རྨོངས་བའི་ང་རྒྱལ་དགུང་ལས་མཐོ།
སྤྲིན་བྲལ། མདོ་སྨད་ཟི་ལིང།
བོད་འབྱོར།
ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་སྤོབས་པ་ཅན་ལ་དཔའ་བོ་ཞེས་འབོད་ཀྱི་ཡོད། དཔའ་བོའི་སྤྱི་ཚོགས་དེ་ལོ་རྒྱུས་སུ་གྱུར་ནས་ཡུན་རིང་འགོར། བསམ་བློ་བ་ཞིག་ཡིན་ཕྱིན་ད་ལྟའི་དུས་སུ་དཔའ་ཡང་དག་གི་རྩ་བ་དེ་གང་ལ་ཐུག་འདུག་པ་ཚོར་ནི་རེད། གནའ་མི་བོད་ཀྱི་གཏམ་དཔེ་ལ། རྨོངས་པའི་ང་རྒྱལ་དགུངལས་མཐོ་ཟེར་བ་ཅི་མ་བདེན། དེང་སྐབས་གཞན་ལ་སྡིགས་མོ་བྱེད་པའི་རྩོམ་ཡིག་འགའ་རེ་བྲིས་རྗེས། རང་ཉིད་བོད་ཀྱི་ཡོན་ཏན་པའི་སྡེ་རུ་རློམ་པ་དག་ལ། ངོམས་རན་ཡོད་པ་ནི་ང་རྒྱལ་ཡིན་ལ་སྟོན་རན་མེད་པ་ནི་བོད་ཀྱི་ནང་དོན་རིག་པའི་གཞུང་རེད། ཁྱད་པར་དུ་དེ་དག་གི་གྲས་ན་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་རྒྱུས་ལོན་གཏིང་ཟབ་བྱས་མྱོང་མཁན་ཕལ་ཆེར་མེད། ཐ་ན་རིག་གནས་ཆུང་བ་ལྔ་ལ་བག་ཆགས་ཙམ་བཞག་ཡོད་པའང་ཤིན་ཏུ་ཉུང༌། ཁ་ན་བོད་སྐད་དང་ལག་ན་བོད་ཡིག་འབྲི་བཞིན་ཡོད་ནའང༌། ཁོང་ཚོའི་འདུ་ཤེས་ནི་སྔ་མོ་ནས་སྐྲསེར་མིག་ལྗང་ཅན་ཏུ་འགྱུར་ཚར་འདུག
ཁག་མི་འདུག་ དེ་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད། ཕྱི་རྐྱེན་ནི་དུས་རབས་སྔོན་མའི་ནང༌། བོད་སྤྱི་མཐུན་གྱི་ལས་དབང་ལྡོག་ཐབས་མེད་པ་ཞིག་གིས༌། བོད་ཀྱི་རིག་གནས་ནང་བྱན་ཆུད་པ་ཡོད་དོ་ཅོག་མི་མངོན་དབྱིངས་སུ་གཏོར་ནས་྄སློབ་གསོའི་རྒྱུན་བཅད། ནང་རྐྱེན་ཐད་ནས༌། གསར་ཞེན་རང་དོར་རང་ལུགས་པ་དག་གིས། དགོན་སྡེ་དང༌། གྲྭ་བཙུན། དཔེ་ཆ་སྣ་རིང་སོགས་མཐོང་ན་འདྲོགས་རྒྱུ་ཞིག་ཡོང་གི་ཡོད། ཁོ་ཚོར་སྤྲོ་སྣང་ཆེ་ས་ནས་བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་འབྲེལ་འདྲིས་བྱ་རྒྱའི་གོ་སྐབས་མེད། གནས་ཚུལ་དེ་འདྲའི་འོག་ཏུ་རང་ཉིད་གང་ཞིག་ཏུ་འགྱུར་འགྲོ་བར་སུས་ཀྱང་བསམ་བློ་བཏང་མ་མྱོང་བ་མངོན་གསལ་རེད།
