བསྟན་འཛིན་མཐའ་ཡས།
ནད་གཞི་སྔོན་འགོག་བྱེད་པ་ལ་ལུས་རྩལ་གལ་ཆེ་ཤོས་རེད། ལུས་རྩལ་ཁ་ཤས་ཤིག་འགྲེལ་བཤད་ཞུས་ན།
རྩ་དཀར་གྱི་རྩ་བ་ཀླད་པ་རེད། དཔེར་ན་མགོ་ཡིན་ན། མགོ་ལ་སྐྱོན་མི་འབྱུང་བ་དང་། མགོའི་ནང་གི་རྩ་ཡི་ལས་ཀ་ཡག་པོ་ཡོང་བ་ལ་ངེས་པར་དུ། སྐྲ་ཤད་དང་སོར་མོ་ལྟ་བུས། དཔེ་ཤུགས་ཆེན་པོ་ཤད་དགོས་ཡོད་རེད། ཕྱི་ལོགས་ནས་ཤུགས་ཆེན་པོ་ཤད་པ་ཡིན་ན། དེའི་ཚོར་བ་དེ་རང་བཞིན་གྱིས་ནང་ལ་འགྲོ་སྟེ། ནང་གི་ཁྲག་དང་རླུང་གི་འཁོར་རྒྱུག་ཡག་པོ་བྱུང་ནས་ཀླད་པ་དེ་ཡག་པོ་འདུག་གི་ཡོད་རེད། དེས་རྩ་དཀར་གྱི་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་རེད། ཡང་ན་སོར་མོས་རྡུང་བའམ། ཐལ་ལྕག་ཞུས་ནའང་འགྲིག་གི་རེད། གང་ལྟར་ཁྲག་དང་རླུང་གི་འཁོར་རྒྱུག་ཡག་པོ་ཡོང་བ་ལ་དེ་དཔེ་ཡག་པོ་ཡོད་རེད།
དེ་མ་ཡིན་པ་མི་མང་པོ་ལ། དགོང་མོ་བདེ་བོ་ཡིན་ནའང་ཞོགས་པ་ཡར་ལང་ཡོང་བ་ན། སྐེ་འཆུས་བསྡད་པའི་དཀའ་ངལ་ཅུང་ཙམ་འཕྲད་ཀྱི་ཡོད་རེད། དེ་ཡིན་ན་འདི་རེད། སྤྱིར་བཏང་བྱས་ན་སྐེ་མ་འཁྱགས་པ་དེ་གལ་ཆེན་ཤོས་རེད། དཔེར་ན། གནམ་གཤིས་གྲང་མོའི་སྐབས་སུ། ངེས་པར་དུ་སྐེ་བཏུམས་ནས་ཉལ་དགོས་པ་དང་། ཡང་གནས་སྐབས་ལག་པས་ཁུ་ཚུར་བཅིང་ཡོང་བ་ན་ལག་གཞུག་ཏུ་གཉེར་མ་ཞིག་འདུག་པ་ལ། སེན་མོ་འདྲ་བ་བཙུག་ནས་ཤུགས་ཆེན་པོ་མིན་པ་འཕུར་གྱིན་འཕུར་གྱིན། སོ་སོའི་མགོ་གཡས་གཡོན་དུ་འགུལ་སྐྱོད་གཏུག་དགོས་ཡོད་རེད། དེ་བྱས་པ་ཡིན་ན། སྐེའི་རྩ་དཀར་ན་ཚ་དང་། སྐེ་འཆུས་བསྡད་པ་དེ་མགྱོགས་པོ་སངས་ཐུབ་ཀྱི་རེད།
