང་མཁན་གྱི་མི་དེ་ལ་ངན་པ་ཞིག་ཏུ་བརྩི་བ་དེ་ཅི་ཞིག་རེད།
གོང་གི་ལྟ་བ་ངན་པ་དེ་ཚོ་ནི་རིགས་རྒྱུད་མཐོང་ཆུང་དང་ཕོ་མཆོག་མོ་དམན་ཟེར་བ་དེ་ཚོ་རེད། ཁྱོད་རང་ཉིད་ཨ་མ་ལས་སྐྱེས་པ་རེད། ཡིན་ན་ཡང་ཁྱོད་ཀྱིས་ཨ་མ་དང་བུད་མེད་དེ་ཚོ་ལ་མཐོང་ཆུང་བྱས་ནས་མི་གཙང་བ་བཙོག་པ་ཞིག་ཏུ་བརྩིས་ཏེ། རང་ཉིད་གཙང་བ་ཞིག་ཏུ་བརྩི་བ་རེད། དེ་ལྟ་བུའི་དགོད་སྤྱད་དང་གླེན་པ་ཡི་བྱ་སྤྱོད་ཅིག་ཡོད་རྒྱུ་ཨེ་རེད། དངོས་གནས་བཤད་ན་ཡོད་ནི་མ་རེད། ཁྱོད་རང་ཉིད་མེ་ཏོག་པད་མའི་ནང་དུ་སྐྱེས་པ་ཡིན་ན་ཁྱོད་ཀྱིས་བུད་མེད་དེ་ལ་ད་གཟོད་མཐོང་ཆུང་བྱས་ན་ཆོག་ནི་རེད། རྒྱུ་མཚན་ཅིའི་ཕྱིར་བཤད་ན་ཁྱོད་མེ་ཏོག་པད་མའི་ནང་དུ་འཁྲུངས་པ་རེད། ཡིན་ན་ཡང་དངོས་ཡོད་གནས་ཚུལ་ནི་དེ་ལྟ་བུ་ཞིག་མ་རེད། ང་ཚོ་ཚང་མ་བུད་མེད་ནས་སྐྱེས་པ་རེད། དེའི་རྐྱེན་གྱིས་ཕོ་མཆོག་དང་མོ་དམན་ཟེར་བ་དང་། བུད་མེད་ཀྱིས་བསང་བཏང་མི་ཆོག་པ། བུད་མེད་ཀྱིས་ལབ་ཙེ་བསྟད་མི་ཆོག་པ། འདི་ལྟ་བུའི་བུད་མེད་ཀྱིས་མི་ཆོག་པ་མང་བ་ཞིག་ཡོད་པ་དེ་ཆ་ཚང་རྣམ་རྟོག་རེད། རྨོངས་དད་རེད། དེ་ནས་གྲོལ་དགོས་པ་རེད། བུད་མེད་སོ་སོའི་ངོས་ནས་ཡིན་ན་ཡང་རྣམ་རྟོག་དེ་ཚོ་ལས་གྲོལ་དགོས་པ་རེད། སྐྱེས་པ་ཕོ་ཡི་རིགས་ཡིན་ན་ཡང་རྣམ་རྟོག་དེ་ཚོ་རྩ་བ་ཉིད་ནས་ལག་ལེན་བྱེད་ཉན་ནི་མ་རེད། དེའི་རྣམ་རྟོག་དེ་རང་ཉིད་ཀྱི་ཞི་མོ་དང་། རང་ཉིད་ཀྱི་ཚ་མོ་དང་རང་ཉིད་ཀྱི་བཟའ་ཟླ་ལ་སོགས་པའི་སྟེང་དུ་རྩ་བ་ཉིད་ནས་འཁྱེར་ཡོང་ཉན་ནི་མ་རེད། དུས་རབས་འགྱུར་སོང་བ་རེད། ཁ་སང་དེ་རིང་སེམས་ཅན་དེ་ཚོའི་ཆོས་ལུགས་ཀྱི་དད་པ་དེ་ཡང་ཇེ་ཆུང་དུ་འགྲོ་གི་ཡོད་པ་རེད། དེའི་རྒྱུ་མཚན་མང་པོ་ཞིག་ནི་རྣམ་རྟོག་གིས་བཟོས་པའི་རྐྱེན་རེད། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཆོས་བཤད་དུས། བུད་མེད་དམན་པ་ཡིན་པ་དང་། སྐྱེས་པ་ཕོ་དེ་ཚོ་ཡ་མཚན་ཞིག་ཡིན་ནི་རེད་ཟེར་ན་ཁྱོད་ཁྲིམས་ཁང་ལ་འཇུག་གི་རེད། དེའི་རྐྱེན་གྱིས་བུད་མེད་བཙོག་པ་ཞིག་ཡིན་པ་དང་། བྱིས་པ་དེ་ཚོ་གཙང་མ་ཞིག་ཡིན་པ་ཁྱོད་ཀྱིས་སུ་གང་གིས་ཀྱང་སྒྲུབ་ཐུབ་པ་མ་རེད།
ཡོངས་གྲགས་སུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ནང་ཆོས་ལས་མི་ལུས་འདི་ན་མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་ཡོད་ཅེས་ཐག་བཅད་ཡོད་པ་རེད། དེ་ལ་སྐྱེས་ཕོ་མོ་ཡི་ཁྱད་པར་ཡོད་པ་མ་རེད། མི་གཙང་བ་ཡིན་པའི་ཆ་ནས་མི་གཙང་བ་དེ་བརྒྱ་ཆའི་བརྒྱ་ཐག་བཅད་པ། མདོ་ལུགས་ཡིན་ན་དེ་ལྟར་རེད། དེ་ལ་ཕོ་མོ་ཡི་ཁྱད་པར་ཡོད་ནི་མ་རེད། གསང་སྔགས་ཀྱི་ལུགས་དེ་ཚོ་ཡིན་ན། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་ཡོད་པ་རེད། ཐེག་ཆེན་གྱི་ལུགས་ཡིན་ན། མ་རྒན་སེམས་ཅན་ཐམས་ཅད་རང་གི་ཨ་མ་ཡིན་པར་བལྟ་དགོས་དེ་ལ་འདང་ཞིག་བརྒྱབ་ན་བུད་མེད་ལ་ཇི་འདྲའི་གདེང་འཇོག་ཆེན་པོ་བྱས་པ་རེད། སེམས་ཅན་ཐམས་ཅད་རང་གི་ཨ་མ་ཡིན་པར་ལྟ་བ་ཨ་མ་དེ་ལ་དངོས་ནས་གཅེས་ཤིང་བཀུར་དགོས་པའི་བསམ་བློ་ཞིག་དགོས་པས།
བོད་ཀྱི་ཆོས་ལུགས་འདི་ཐེག་པ་གསུམ་གྱི་ཆོས་ལུགས་དེ་མཉམ་བསྲེས་རེད་མོད། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཡིན་ཟེར་བ་རེད། གསང་སྔགས་ཀྱི་ནང་ན་བརྒྱ་ཆའི་བརྒྱ་ཐམ་པ་རྡོ་རྗེ་ལུས་ཟེར་ནས་ཞི་ལུ་ཞིག་གི་ཕུང་བོ་ཡིན་ནི་རེད། ཞི་མོ་ཞིག་གི་ཕུང་བོ་ཡིན་ན་རེད། རང་ལུས་རྒྱལ་བའི་དཀྱིལ་འཁོར་ཟེར་ནས་རང་གི་ལུས་དེ་ལྷ་ལ་བསྐྱེད་ཆོག་པ། བུད་མེད་ཞིག་ཡིན་ན་རང་གི་ལུས་དེ་རྗེ་བཙུན་སྒྲོལ་མ་ལ་སྒོམ་ཆོག་པ། མཁའ་སྤྱོད་མ་ལ་སྒོམ་ཆོག་པ། ལྷ་མོ་རིག་བྱེད་མ་ལ་སྒོམ་ཆོག་པ། ཀུན་ཏུ་བཟང་མོ་ལ་སྒོམ་ཆོག་པ། སྐྱེས་པ་ཞིག་ཡིན་ན་འཕགས་པ་ཀུན་ཏུ་བཟང་བོ་ལ་སྒོམ་ཆོག་པ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་སྒོམ་ཆོག་པ། རྗེ་བཙུན་འཇམ་པའི་དབྱངས་ལ་སྒོམ་ཆོག་པ། བདེ་གསང་འཇིགས་གསུམ་ལྟ་བུ། རྡོ་རྗེ་ཕུར་བ། རྡོ་རྗེ་སེམས་དཔའ་ལྟ་བུ། ཕོ་མོ་གཉིས་ཀྱིས་འདྲ་མཉམ་གྱིས་རང་གི་ལུས་དེ་ཡི་དམ་གྱི་ལྷ་ལ་སྒོམ་ཆོག་པ། ནང་བ་སངས་རྒྱས་པའི་ཆོས་ལུགས་ནང་དུ་བལྟས་ཡོང་ན་ཡང་།ཕོ་མོ་གཉིས་ཀྱི་ལུས་འདི་བརྒྱ་ཆའི་བརྒྱ་ཡི་འདྲ་མཉམ་ཡིན་པ། ཕོ་མོ་ གཉིས་ཀྱི་ལུས་པོ་དེ་གཙང་ན་གཙང་བ་དང་མི་གཙང་ན་མི་གཙང་བའི་ཚད་དེ་འདྲ་མཉམ་ཡིན་པ་དེ། སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ངོ་མ་དེ་རེད། ང་ཚོས་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ངོ་མ་དེ་ཕར་གཡུག་ནས། ས་ཆ་ཆུང་ཆུང་གི་རྣམ་རྟོག་རྨོངས་དད་དེ་ལྟ་བུ་ཞིག་གི་རྗེས་སུ་འབྲང་ནས། ཕོ་མཆོག་ཡིན་པ་དང་མོ་དམན་ཡིན་པ། ང་ཚོའི་ཕ་ཡུལ་ལ་མཚོན་ན་ང་བྱིས་པ་ཡིན་དུས་དེ་ལྟར་གོ་མྱོང་། སྲིང་མནོལ་རྟས་མི་ཐེག་ཟེར་བ་ཞིག་ཡོད་པ་རེད། རང་ཉིད་ལ་སྲིང་མོ་ཞིག་ཡོད་ན་དེ་རང་གི་མགོ་ཐོག་ཏུ་ལྡིང་བ་འམ། དེ་ལྟར་བྱས་པ་ཡིན་ན་དེའི་མནོལ་ཟེར་ན་གྲིབ་ཟེར་བ་རེད། སྲིང་མོ་ཡི་གྲིབ་དེ་ཡ་མཚན་གྱི་ལྕི་མོ་ཡིན་པ། རྟ་ཡིས་ཀྱང་མི་ཐེག་པ་ཡོད་ནི་རེད་ཟེར་བ་ཞིག་རེད། རྨོངས་དད་ཁོ་ན་རེད། ཅིའི་ཕྱིར་ཁྱོད་ཀྱི་སྲིང་མོ་དེ་དེ་ལྟར་མི་གཙང་བ་ཞིག་ཡིན། ཅིའི་ཕྱིར་ཁྱོད་ཡ་མཚན་གྱི་གཙང་མ་ཞིག་ཡིན་ནི་རེད། དེ་རྨོངས་དད་ལས་འབྱུང་གི་ཡོད་པ་རེད། དེ་ལྟ་བུའི་རྗེས་སུ་རྩ་བ་ཉིད་ནས་འབྲང་ཉན་ནི་མ་རེད།