གནས་ལུགས་ལྟར་ན། རིགས་གང་ལ་གཏོགས་མིན་དེ། འདུ་ཤེས་ཀྱིས་དབྱེ་བཞིན་ཡོད་ལ། འདུ་ཤེས་དེ་ཡང་གཞུང་ལུགས་ཀྱིས་བསྒྱུར་བཞིན་ཡོད། ཕྱི་ནང་གི་གཞུང་ལུགས་གང་ཞིག་ཡིན་རུང༌། དེར་རྐང་ཆགས་ཟིན་ན༌། མི་དེའི་བསམ་བློ་དེ་གཞུང་ལུགས་གཞན་ཞིག་གིས་གཏན་ནས་བསྒྱུར་མི་ཐུབ། མི་སུ་ཞིག་ཡིན་རུང་ཐོག་མར་བསླབ་པའི་གཞུང་ལུགས་དེས། མི་དེའི་མི་ཚེའི་ཕྱོགས་ཐག་གཅོད་བྱེད་བཞིན་ཡོད། དེ་བས་ང་ཚོས་གཞུང་ལུགས་གང་ལ་བ྄སླབ་ན། གཞུང་ལུགས་དེར་གཏོགས་པའི་རིག྄ས་དེ་ལ་ཞབས་འདེགས་བསྒྲུབ་རྒྱུ་ལས། གཞུང་ལུགས་མི་མཐུན་པ་ཞིག་ལ་ཞབས་འདེགས་བསྒྲུབ་རྒྱུ་དཀའ་མོ་རེད།
འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས། འཇི་ག་རྟེན་ཀུན་རྫོབ་ཀྱི་སྣང་ངོར། གྲུབ་མཐའ་མང་པོ་བྱུང་བ་རེད། གྲུབ་མཐའ་ཡོད་ཚད་ལ་ཡང༌། རང་གི་རྒྱབ་རྟེན་རྡོ་རྗེ་བྲག་རི་རེ་ཡོད། དེ་ན་འཇིག་རྟེན་འདིའི་སྒང་ན་ཆེས་དབང་བཙན་པ་ནི་གཞུང་ལུགས་ཡིན་ནམ་ཟེར་ན། དེ་ཡང་མ་ཡིན་དེ། དབང་འབྱོར་བཙན་སོགས་གང་གིས་ཀྱང་ལྡོག་ཏུ་མེད་པ་ནི་གནས་ལུགས་རེད།
གནས་ལུགས་ཟུར་དུ་བོར་ནས། རང་ཉིད་ལ་གསལ་ཆ་དང་འདྲིས་་ཆ་མེད་པའི་གཞུང་ལུགས་ཤིག་དགག་པ་དང༌། ང་རྒྱལ་ཆེན་པོས་རྒྱལ་བའི་བཀའ་དང་དགོངས་པ་དག། རང་རང་སོ་སོའི་བློ་དང་མི་མཐུན་ན་མཐུན་པར་བཟོ་བ་དང༌། དོན་རྟོགས་དཀའ་བ་རྣམས་གནས་ལུགས་དང་མི་མཐུན་པར་བཟོས་དེ་དགག་ཡུལ་དུ་འཇོག་པ་ནི་རང་སེམས་ཚད་མ་རིང་ལུགས་པ་དག་གི་འདོད་སྲོལ་ཡིན་ལ། སྲོལའདི་འདྲ། ད་ལྟའང་རྒྱུན་མ་ཆད་པར་འབྱུང་གི་འདུག ང་རྒྱལ་ཇི་འདྲ་ཆེ་རུང་དངོས་པོའི་གནས་ལུགས་བསྒྱུར་ཐབས་མེད་པ་དེ་ཤེས་ན་འགྲིག་ ང་རྒྱལ་ཆེ་བ་ཙམ་གྱིས་གནས་ལུགས་མི་ཤོད། གནས་ལུགས་ཀྱི་མདུན་སར་ཨུ་ཚུགས་བྱེད་པ་ནི་གླེན་རྟགས་ཡིན། དངོས་པོའི་གནས་ལུགས་དང་མི་མཐུན་པའམ་གནས་ཚུལ་དངོས་ལས་ཕྱིན་ཅི་ལོག་ཏུ་ལྟ་བ་ལ་ལོག་ལྟ་ཟེར། དཔེར་ན། བདག་ཅེས་པ་དངོས་པོའི་གནས་ལུགས་ལ་མེད་ཀྱང་དགོས་ཟེར་བ་དང༌། བོད་མི་རྣམས་ཀྱིས་བདག་འཛིན་དོར་ཆེ་བའི་དབང་གིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་སོང་ཟེར་བ་ལྟ་བུ་རེད།སྔ་མ་ལྟར་ན། འཇིག་རྟེན་རྒུད་པ་ཇི་རྙེད་པ༌།། དེ་ཡི་རྩ་བ་མ་རིག་སྟེ།། ཅེས་པས་བསྟན་ཡོད་ལ༌། གང་མ་རིག་ཟེར་ན། ཡང་དག་པའི་དོན་ལ་རྨོངས་པས། བདག་མེད་ཚུལ་མ་རྟོགས། ལས་རྒྱུ་འབྲས་ཀྱི་དབྱེ་བ་ལ་རྨོངས་པས། མེད་པ་ཡོད་པར་འཛིན་པའི་ངར་འཛིན་དང་བདག་འཛིན་གྱི་གསོད་འཕྲོག་རྐུ་རྫུན་སོགས་མི་དགེ་བའི་ལས་དེ་དག་མང་དུ་འགྲོ་བ་མ་རིག་པས་སོ།
བདག་གམེད་ལུགས་རྟོགས་འདོད་ན་གཅིག་དུ་བྲལ་གྱི་རིགས་པ་དང༌། རྣམ་བདུན་ཤིང་རྟའི་རིག་པ། བདག་གི་བྱུང་གནས་འགྲོ་གསུམ་ལ་དཔྱད་ན་ཧ་གོ་རྒྱུ་ཞིག་ཡོད། ཕྱི་མ་ལྟར་ན༌། བདག་འཛིན་མེད་ན་དེ་ལ་རང་དོན་མེད། གཞན་དོན་རྐྱང་རྐྱང་བསྒྲུབས་པས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་སོང་ཟེར་ན་ཡ་མཚན་ཆེ། བདག་འཛིན་ཆེ་ལུགས་ལ༌། དེང་གི་དུས་སུ་རང་ཉིད་དང་རང་ཕྱོགས་མི་བསམ་པའི་མི་ཅི་ཙམ་ཡོད་སྲིད། ངན་ཕྱོགས་དང་མི་དགེ་བའི་ལས་ཀྱི་ཐད་ལ་བཀག་ཀྱང་མི་ཁོགས་པར་ཁྲིམས་མེད་ལུགས་མེད་ཀྱི་ལས་ལ་རེམ་དང་རེམ་མུས་ཡོད་པ་རྣ་བས་ཐོས་གསལ་དང་མིག་གིས་མཐོང་གསལ་རེད། ཐ་ན།
ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།། ཚ་གྲང་དཀའ་ཐུབ་སྤྱོད་པ་ལྟོ་ཡི་དོན།། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།། ལླལེར་བསམ་ན་ཐམས་ཅད་ནོར་གྱི་དོན།། ཞེས་གསུང་ཡོད་པས་ཆོག་སྙམ།
གནས་ལུགས་ཟེར་དུས་ནང་དོན་རིག་པར་གོ་བ་ལེན་ན་ཡང་དེར་འགལ་བ་མེད། རྒྱུ་མཚན་ནི་ནང་དོན་རིག་པས་གནས་ལུགས་ཁོ་ན་བསྟན་ཡོད། གནས་ལུགས་བཤད་ན་རང་གཞན་གཉིས་ཀར་ཕན། འདི་ཕྱི་གཉིས་ཀལ་་ཕན། སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་མིན་དེ་བདེ་འཇགས་མཐུན་སྒྲིལ་ལ་རག་ལས་པ་དང༌། སྤྱི་ཚོགས་བདེ་འཇགས་མཐུན་སྒྲིལ་ཡོང་མིན་དེའང་གནས་ལུགས་ལ་ཐུག་འདུག་པས། ང་ཚོ་དང་མིའི་རིགས༌། ཡང་ན་འགྲོ་བ་མིའི་སྤྱི་ཚོགས་ཡོངས་ལ་མེད་དུ་མི་རུང་བ་ནི་གནས་ལུགས་ཡིན་གྱི་རྨོངས་བའི་ང་རྒྱལ་མིན། ཁ་འཛིང་ཁོ་ན་བྱེད་པ་ལས་ཆོས་དང་གང་ཟག་གི་དབྱེ་བ་མི་འབྱེད་པ་ནི་དེ་བས་ཀྱང་མིན་ནོ།
སྐར་ཆེན་གྱིས་མཁོ་འདོན་བྱས།
སྤྲིན་བྲལ་ལགས།
ཁྱེད་རང་གི་རྩོམ་བྲིས༼རྨོངས་པའི་ང་རྒྱལ་དགུང་ལས་མཐོ༽ཞེས་པ་ཞིབ་མོའི་ཚུལ་གྱིས་ཐེངས་གཅིག་བཀླགས་པ་ཡིན། བསམ་ཚུལ་ཞིག་ཀྱང་ཞུ་འདོད་བྱུང་བ་ནི་འདི་འདྲ་སྟེ། དེང་སྐབས་བློ་གསར་གཞོན་ནུ་སྐོར་ཞིག་གིས་བོད་ཀྱི་ནང་དོན་རིག་པས་ང་ཚོ་བསྐྱལ་ས་ལ་བསྐྱལ་བཞག་ཡོད་པ་རེད། ད་དུང་ཡང་དབང་བསྒྱུར་བྱེད་ཀྱི་ཡོད་པ་རེད་ཅེས་ཤོད་ཀྱིན་ཡོད་ཅིང༌། དེ་ཚོས་ནི། མདོར་བསྡུས་ནས་བཤད་ན། ནང་ཆོས་ནི་བོད་མི་རིགས་ལ་གཉའ་གནོན་གྱི་ཅ་ལག་འདྲ་པོ་ཞིག་ཏུ་བརྩིས་ཏེ། ཧ་ལས་ལས་ཀྱིས་དགག་ཚིག་སྤེལ་གྱིན་ཡོད་ཅིང༌། དེ་དང་ཕྱོགས་མཚུངས་པར། དེ་རིང་ཁ་སང་གི་སློབ་ཆེན་སློབ་མ་སྐོར་ཞིག་དེ་དག་གི་རྗེས་སུ་གཡས་རྒྱུག་གཡོན་རྒྱུག་བྱེད་ཀྱི་ཡོད་པ་ཤེས་ཡོན་གྱི་རྨང་གཞིས་མ་འདང་བས་ལན་ནས་ཡོད་བཞིན་དུའང༌། ཁ་ཟད་ཟད་དུ་གླེང་གིན་ཡོད་པ་དེ་ལྟར་ནའང༌། ངས་བསམས་ན། འདི་ནི་ང་ཚོའི་ཚད་གཞི་ཞིག་ལྷང་ལ་བུད་པ་སྟེ། ད་ལྟའི་ང་ཚོ་དང་རིག་གཞུང་གཉིས་ཀྱི་བར་ཐག་ཅིག་མངོན་པར་གྱུར་པ་ཡིན་པར་འདོད།
འདི་ལྟར་འདོད་པ་ལ་རྒྱུ་མཚན་གསུམ་གྱིས་བལྟ་ཡི་ཡོད། དེ་ནི། ༡ ཕྱི་དངོས་པོའི་འཕེལ་རྒྱས་ཙམ་ལས་ནང་བསམ་བློའི་དཔལ་ཡོན་གྱི་རིན་ཐང་ལ་བལྟ་བའི་ཚད་གཞིས་མ་འདང་བ། ༢ གཞན་ཕན་གྱིས་རང་ཉིད་རྗེས་ལུས་སུ་བྱས་པར་མཐོང་བ་ཙམ་ལས་དེ་ལས་བརྒལ་བའི་རིན་ཐང་མཐོང་བའི་ཤེས་སྟོབས་གཉོམ་སོང་བ། ༣ རང་ཉིད་ཀྱིས་གང་མཐོང་ཞིང་གང་འདོད་པ་དེ་ལས་གནས་ལུགས་དང་རྒྱུ་མཚན་ངོས་ལེན་བྱེད་པའི་ཤེས་ཡོན་རྩལ་སྟོབས་མ་རྫོགས་པ་བཅས་ཀྱི་དབང་གིས་ལྟ་ཚུལ་འདི་འདྲ་ཡོང་གི་ཡོད་འདྲ་ཡང༌། ལྟ་ཚུལ་འདི་མདོར་བསྡུས་ནས་བཤད་ན། ནང་པའི་ཆོས་དང་ནང་པའི་ཆོས་གཙོ་བོར་དོན་དུ་གཉེར་མཁན་གྱི་སེར་མོ་བའི་སྡེ་འཕེལ་བ་དེས་ང་ཚོའི་སྤྱི་ཚོགས་ལ་འཕེལ་རྒྱས་ཀྱི་ནམ་མཁའི་གོ་བཀག་དང་འགོག་ཀྱིན་པར་ཤོད་ཀྱི་ཡོད་པ་དང༌། རྣམ་པ་གཞན་དུ་ན། ཁ་རྒྱལ་བ་འདི་ཚོས། བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་རིན་ཐང་དང༌། བོད་ཀྱི་སེམས་ཁམས་ཀྱི་ངོས་ན་རང་ལས་གཞན་གཅེས་ཀྱི་བསམ་བློ་ཞིག་འོད་དུ་འཚེར་བཞིན་པ་འདི་མེད་པར་བྱས་པ་དེ་ཤེད་ནས་ང་ཚོ་ཡར་རྒྱས་འགྲོ་བར་ཡིད་ཆེས་བྱེད་ཅིང་ཡོད་འདྲ།
འདི་འདྲ་འདི་ནི། རྣམ་པར་འཁྱམ་པ་འདྲ་སྟེ། ཕྱི་དངོས་དང་དེང་རབས་ཤེས་རིག་འཕེལ་རྒྱས་ཀྱི་ངོས་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དག་གིས། ནང་སེམས་ཀྱི་ཞི་བདེ་ནི་བདེ་བ་ངོ་མ་ཡིན་པའི་གནས་ལུགས་ཀྱི་མཐིལ་མཐོང་འབྲེལ། བོད་ཀྱི་ནང་དོན་རིག་པའི་ཉིང་བཅུད་གཞིབ་པ་ལ་འཚང་ཁ་ཆེ་ཐང་གིས་འཇུག་ཅིང༌། འདི་ནི་སྔོན་ཐོན་གྱི་རིག་གནས་ཤིག་ཏུ་མཐོང་ནས་སློབ་སྦྱོང་དང་ཉམས་ཞིབ་ཀྱི་འཕེལ་ཁ་ཉིན་རེར་རྒྱས་བཞིན་གྱི་སྐབས་ཡིན་པ་ནི། འགོག་ཏུ་མེད་པའི་འཕེལ་ཁ་ཞིག་ཏུ་གྱུར་དང་འགྱུར་མུས་སུ་ཡོད། ངས་འདི་ལྟར་ཤོད་དོན་ནི། དེང་རབས་རིག་གནས་ཀྱི་ཡར་རྒྱས་རྩེ་མོར་སོན་པའི་འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་མང་པོ་ཞིག་གིས། ནང་པའི་རིག་གནས་འདི་ཁོ་ན་དཔལ་ཡོན་གྱི་ནོམ་དམ་པར་འཛིན་པ་ལ། བོད་ཀྱི་གཞོན་སྐྱེས་ཁག་ཅིག་གིས་འདི་ནི་རྒུད་པ་ཐམས་ཅད་ཀྱི་སྒོ་རུ་མཐོང་བྱེད་ཀྱི་ཤེས་ཡོན་དེ་གང་ནས་སྦྱངས་པ་ཡིན་ནམ། འདི་ཁོ་ན་ཐེ་ཚོམ་སྐྱེ་གཞི་ཟེར་ནའང་འདྲ། ཧ་ལས་པའི་གཞི་རུ་གྱུར། མ་གཞི་ནས་བོད་ཀྱི་ཆོས་དང་རིག་གཞུང་འདི་བོད་མི་རིགས་ཀྱི་སྟོབས་ཤུགས་མཐའ་དག་གི་འབྱུང་ཁུངས་སུ་བལྟས་ནས། དེ་མེད་པ་བཟོ་བའི་ད་ལྟའི་སྲིད་བྱུས་འདིས་ང་ཚོ་འཆི་ལམ་དུ་བརྫངས་བཞིན་པའི་གནས་སྐབས་འདིར། དེའི་རྒྱབ་རོགས་སུ་ཆས་པ་ལྟ་བུའི་བྱེད་སྟངས་འདིར་འཇུག་མཁན་ཚོས་བསམ་བློ་ཞིག་ནི་ངེས་པར་གཏོང་རན་ནས་འདུག