དེ་ག་ནང་བཞིན་དིང་སང་གློག་ཀླད་དཔེ་ཤུགས་ཆེན་པོ་དར་ཁྱབ་བྱུང་བ་ཡིན་དུས། མི་ཚང་མས་གློག་ཀླད་ཤུགས་ཆེན་པོ་བེད་སྤྱོད་གཏོང་གི་ཡོད་རེད། གློག་ཀླད་ཤུགས་ཆེན་པོ་བེད་སྤྱོད་གཏོང་ཡོང་དུས། ཁོག་སྟོད་དེ་བརྒྱངས་བས། འདིའི་རྩ་དེ་ཡང་ཚུར་བརྒྱངས་ཡོང་ནས་དཔེ་ན་ཚ་ཤུགས་ཆེན་པོ་གཏོང་གི་ཡོད་རེད། དེ་ལ་ཡར་ལངས། བརྩེགས་པ་འདྲ་བ་ལ་རྒྱབ་བརྟེན། ལག་པ་གཉིས་ཀ་བརྩེགས་པའི་སྒང་ལ་ཕར་ཐད་ཀར་སྦྱར་ཏེ། ཡར་གྱེན་དུ་བསླངས། ཐད་ཀར་བཞག་པ་ཡང་ཡང་བྱེད་དགོས་ཡོད་རེད། དེ་བྱས་པ་ཡིན་ན། རང་བཞིན་གྱིས་རྒྱབ་ཀྱི་རྩ་ལམ་འགག་པ་སངས་ནས་དྲག་ཡོང་གི་ཡོད་རེད།
དེ་ནས་གལ་ཆེ་ཤོས་དེ་ང་ཚོའི་སྒལ་ཚིགས་ཀྱི་འཕྲོད་བསྟེན་དེ་རེད། གང་ཡིན་ཟེར་ན། རྩ་བ་དེ་ཀླད་པ་རེད་དེ། དེའི་ནང་གི་སྡོང་པོ་དེ་སྒལ་ཚིགས་ཆགས་བསྡད་ཡོད་རེད། ག་དུས་ཡིན་ནའང་། གཟུགས་པོ་བརྡབ་སྐྱོན་འདྲ་ཤོར་ན་སྒལ་ཚིགས་དེ་ཉེན་ཁ་ཆེ་བ་ཡོད་རེད། སྒལ་ཚིགས་ཀྱི་འཕྲོད་བསྟེན་ལ་ལུས་རྩལ་གསུམ་ཡོད་རེད།
སོ་སོ་ཐང་ལ་ཁ་སྦུབ་ཏུ་ཉལ། ལག་པའི་སྒང་ལ་ཡར་ལངས་ནས། ཀེར་ཏེ་སྒལ་ཚིགས་ཡར་དགྱེ་དགོས་རེད། དེ་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་ནི། སོ་སོས་ཚད་དང་ལྡན་པ་ཞིག་སྟེ། ཡར་ཀེར་ཡོང་བ་ན། རང་བཞིན་གྱིས་ན་ཚ་ཅུང་ཙམ་ཡོང་ན་མཚམས་བཞག་དགོས་རེད། ཤུགས་རྒྱག་ཏུ་ཡོད་མ་རེད། ཤུགས་བརྒྱབ་ན་སྐྱོན་བྱེད་ཀྱི་རེད།
ཡང་ཐང་ལ་ཙོག་ཙོག་བསྡད་དེ་རྐང་པ་གཉིས་མར་བརྐྱངས་ཏེ། མགོ་བོ་མར་སྒུར་བའི་ཐོད་པ་པུས་མོ་དང་ངར་གདོང་ལ་ཨེ་ཐུག་བལྟ་བས་མདུན་ལ་སྒུར་དགོས་རེད། རྒྱུ་མཚན་གང་ཡིན་ཟེར་ན། སྒལ་ཚིགས་ཀྱི་ཕྱོགས་བཞི་ན་བཤུལ་ཤ་ཟེར་ནས་ཤ་ཆེན་བཞི་ཡོད་རེད། དེའི་ནང་ལ་རྩ་དཀར་གྱི་རིགས་ཧ་ལས་པའི་མང་པོ་ཡོད་རེད། དེ་ཚོ་མཉེན་པོ་དང་མཁྲང་པོ་ཆགས་བསྡད་པ་ཡིན་ན་སྒལ་ཚིགས་ཡར་སྐྱོར་བསྡད་ཀྱི་ཡོད་རེད། ཤ་གྲིམ་གྱི་ཤུགས་ཆུང་དུ་ཆུང་དུ་འགྲོ་དུས། རང་བཞིན་གྱིས་མར་འཐེན་ཡོང་གི་རེད། འཐེན་ཡོང་དུས་སྒལ་ཚིགས་མར་བཙིར་ནས་རྩ་དཀར་ལ་གནོད་ཀྱི་ཡོད་རེད། དེའི་ཤ་གྲིམ་ཐམས་ཅད་མཉེན་པོ་དང་ཤུགས་ཆེན་པོ་ཆགས་པའི་ཕྱིར་དུ། རྒྱབ་ཏུ་དགྱེ་བ། མདུན་དུ་སྒུར་བ་དང་།