དེ་རིང་ཅི་ཞིག་བཤད་ན་འདོད་ཀི་ཟེར་ན། རླུང་ཟེར་བའི་གཏམ་རྒྱུད་དེའི་མཇུག་ཏུ། ཞི་མོ་ཆུང་ཆུང་ལོ་བཅུ་གསུམ་ཅན་དེ། རྟོགས་པ་འདྲ་བོ་སད་ནས། སྲོལ་རྒྱུན་གྱི་རྣམ་རྟོག་རྨོངས་དད་ལ་ངོ་ལོག་བྱས་ནས། མོ་རང་ཉིད་ཀྱི་བསང་ཁུག་ཁུར་ནས། ཁ་བས་གཡོགས་པའི་རི་མགོར་བཙན་གྱིས་འགོས་ཏེ། མོ་རང་ཉིད་ཀྱིས་བསང་བཏང་བ་དང་རླུང་རྟ་སྤུར་བ། དེའི་སྙིང་སྟོབས་དེ་བོད་ཀྱི་བུད་མེད་ཐམས་ཅད་ལ་དགོས་པ་རེད། ངོ་མ་ཁ་སང་དེ་རིང་དུས་ཚོད་འགྱུར་ནས་འཚོ་བ་རོལ་སྟངས་ཀྱང་འགྱུར་བ་རེད། སྔོན་མ་ཡིན་ན་བུད་མེད་ཅིག་གིས་སྐྱེས་པ་ཞིག་གིས་ཅི་བཤད་པ་དེ་ལ་ཉན་དགོས་པ་རེད། སྐྱེས་པ་ཞིག་གིས་གཅར་རྡུང་བྱས་པ་ཡིན་ན་ཡང་མགོ་སྒུར་ནས་བཟོད་བསྲན་བྱེད་པ་དེ་འགྲིག་འདུག་པ་དེ་ལྟར་འདུག་དགོས་པ་ཞིག་རེད། དེ་ལྟར་འདུག་དགོས་ཟེར་བ་དེ་ཡང་རྨོངས་དད་ཡིན་ནི་རེད། ཅིའི་ཕྱིར་མགོ་སྒུར་དགོས་པ་རེད། རྩ་བ་ཉིད་ནས་མགོ་སྒུར་དགོས་དོན་ཡོད་ནི་མ་རེད། ཁྱོད་ཀྱི་སྐྱེས་པ་དེས་ཚུར་རྡུང་ཆོག་ན་ཁྱོད་ཀྱིས་ཕར་ལ་ཡང་རྡུང་ཆོག་པ་རེད། སྐྱེས་པ་དེ་ཡིས་ཁྱོད་ལ་ཚུར་ལ་བསྡིག་ན། ཁྱོད་ཀྱིས་ཕར་ལ་ཡང་བཤད་ཆོག་པ་རེད། ཕོ་མོ་འདྲ་མཉམ་རེད། ཁྱོད་གཉིས་ཀས་འདྲ་མཉམ་གྱིས་ཁྱིམ་ཚང་དེ་སྐྱོང་དགོས་པ་རེད། སྐྱེས་པ་དེ་གཅིག་བུས་ཁྱིམ་ཚང་དེ་ཡ་མཚན་གྱིས་བསྐྱངས་ནས་བུད་སོང་བ་ཞིག་མ་རེད། དེ་ལྟ་བུ་ཞིག་འཇིག་རྟེན་འདི་ན་འབྱུང་གི་ཡོད་ནི་མ་རེད།
ཕོ་མོ་འདྲ་མཉམ་གྱི་སྟེང་ནས་སྐྱེས་པ་དེ་ཡིས་ཅི་ལྟ་བུའི་ལས་ཀ་ལས་པ། བུད་མེད་ཀྱིས་ཀྱང་ལས་ཀི་ཡོད་པ་རེད། སྐྱེས་པ་དེ་ཚོ་ཟོག་རྫིར་སོང་ནས་ཉིན་གང་བོར་གཉིད་སྡོད་ཀི་ཡོད་པ། སྔོན་མ་ཡིན་ན་དེ་ལྟར་རེད་པ། བུད་མེད་ཀྱིས་ཁྱད་པར་དུ་དབྱར་ཁ་ཞིག་ཡིན་ན། ཐོ་རེངས་