ཡང་སྙིང་ཅི་ཞིག་བསམས་པ་ཡིན་ནམ། ཅི་སྟེ་མི་རིགས་ལ་ཞེན་ཁོག་གིས་ཡིན་པའི་དབང་དུ་བཏང་ནའང༌། ཐུན་མོང་མ་ཡིན་པའི་འབྱེད་ཆོས་སུ་གྱུར་པའི་ཕ་ནོར་འདི་ཕན་མེད་དུ་མཐོང་བ་ནི་ཡ་མཚན་རེད། གཅིག་བྱས་ན། དེ་ཚོས་ནི་བོད་མིའི་སེམས་ཁམས་དང་རིག་གཞུང་གི་བསྟན་དོན་གཉིས་གནས་སྐབས་འགའ་ཞིག་ཏུ་ཡ་བྲལ་དུ་སོང་བ་མཐོང་སྟེ། རིག་པའི་གཞུང་ལུགས་ཀྱིས་མ་འགྲིག་པར་བལྟ་ཡི་ཡོད་མཆི་ཡང༌། གནས་ལུགས་ཀྱི་སྲང་ལ་བཏེགས་ནས་དབྱེ་འབྱེད་ལ་ཕྱོགས་དགོས་པ་རིགས་པའི་འགྲོས་ཡིན་པ་ལས། གང་དྲན་བྱུང་རྒྱལ་དང༌། གཡས་ཁག་གཡོན་དཀྲི་ཁོ་ན་དང་ཨུ་ཚུགས་ཁོ་ན་བྱེད་པ་ནི༌། གནས་ལུགས་ཤིག་ཁྱོན་ནས་མ་རེད། ཁྱོས་བསམས་ན། དེ་འདྲ་ཞིག་ཨེ་རེད།
སྤྲིན་བྲལ་དང་བྱ་ཁྱུང་ལགས།
གུས་པས་ཁྱེད་གཉིས་ཀྱི་རྩོམ་ཡིག་དེ་མཐོང་རྗེས་རང་དབང་མེད་པར་བགད་མོ་ཤུགས་ཆེ་ཤོར་ནས་རེ་ཞིག་ལུས་སེམས་ལ་བཏང་འཛིན་ཤོར་བ་ལྟ་བུ་བྱུང་། ཡིན་ནའི་ཞིབ་པར་བསམས་སྐབས་ཁྱེད་གཉིས་ཀྱིས་ནང་ཆོས་དང་ལོ་རྒྱུས་ཟབ་མོ་མི་ཤེས་པའི་དབང་གིས་རེད་སྙམས།
ངེད་ཀྱིས་ཀྱང་བོད་མི་རིགས་འདི་བསྟུད་མར་ཉམས་རྒུད་དུ་ཕྱིན་པའི་རྒྱུ་རྐྱེན་ཞིག་ནི་བོད་ལ་ནང་ཆོས་ཤུགས་ཆེ་སྤེལ་བ་དང་འབྲེལ་བ་འདུག་སྙམ།
༡ བོད་ཆེན་པོ་གཏོར་གཤིག་འགྲོ་བ་དེ་བཙན་པོ་ཁྲི་དར་མ་བཀྲོངས་པ་དང་འབྲེལ་བ་ཡོད། བཙན་པོ་ཁོང་བཀྲོངས་མཁན་དེ་ནང་པའི་གྲགས་ཅན་མི་སྣ་འཇིགས་བརྟེན་སྤོང་བ། རི་ཁྲོད་པ། ཆོས་པ་ལྷ་ལུང་དཔལ་རྡོར་ཟེར་བ་དེ་རེད། བྱས་ཙང་བོད་མི་རིགས་འདི་ཉམས་རྒུད་འགྲོ་བ་དང་ནང་ཆོས་གཉིས་འབྲེལ་བ་ཡོད་སྟབས་ཆོས་འདིས་མི་རིགས་རྩ་མེད་གཏོང་ཉེན་འདུག་བསམ་བཞིན་ཡོད།