དེ་ནས་བྱུང་ན། སྒོ་ལ་སོགས་པར་ལག་པས་འཇུས་ཏེ། སོ་སོའི་རྐང་པ་ཡར་ཟློག་ནས། སོ་སོའི་གཟུགས་པོའི་ལྗིད་ཀྱིས། སྒལ་ཚིགས་མར་འཐེན་ཐུབ་པ་ཡིན་ན་དཔེ་ཕན་པོ་ཡོད་རེད། སྒལ་ཚིགས་ཀྱི་ན་ཚ་ཡོད་ན། དེའི་རིགས་ལ་དམིགས་བསལ་གྱིས་ཕན་གྱི་རེད། དེ་གལ་ཆེན་པོ་རེད། དེའི་ལུས་རྩལ་དེ་གཅིག་བྱས།
དེ་ནས་སྤྱིར་བཏང་རྩ་དཀར་གྱི་ན་ཚ་ན་བ་ལ་ཁྲག་གི་འཁོར་རྒྱུག་དེ་དཔེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ཁྲག་གི་འཁོར་རྒྱུག་ཡོང་བ་ལ། སྤྱིར་བཏང་རྐང་པ་ཡར་ཀེན་ཏེ། ལོང་ཚིགས་ཡར་མར་འགུལ་སྐྱོད་མང་པོ་བཏང་ཡིན་ན། འགུལ་སྐྱོད་དེས་རྐྱེན་བྱས་ནས། གཟུགས་པོ་ནང་གི་ཤ་གྲིམ་ཆེ་ཤོས་བརླ་ཤ་ཆགས་བསྡད་ཡོད་རེད། དེའི་ནང་ལ་ཁྲག་འཁོར་རྒྱུག་དཔེ་དཀའ་ལས་ཡོད་རེད། རྐང་པའི་ལོང་ཚིགས་ཡར་མར་འགུལ་སྐྱོད་བཏང་ཡོང་དུས། རང་བཞིན་གྱིས་བརླ་ཡི་ཤ་གྲིམ་ཐམས་ཅད་བཙིར་ནས། ཤ་གྲིམ་གྱི་རྩོལ་ཤུགས་ལ་བརྟེན་ནས་ཁྲག་རྣམས་རང་བཞིན་གྱིས་སྙིང་ནང་ལ་ལོག་འགྲོ་ཡོད་རེད། དེས་ཁྲག་གི་འཁོར་རྒྱུག་དཔེ་ཡག་པོ་ཆགས་ཀྱི་རེད། དེ་གཅིག་བྱས།
དེ་ག་ནང་བཞིན་མགོ་དང་རྩ་དཀར་གྱི་ན་ཚ་སྔོན་འགོག་བྱེད་པའི་གཙོ་བོ་དེ། ལག་པའི་མཛུབ་མོའི་རྩེ་ཐམས་ཅད་ཕན་ཚུན་རྡུང་བ་དེ་ཆགས་ཀྱི་རེད། རྒྱུ་མཚན་གང་རེད་ཟེར་ན། མཛུབ་མོའི་རྩེ་དེ་ང་ཚོའི་རྩ་དཀར་གྱི་རྩེ་མོ་འདྲ་བོ་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་ཚོར་བའང་རྣོ་ཤོས་ཆགས་བསྡད་ཡོད་རེད། ཕན་ཚུན་རྡུང་ཡོང་དུས་ཚོར་བ་ན་ཚ་ཅུང་ཤུགས་ཆེ་ཙམ་ཡོད་པ་དེ། རང་བཞིན་གྱིས་མགྱོགས་པོ་ཀླད་པ་ལ་འགྲོ་ནས་ཕོག་ཐུག་སྐྱེས་ཏེ། ཀླད་པ་ནང་གི་འཁོར་རྒྱུག་ཐམས་ཅད་ཡག་པོ་ཆགས་ཡོང་གི་རེད། དེ་གནད་འགག་ཆེན་པོ་གཅིག་བྱས།