ནས་ཡར་ལངས་ཏེ། འོ་མ་བཞོ་བ་དང་ཟ་མ་གཡོ་སྐོལ་བྱས། དེ་ནས་འོ་མ་དཀྲུགས་པ་དང་། ལྕི་འཕུད་ཐང་ལས་ལ་སོགས་པ། ཉི་མ་ཉིན་གང་བོར་བུད་མེད་ལ་ཁོམ་རྒྱུ་ཞིག་ཡོད་ནི་མ་རེད། སང་ནངས་སྐྱ་རེངས་བཀྱགས་དུས་ནས་དགོང་མོ་ས་རུབ་རག་བར། བུད་མེད་དེ་ཚོར་ཁོམ་རྒྱུ་ཡོད་པ་མ་རེད། ཉིན་གང་བོར་རྔུལ་ཆུའི་ཁྲོད་དུ་ལས་ཀ་ལས་ཀི་ཡོད་པ་རེད། སྐྱེས་པ་དེ་ཚོ་ཟོག་རྫིར་སོང་ནས་ཉིན་གང་བོར་གཉིད་བསྡད་ནས། ཕྱི་དྲོར་ལུག་དེད་ནས་མར་ཡོང་གི་ཡོད་པ་རེད། སྔོན་མ་ཡིན་ན་དེ་ལྟར་རེད་མོ། ད་རུང་ཁོས་ཡ་མཚན་ཟིག་དཀའ་དང་ནི་འདྲ་ཟིག ཁོ་ལ་ཡ་མཚན་གྱི་ཐོབ་ཐང་ཡོད་ནས་བུད་མེད་ལ་གཅར་ན་ཆོག་ནས་གཉོག་ན་ཆོག་ནས། ཁྱོས་རྡུང་ན་ཆོག་པའི་ཐོབ་ཐང་དེ་སུས་བྱིན་པ་རེད། རྩ་བ་ཉིད་ནས་དེ་ལྟ་བུའི་ཐོབ་ཐང་ཞིག་ཡོད་པ་མ་རེད། ངོ་མ་བཤད་ན་བུད་མེད་ཀྱི་ལས་ཀ་དེ་ལྡབ་འགྱུར་གྱིས་ལྕི་བའི་རྐྱེན་གྱིས། མོ་རང་ཉིད་ལ་ཐོབ་ཐང་ཡོད་པ་རེད། རང་ཉིད་ཀྱི་རྒད་པོ་དེ་ལ་བཤད་ན་ཆོག་མོད། དེའི་ཐོབ་ཐང་དེ་ཡོད་ནི་རེད། ལས་ཀ་མང་པོ་ལས་པ་རེད། གལ་སྲིད་ཁྱེད་ཀྱིས་ལས་པའི་ལས་ཀ་དེ་ལ་སྒོར་མོ་ཞིག་སྟེར་དགོས་རྒྱུ་ན་བུད་མེད་དེ་ལ་སྒོར་མོ་མང་ཆེ་ཤོས་དེ་འབབ་གི་འདུག མོ་རང་ཉིད་ཀྱིས་སྐྱ་རེངས་བཀྱགས་ནས་བཟུང་སྟེ་དགོང་མོ་མ་ཉལ་བར་དུ་ལས་ཀ་ལས་གི་ཡོད་པ་རེད། སྐྱེས་པ་དེ་ཚོ་ཟོག་རྫིར་སོང་ནས་ལུག་རྫི་ལ་སོང་ནས། གཉིད་གཉིད་ནས་མར་ཡོང་བ་ཡིན་ན་དེ་ལ་སྒོར་མོ་ཅི་ལྟ་བུ་ཞིག་འབབ་པ་རེད། དེ་དཔེ་འཇོག་ཙམ་ཞིག་རེད། དེ་ལ་ང་ཚོས་འདང་རྒྱག་དགོས་པ་རེད། དེའི་རྐྱེན་གྱིས་མང་པོ་མང་པོ་ཞིག་བཤད་མ་བཤད་མེད་གི