༢ བོད་སྲིད་བུར་འགྱུར་རྗེས། བོད་ལ་དབང་སྒྱུར་བྱེད་མཁན་ཚང་མ་བླ་མ་དང་ཁོང་ཚོའི་རྒྱབ་རྩ་ཤ་སྟག་རེད། དེ་དག་གིས་དབང་འཛིན་འཐབ་རྩོད་དེ། རང་རྒྱལ་གཞན་ཕམ་ཁོ་ནའི་ལས་ལ་ཞུགས་ནས་བོད་འདི་ཡར་འཁྲུག་མར་འཁྲུག་བཟོས་ནས། མི་དམངས་ལ་གཉའ་གནོན། ཚད་འགལ་གྱི་ཁྲལ་བསྡུ། མི་རིགས་ཀྱི་ལ་རྒྱ་མེད་པ། རང་དབང་གྱི་ཐོབ་ཐང་མེད་པའི་མུན་ནག་གི་སྤྱི་ཚོགས་ཤིག་བསྐྲུན་ནས་དེ་བདག་ཟུང་ཁོ་ན་བྱས་ནས་ལོ་ངོ་བརྒྱ་ཕྲག་འདས་རྗེས་མཐའ་མ་ཁོང་ཚོ་གུང་ཁྲན་ཏང་ལ་དབང་ཤོར་བ་དང་གཞི་ནས་བླ་མའི་སྲིད་དབང་འཇུག་སྒྲིལ་བ་ལྟ་བུ་བྱུང་བ་མ་རེད་པས། དེས་ནས་བླ་མ་ཚོས་ཁྱེད་ཚོས་ཤོད་པ་ནང་བཞིན་རང་དོན་དོར་ནས་གཞན་དོན་ཁོ་ན་བྱས་འདུག་གས། དེར་བརྟེན་བོད་འདི་སྡུག་བསྔལ་ལས་སྡུག་བསྔལ་ལ་འགྲོ་དགོས་པ་འདི་ནང་ཆོས་དང་འབྲེལ་བ་མིན་འདུག་གམ།
༣བདག་མེད་ཟེར་བའི་རིག་པའི་གཞུང་ལུགས་དེ་ལ་འགལ་འདུ་ཆེན་པོ་ཡོད་སྟབས་ནང་པ་ཁོང་ཚོ་ནང་ཁུལ་ལའང་ད་དུང་ལྟ་བ་དེའི་ཐད་འདོད་པ་གཅིག་འགྱུར་མེད་པ་མ་ཟད། དུས་རབས་ནས་དུས་རབས་བར་བདག་མེད་ཀྱི་ལྟ་བ་ལ་ནང་གསེས་དང་ཡང་གསེས་དུ་མ་འཐོན་བཞིན་ཡོད་པ་དེས་བདག་མེད་ཀྱི་ལྟ་བ་དེ་ད་དུང་ཁུངས་འཁྱོལ་ཐུབ་པའི་གཞི་རྩ་ཞིག་མེད་པ་གསལ་པོ་མ་ཡིན་ནམ། དཔེར་ན། བོད་ཀྱི་ནང་ཆོས་གྲུབ་མཐའ་ཁག་གི་ནང་བདག་མེད་ཀྱི་ལྟ་བ་ཁ་མཐུན་མེད་པ་དེ་ཁྱེད་གཉིས་ཀྱི་ཤེས་ཀྱི་མེད་དམ། ཉེ་འཆར་བོད་ཀྱི་ནང་པའི་མཁས་པ་འཇུ་མིན་ཕམ་གྱིས་ཙོང་ཁ་བ་བློ་བཟང་གྲགས་པའི་བདག་མེད་ཀྱི་ལྟ་བ་དེ་ཆད་ལྟར་ལྷུང་བ་དང་དེ་ཤ་ཀྱ་མུ་ནེའི་ལྟ་བ་དང་མི་མཐུན་ཟེར།
དེར་བརྟེན་དཔེར་ན་ཏཱ་ལའི་བླ་མ་ཁོང་ནུབ་ཕྱོགས་ལ་ཕེབས་སྐབས་དགེ་ལུགས་ཀྱི་གཞུང་ཁྲིད་པའི་གོ་སྐབས་ཉུང་ཉུང་ཡིན། གང་ཡིན་ཟེར་ན་ནུབ་ཕྱོགས་ལ་བོད་དར་ནང་ཆོས་ཀྱི་སློབ་མ་མང་ཆེ་བ་སྙིང་མ་དང་དཀའ་རྒྱུད་པ་ཡིན་སྟབས་ཁོང་ཚོས་ཙོང་ཁ་བའི་ལྟ་བ་དེ་ཁས་ལེན་མེད་པས་རེད། དེས་ན་བདག་མེད་ཟེར་བ་འདི་ཡང་བླ་མ་རེ་རེ་ལ་བཤད་སྟངས་རེ་རེ་ཡོད་པ་ལས་ཁྱེད་ཚོས་ཤོད་པ་ནང་བཞིན་དེ་ཚང་མས་ཁས་ལེན་པའི་ནང་པའི་གཞུང་སྤུས་དག་ཞིག་མིན་པ་གསལ་པོ་མ་ཡིན་ནམ།