དེ་དང་མཉམ་དུ་དཔེར་ན་སོ་སོ་ཉལ་ཁྲིའི་ཟུར་ལ་བསྡད། ཕར་རྒྱབ་ཏུ་ཉལ། སོ་སོའི་ལག་པ་དེ་ཡར་རྒྱབ་ཏུ་བརྐྱངས། རྐང་པ་གཅིག་ཡར་བཀྱག །རྐང་པ་གཅིག་མར་བཞག །ཡང་རྐང་པ་གཅིག་ཡར་བཀྱག །རྐང་པ་གཅིག་མར་བཞག་བྱེད་པ་སྟེ། རྐྱོང་བ་དེ་ལ། བྱུང་ན། རྩིབས་དེ་བརྩེགས་པ་ཞིག་ལ་ཀེན་བསྡད་ན། རྐང་པ་དེ་བརྩེགས་པ་སྒང་ནས་བརྩེགས་པ་སྒང་ལ་ཡར་བརྐྱངས་ཤག་ན་འགྲིག་གི་རེད། རྐང་པ་གཞན་པ་དེ་ངེས་པར་དུ་མར་བརྐྱངས། སྐར་མ་ཁ་ཤས་ཀྱི་གཞུག་ལ། ཡང་བསྐྱར་རྐང་པ་གཞན་པ་དེ་བརྩེགས་པ་སྒང་ལ་ཡར་བརྐྱངས། རྐང་པ་གཞན་པ་དེ་མར་བཞག །དེ་ལ་སོགས་པས་བརྗེ།
གང་ལྟར་དེས་ག་རེ་བྱེད་ཀྱི་ཡོད་རེད་ལབ་ན། ང་ཚོའི་རྐང་ལག་སྒང་ལ་ཡོད་པའི་རྩ་ཡི་རིགས་ཤུགས་ཆེན་པོ་འཐེན་གྱི་ཡོད་རེད། རྒྱུན་དུ་གང་ཐུབ་ཐུབ་འཐེན་བསྡད་པ་ཡིན་ན། དེའི་ནང་གི་རླུང་དང་ཁྲག་གི་འཁོར་རྒྱུག་དེ་དཔེ་ཡག་པོ་ཡོང་གི་རེད། དེ་བྱེད་དུས་རྩ་ཐམས་ཅད་མཉེན་པོ་དང་མཁྲང་པོ་བསྡད་ཐུབ་ཀྱི་ཡོད་རེད། གཅིག་བརྡབ་གསིག་བྱུང་ནའང་མགྱོགས་པོ་སྐྱོན་མི་བྱེད་པ་ལ་སོགས་པ་དང་། དཔེར་ན། ལོ་རྒན་དུ་རྒན་དུ་འགྲོ་དུས། རང་བཞིན་གྱིས་རྩ་ཡི་ནུས་པ་ཐམས་ཅད་ཉམས་འགྲོ་ཡི་ཡོད་རེད། དེའི་ནུས་པ་ཉམས་པ་སྔོན་འགོག་བྱེད་པ་ལ་སོགས་པ་འདི་ལ་ཧ་ལས་པའི་ཕན་པོ་ཡོད་རེད། དེའི་ལུས་རྩལ་དེ་དཔེ་གནད་འགག་ཆེན་པོ་རེད།
དམིགས་བསལ་དུ་དགུང་ལོ་བཞི་བཅུ་ལྔ་བཅུ་ནས་ཡར་བརྒལ་ཡོང་དུས། སོ་སོའི་འཕྲོད་བསྟེན་ལ། དཔེར་ན། ན་ཚ་སྔོན་འགོག་བྱེད་པ་དང་། དྲན་པ་ཅུང་ཙམ་ཉམས་འགྲོ་བ་ལ་སོགས་པ་དེའི་རིགས་ཡོང་གི་འདུག་པ། དེའི་རིགས་སྔོན་འགོག་བྱེད་པ་ལ། དེའི་ལུས་རྩལ་དེ་རིགས་རྩེས་ན་ཏན་ཏན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག །
དེ་ག་ནང་བཞིན་འུ་ཚོའི་བོད་སྨན་དེ། ཡང་འདི་འདྲ་རེད། ན་ཚ་ཡོད་ན་བཟའ་དགོས་པ་དང་། ན་ཚ་མེད་ན་བཟའ་མི་དགོས་པ་རྩ་བ་ཉིད་ནས་མ་རེད། ང་ཚོའི་གཟུགས་པོའི་རྩ་དང་དབང་པོ་དྲུག་ཆར་གྱིས་ཤུགས་སྐྱེད་ཀྱི་ཡོད་དུས། རང་བཞིན་གྱིས་ཤུགས་མར་ཉམས་འདུག་ན། ན་ཚ་མེད་ནའང་མཚམས་མཚམས་བཟའ་བསྡད་ནའང་འགྲིག་གི་ཡོད་རེད། བཟའ་བསྡད་ན། མི་ཡི་དབང་པོ་དང་རྩ་ཡི་ནུས་པ་དང་ཤུགས་སྐྱེ་འདུག་གི་ཡོད་རེད། དེ་ཡང་གནད་འགག་ཆེན་པོ་རེད་བསམ་གྱི་འདུག །ད་ང་ལ་ན་ཚ་གང་གང་མེད། ད་ང་སྨན་གཅིག་ཀྱང་བཟའ་དགོས་པ་མེད་བསམ་བསམ་ཡོད་རེད་པ། དེའི་བསམ་པ་དེ་མེད་པ་བྱས། ལོ་ཡར་རྒན་དུ་རྒན་དུ་འགྲོ་དུས། མཚམས་མཚམས་རླུང་སྨན་དང་། རྩ་དཀར་གྱི་སྨན་སོགས་བཟའ་བསྡད་ན་ཏན་ཏན་ཡག་པོ་ཡོང་གི་རེད།
ཡང་ཕོ་བའི་མེ་དྲོད་དེ་ཡང་གནད་འགག་ཆེ་ཤོས་རེད། ཡར་ལོ་ཆེ་རུ་ཆེ་རུ་འགྲོ་དུས། གཟུགས་པོའི་དྲོད་དེ་ཡང་ཉམས་འགྲོ་ཡི་རེད། དེ་བྱེད་དུས། མེ་དྲོད་གསོ་བའི་སྨན་མཚམས་མཚམས་སྟོབས་བསྐྱེད་ཀྱི་སྨན་བཞིན་ཟོས་བསྡད་པ་ཡིན་ན་ཏན་ཏན་ཐུགས་ཕན་སོས་ཀྱི་བསམ་གྱི་འདུག །ད་དེ་འདྲ་ཞིག་ཡིན།
སྐུ་བཅར་སྨན་རམས་པ་བསྟན་འཛིན་མཐའ་ཡས་ཀྱིས་བཤད་པ། སྐྱོ་བྲག་དགའ་དབང་གིས་བཤུས་སོ། །
ཐུགས་རྗེ་ཆེ་དཔེ་ཡག་པོ་གསུང་འདག དཔེ་ཡག་པོ་འབྲི་འདུག་ ད་དུང་དེའི་སྟེང་ལ་མི་གཟུག་པོ་ཡག་པོ་གཅིག་ལ་ལུས་རྩལ་བརྩེད་ཅུག་ནས་ཡུ་ཀྲུབ་ YouTub ལྟ་བུ་བལྟད་མོ་བལྟ་ཡག་བཟོ་ན་ཕན་ཐོག་ཤིན་ཏུ་ཆེན་པོ་ཡོད་ས་རེད་ཐུགས་རྗེ་ཆེ་།
སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་སྤྱི་ཟླ་བཅུ་གཅིག་པའི་ནང་ཨ་རི་ལ་ཕེབས་གི་ཡོད་པ་གོ་ཐོས་བྱུང་།
ནེའུ་ཡོག་ལ་ཕེབས་གི་ཡོད་མེད་ཤེས་མཁན་ཡོད་ན་འདིར་ཅིག་གསུང་རོགས།
ཐུགས་རྗེ་ཆེ།