བུད་མེད་མི་གཙང་བ་ཞིག་ཡིན་པ།དམན་མོ་ཞིག་ཡིན་པ། སྐྱེས་པ་དེ་ཚོ་གཙང་མ་ཡིན་པ་དང་མཐོན་པོ་ཞིག་ཡིན་བསམ་པ་དེ་རྨོངས་དད་རེད། ཁྱོད་ཚོས་རྨོངས་དད་ཟེར་བ་དེ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དངོས་མ་དེ། འཇིག་རྟེན་གྱི་བདེན་དོན་ཟེར་བ་དེ་ཁ་ཁ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ངོ་མ་དེ་ཡིན་ན་རྨོངས་དད་མ་ཡིན་པས་ཁྱབ་ཟེར། རྨོངས་དད་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་རྩ་བ་ཉིད་ནས་འགལ་ཟླ་ཡིན་པས་ཁྱབ་ཟེར། འཇིག་རྟེན་གྱི་བདེན་དོན་ཞིག་ཡིན་ན་དེ་རྨོངས་དད་དང་ཐ་དད་ཡིན་པས་ཁྱབ་ཟེར། རྨོངས་དད་ཡིན་པའི་ཆ་ནས་འཇིག་རྟེན་གྱི་གནས་ལུགས་དང་རྩ་བ་ཉིད་ནས་རྒྱབ་འགལ་ཡིན་པས་ཁྱབ་ཟེར། དེ་རིང་ངས་སྐད་ཆ་བཤད་འདོད་པ་དེ་ལྟ་བུ་ཞིག་ཡིན། དེས་ན་ང་ཚོའི་འདི་ན་སྒྲ་འཇུག་པ་གཉན་དམར་པོ་ཟེར་བ་ཞིག་ཡོད་པ་རེད། སྒྲ་འཇུག་ཞིག་གནང་ནས་ཕྱོགས་སོ་སོར་སྤེལ་རྒྱུ་དེ་ངའི་རེ་བ་ཡིན། དེ་ནས་ངས་རྣམ་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
ངས་མདང་དགོང་འཇར་པན་གྱི་རིག་གཞུང་སྐོར་གྱི་གློག་བརྙན་ཞིག་ལ་བལྟས་པ་ཡིན། རྒྱལ་ཁབ་དེར་ཡང་བུད་མེད་འགྲོ་མི་ཆོག་པའི་ལྷ་ཁང་གནས་རི་རེ་ཟུང་ཞིག་ད་དུང་ཡང་འདུག འཇར་པན་ལ་མཚོན་ན་དམག་ཆེན་གཉིས་པའི་རྗེས་སུ་དེང་རབས་དཔལ་ཡོན་གྱི་རྩེར་སོན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད། ཡིན་ན་ཡང་ད་དུང་གནའ་སྔ་མོའི་སྲོལ་རྒྱུན་ངན་པ་དེ་འདྲ་རེ་ད་དུང་རྒྱུན་སྲིང་ནས་ཡོང་གིན་ཡོད་ས་རེད། བོད་ལ་མཚོན་ན་རྨོངས་དད་ལས་གྲོལ་རྒྱུར་ད་དུང་ལམ་ཐག་རིང་པོ་ཞིག་ཡོད་པ་རེད། ཡིན་ཡང་། ང་ཚོ་ཚང་མས་འབད་བརྩོན་བྱས་ཚེ། བོད་ཀྱི་བུད་མེད་རྣམས་སྲོལ་རྒྱུན་གྱི་ལྟ་བ་ངན་པ་ང་ཚོའི་ནང་བསྟན་རིག་གཞུང་དང་མི་མཐུན་ལ། འགྲོ་བ་མིའི་ཐོབ་ཐང་དང་ཡང་མི་མཐུན་པ་དེ་ཚོ་ལས་ག་ལེར་ཐར་ཐུབ་ཀྱི་རེད།།