དེ་བཞིན་ཇོ་ནང་གི་གཞན་མཐོང་དང་།དབུ་མའི་བདག་མེད་གཉིས་ཀྱི་འགལ་བ་དེས་བདག་མེད་ཟེར་བ་འདི་གང་བཤད་ཀྱི་ཡོད་མིན་གསལ་པོ་མེད། མ་ཟད་རྫོགས་ཆེན་པ་ཚོས་དགེ་ལུགས་ཀྱི་དབུ་མའི་ལྟ་བ་འཛིན་མཁན་ཚོར་བདག་མེད་ཀྱི་སྐོར་ལ་ནོར་འདུག་ཟེར་མི་རབས་ནས་མི་རབས་བར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་།དགེ་ལུགས་ཀྱི་དབུ་མའི་ལྟ་བ་འཛིན་མཁན་ཚོས་རྫོགས་ཆེན་གྱི་བདག་མེད་ལྟ་བ་དེ་ནང་པའི་ལྟ་བ་མ་རེད་ཅེས་ཤོད་བཞིན་ཡོད་པ་དེ་ཁྱེད་གཉིས་མཁས་དབང་རྣམས་ཀྱིས་མ་ཤེས་སམ། བྱས་ཙང་ཁྱེད་གཉིས་ཀྱིས་ནང་ཆོས་ཀྱི་ཁྱད་ཆོས་ཟེར་བཤད་དུས་ནང་ཆོས་བརྟན་པོར་ལངས་མི་ཐུབ་པའི་རྒྱུ་རྐྱེན་རྣམས་མ་བཤད་སྟབས་གུས་ནས་འདིར་གཏམ་ཨ་ཕས་གཏོང་ཡས་དེ་ཨ་མས་བཏང་དགོས་བྱུང་སོང་། ཡིན་ནའི་ཁྱི་བདག་པོས་བཀག་ཡས་དེ་རྗེས་མ་མགྲོན་པོས་བཀག་མི་དགོས་པ་ཞིག་ཁྱེད་གཉིས་ཀྱི་མཁྱེན་པ་ཞུ།
མཐའ་མར་ཞུ་སྙིང་། ཆོས་ལུགས་གཞན་དང་མི་འདྲ་བར་ནང་ཆོས་ཀྱི་དཀའ་ངལ་དེ་གཙོ་བོ་ལྟ་བའི་ཐོག་ནས་སླེབས་ཀྱི་ཡོད། དེ་གཙོ་བོ་ནི་ཤ་ཀྱ་མུ་ནེ་ཁོ་རང་གིས་བདག་མེད་ཀྱི་ལྟ་བ་དེ་ཁུངས་ཁྱོལ་བ་ཞིག་བཙུགས་ཐུབ་མེད་པས་རེད། དཔེར་ན་ཀླུ་སྒྲུབ་ཀྱིས་བཅོམ་ལྡན་འདས་ཀྱི་བདག་མེད་སྐོར་ལ་ སྟོན་པས་”བདག་གོ་ཅེས་ཀྱང་བསྟན་པར་འགྱུར། བདག་མེད་འགའ་མེད་ཅེས་ཀྱང་བསྟན།” ཞེས་འདྲི་བ་ལྟ་བའུ་ཚིགས་བཅད་ཡོད་པ་འདི་ཁྱེད་གཉིས་ཀྱི་ལྟ་ཨེ་མྱོང་། མ་ཟད་མདོ་སྡེ་བ་དང་དབུ་མ་པའི་ལྟ་བའི་སྐོར་གྱི་སྙོག་ཟིང་དེ་དག་ལ་ཁྱེད་གཉིས་ཀྱིས་ཞིབ་འཇུག་བྱས་ཨེ་མྱོང་།
དེར་བརྟེན་ཁྱེད་གཉིས་ཀྱིས་ནང་ཆོས་ཀྱི་ཡོན་ཏན་གཅིག་པུ་བསམ་བློ་མི་བཏང་བར་དེའི་སྐྱོན་ཕྱོགས་ཀྱི་གནས་ཚུལ་ལ་བསམ་བློ་ཏོག་ཙམ་བཏང་ཐུབ་ན་གཞི་ནས་ཁྱེད་གཉིས་ཀྱིས་ནང་པའི་ཡོན་ཏན་གསལ་པོ་ཤེས་ཐུབ།