ཡེ་ཤེས་མཁའ་འགྲོས་ཡི་གེར་ཕབ།
དེ་སྔའི་མ་དག་མ་དཔྱད་པའི་ལུགས་སྲོལ་ངན་པ་ཁག་དེ་སྔ་རང་དུ་འཇོག་དགོས་གལ་མཉམ་ད་གནས་སུ་དུས་ཀྱི་དགོས་གནད་ལྟར་བསྒྱུར་བཅོས་གཏོང་མ་ཤེས་ན་ཉེས་ཆད་ཀྱང་རག་སྲིད་པ་སྤྱི་གནས་དང་། གལ་འགངས་ཆེ་ཆུང་སོ་སོའི་དཔྱད་རྒྱུ་ཡང་། དེ་སང་གི་བྱང་ཨ་རིའི་བོད་ཡིག་ཀློག་དེབ་དག་མཐའ་མའི་དག་ཐེར་རྗེས་བོད་གཞུང་ཤེས་ལྷན་ནས་དཔར་འདེབས་ཀྱི་གནས་སྐབས་བེད་གཏོང་དུ་འགྲེམ་སྤེལ་སྐབས། ཚིག་གཅིག་དཔེ་ན་ཟ་ཀྱི་ཡིན་ཟེར་བ་ལྟ་བུ་མ་དག་པའི་ཟ་ཡི་རུ་མ་བཅོས་ན་ཀློག་དེབ་དུ་ངོས་ལེན་མེད་པའི་བོད་ཡིག་མཁས་པ་ཡིན་ཟེར་མཁན་ཚོས་དགག་ནན་ཞུས་པ་རྗེས་སོར་དེབ་འདེབས་སྐབས་བཅོས་བྱས་པ་ལོ་རྒྱུས་སུ་ཞུས། རྨོངས་དད་དང་བུད་མེད་ཀྱི་ཐོབ་ཐང་ལས་འཕྲོས་པའི་གཏམ་བཤད་ཅིག་གི་མགོ་སྟོད་ཚིག་འགའ། ཟེར་གི བསམ་གི གོ་གི ཡོད་གི ཅེས་པ་རྣམས་བྱང་ཨ་རིའི་ཀློག་དེབ་དགག་བྱ་ལྟ་བུ་མིན་འདུག་གམ རྩོམ་གྱི་འགོད་པོ་དང་ཡི་གེར་ཕབ་མཁན་གཉིས་ནས་མ་མཁྱེན་པ་ག་ནས་ཡིན་ཀྱང་ཡུལ་གོམ་མམ་དེང་དུས་ཀྱི་ལམ་ལུགས་གང་རུང་ལས་སྤྱད་པ་ལོས་ཡིན་ཀྱང་དགོས་པ་ཆེར་མེད་ན་ཡིན་ལམ་ལྟར་བྱུང་ན་ལངས་ཤོར་མི་ཡོང་པའི་ཞུས་ཡིན། དེ་བཞིན་བྱང་ཨ་རིའི་ཀློག་དེབ་གྱི་ཚིག་དེ་ཡང་སྤྱིར་གཏང་ཁ་རྒྱུན་ལྟར་བེད་སྤྱད་པ་ཤེས་ངེས་རེད།།
ཕོ་མོ་འདྲ་མཉམ་རེད། མི་རིགས་འདྲ་མཉམ་རེད། ཐོབ་ཐང་འདྲ་མཉམ་རེད། ལས་འགན་འདྲ་མཉམ་རེད། ང་ཚོ་བོད་ནི་རྗེས་ལུས་ཀྱི་སྤྱི་ཚོགས་རེད། གསར་བརྗེ་ལ་ཁ་ཕྱོགས་མ་ཐུབ་པའི་རྗེས་ལུས་རེད། ད་ང་ཚོའི་བསམ་བློ་ཡག་པོ་མ་བཏང་ན་རྗེས་ལུས་ནས་ཡང་ལུས་ཐེབས་ཡོང་ངོ་ རིགས་མི་གཙོ་ལ་རུས་མི་གཙོ། སྒྲུབ་པ་གཙོ། ཁ་བཤད་མི་གཙོ་ལ་ལག་ལེན་གཙོ།