ཨ་ནུ་ཐང་བསོད་ནམས་ནས།
ཕྲན་གྱི་ལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་རྐྱེན་གྱིས་མིན་ན་རྩམ་པ་ནི་བོད་པ་ཡོངས་ཀྱི་སྔ་ནས་ད་ལྟའི་བར་དུ་རང་ཉིད་ཁོ་ནིའི་ཡིན་པ་འདོད་ཀྱང་། དོན་དངོས་རྩམ་པ་བེད་སྤྱོད་བཏང་མཁན་ཡུལ་ལུང་གཞན་པ་འདུག ཡུལ་ལུང་གཞན་པ་ནི་བོད་དང་ཧ་ཅང་བར་ཐག་རིང་བའི་ཨ་ཧྥུའི་རི་ཁའི་ནུབ་བྱང་མཚམས་སུ་ཆགས་པའི་gran canariaརྒི་རན་ཁ་ན་རི་ཡ་ཞེས་རྒྱ་མཚོའི་ནང་གི་གླིང་ཕྲན་ཆུང་ཆུང་དེ་རེད། དུས་རབས་བཅོ་ལྔ་བའི་ནང་ཡོ་རབ་ཀྱིས་གནས་དེ་རྙེད་ཅིང་། རིམ་བཞིན་སི་ཕན་གྱིས་མི་སེར་སྤེལ་ཡུལ་དུ་ཆགས་ནས་ཡུལ་དེའི་གདོད་མིའི་མི་རིགས་རྣམས་རྩ་མེད་དུ་བཏང་། ཡིན་ཡང་ཁོང་ཚོའི་བེད་སྤྱོད་བྱེད་པའི་ཁ་ཟས་རྩམ་པ་ད་དུང་ཡང་མ་ཉམས་པ་གནས་དེར་ཡོད་པ་མ་ཟད། སྤྲོ་འཁྱམ་པ་ཚོ་ལ་ཚོང་རྫས་བྱེད་བཞིན་མཆིས། དེ་ནི་ཟླ་འདིའི་ནང་ངའི་ནང་མི་ཞིག་གནས་དེ་རུ་ལྟ་སྐོར་ཕྱིན་ཞིང་། ཁོང་གིས་རྩམ་པ་ཡིན་པའི་ངེས་བ་རྙེད་ནས་ང་ལ་རྔན་པར་འཁུར་ནས་སླེབས། དེ་ནི་རྒྱ་གར་གྱི་བོད་པའི་རྩམ་པ་ལྟར་མིན་པ་ནས་ཡག་པོ་བརྔོས་བས་རྩམ་དྲི་ལྷོག་ལྷོག་ཏུ་ཡོད་པ་མ་ཟད་ཨ་མདོའི་ཐེ་རྩམ་གྱི་དྲི་མ་ཡོད་པའི་སྣང་བ་ཞིག་ངང་གིས་སྟེར། མིང་ལ་སི་ཕན་སྐད་ཀྱིས་gofio ཟེར་ཞིང་བཟོ་སྟངས་དང་བེད་སྤྱོད་བྱེད་སྟངས་རྩམ་པ་རང་རེད། ཕྲན་ལ་རེག་པ་དེའི་ནང་དུ་གྲོ་ནས་སོགས་མཉམ་བསྲེས་བྱས་ཡོད་པས་gofio especial འབོདཀྱང་གཙོ་བོ་ནས་ཡིན་པས་ནས་རྩམ་ལས་གཞན་པའི་བྲོ་བ་ཞིག་མི་འདུག རྒོའ་བྷིའི་ཡོ་ནི་སི་ཕན་སྐད་དུ་ཕྱེ་བརྔོས་མ་ཡི་དོན་ཡིན། རྩམ་པའང་ནས་ཁོ་ན་ཡིས་བྱེད་མི་དགོས་ཤིང་། ནས་དང་མཉམ་དུ་སྲན་རིགས་སོགས་འབྲུ་རིགས་དུ་མ་བསྲེས་སྲོལ་ནི་བོད་ཀྱི་ས་ཁུལ་མང་པོར་སྔ་ས་ནས་དར་ཡོད་པས་དམིགས་བསལ་བ་ཅི་ཡང་མིན། ཡིན་ཡང་མིང་ནི་རྩམ་པ་མ་རེད། དེ་ནི་གདོད་མིའི་མི་རིགས་དང་སྐད་གཉིས་བརླགས་པས་སི་ཕན་གྱིས་རྗེས་སུ་བཏགས་པའི་སི་ཕན་སྐད་ཀྱི་མིང་ལས་མི་འདུག མ་འོངས་བར་རང་རིགས་བོད་པའང་དེ་ལྟར་མི་འགྱུར་བའི་སྨོན་ལམ་ཡོད། ད་ལྟ་ནས་ལམ་ལུགས་རྙིང་པ་ཀུན་དུས་དང་མཐུན་པའི་བཅོས་སྒྱུར་བཏང་མ་ཐུབ་པ་ཡིན་ན་དེ་ལྟར་ཆགས་ངེས་རེད། ཚོད་མེད་ཀྱི་གྲྭ་བཙུན་དང་སྤྲུལ་སྐུ་བཟོས་ན་བོད་འདི་མགྱོགས་པོ་འཆི་ལམ་འདེད་ངེས་རེད། རྒྱུ་མཚན་ནི་ཡང་སྤྲུལ་ཚོ་མགོ་བདེ་ཅན་ཚོས་བཟོས་བ་ལས་དམིགས་བསལ་གྱི་ནུས་བ་ཅི་ཡང་མེད་པའི་སྟེང་། ན་ཚོད་གཞོན་པའི་སྐབས་དོ་བདག་ཚོས་གང་འདོད་དུ་བེད་སྤྱོད་བཏང་ཚོག་པས་མི་རིགས་འདི་འཆི་ལམ་དུ་འདེབས་མཁན་གཙོ་བོ་ཞིག་ཏུ་མཐོང་། རྒྱུ་མཚན་ནི་སྤྲུལ་སྐུ་ལ་སུ་ཡིས་སྦྱིན་བདག་བྱེད་ན་ཆོག་ཅིང་། དེ་ལྟར་བྱེད་ན་བེད་སྤྱོད་བྱེད་བདེ་ཆགས་པ་མ་ཟད། ཚོད་མེད་དུ་གྲྭ་བཙུན་བཟོ་བཅུག་མཁན་ཡང་ཁོང་ཚོ་ཡིན། ཁོང་ཚོ་ལ་དགེ་འདུན་པ་མཁོ་ཞིང་། ཅི་ཙམ་དགེ་འདུན་པ་མང་ན་དེ་ཚོད་ཀྱིས་དགོན་པ་ཆེ་ཞིང་། དགོན་པ་ཅི་ཙམ་ཆེ་བ་དེ་ཚོད་ཀྱིས་སྐུ་སྤྲུའི་མཚན་སྙན་རྒྱས་ཞིང་བླ་ཆེན་ཆགས་པས་རེད། དེ་བརྟེན། བོད་པ་ཚང་མ་གྲྭ་བ་བཟོས་ཀྱང་དགོན་བདག་ལ་མཚོན་ན་ཉུང་སྐྱོན་ལས་མང་སྐྱོན་མེད། དེ་ནི་མིའི་ཆགས་སྲེད་ལ་མཐའ་མེད་པ་བཞིན་སྤྲུལ་སྐུ་ཚོའི་འཚོ་རྟེན་གྱི་དགོན་པ་ཅི་ཙམ་བརྒྱབས་ཀྱང་ངོམས་སོ་ལས་ཆོག་ཤེས་མེད་པས། ཁ་ནས་ག་ཚོད་ཆོག་ཤེས་གསུངས་ཀྱང་སྒོམ་རྒྱུ་གྲྭ་བ་དང་སྦྱིན་བདག་རེད། ཡིན་ཏེ། གྲྭ་བ་ནི་རིན་མེད་ཀྱི་གླ་བ་ཡིན་ལ། སྦྱིན་བདག་དང་སྤྲུལ་སྐུ་གཉིས་ངོ་སྤྲོད་བྱེད་མཁན་གྱི་ཟམ་པ་ཡིན་པས་ཟམ་པ་མི་མཁོ་མཁན་སུ་ཞིག་ཡོད། ཡོད་ན་ཆོས་ཉིད་ལས་ལྡོག་པས་ཕྲན་ཡང་བླ་མ་ཡིན་ན་དེ་ལྟར་རེད། ཟམ་པ་མཁོ་ལ་རིན་མེད་ཀྱི་གླ་བ་ལྷག་ཏུ་མཁོ། འོན་ཀྱང་། སྤྲུལ་སྐུ་མིན་པས་རིན་མེད་ཀྱི་གླ་བ་ཅི་ལྟར་ཐོབ། རིན་མེད་ཀྱི་གླ་བ་ཞིག་ཚེ་གཅིག་མ་དགོས་ཉིན་གཅིག་ལ་ཐོབ་རྒྱུ་ཁག་པོ་རེད། ཐ་ན་ཆུང་མ་དང་སྤྲུན་མཆེད་ཀྱང་རིན་མེད་ཀྱི་གླ་བ་བཀོལ་མི་ཐུབ། གལ་སྲིད་ཟླ་གཅིག་ཙམ་བཀོལ་བའི་དབང་དུ་བཏང་ན”གཡོག་པོ་མིན”ཞེས་ངོ་རྒོལ་བྱེད་ངེས་རེད། ཐ་ན་སྐད་ཅིག་བསྐུར་ཡང་གནས་འདིར་རིན་པ་མེད་ན་བཤད་མཁན་དཀོན། གླ་ཆ་སྤྲད་ཀྱང་རིན་པ་ལེན་ཐབས་ལས་ལས་ཀ་བྱེད་མཁན་ཉུང་། དེ་འདྲའི་རང་གཤིས་ནི་བློ་ཕམ་གྱི་གཞི་རེད། སྟབས་མ་ལེགས་ཞིག་ཏུ་མི་འདི་མགོ་སྐོར་དང་གཡོ་སྒྱུ། ཐབས་ཤེས་ཀྱི་སྒང་ནས་བེད་སྤྱོད་བཏང་རྒྱུ་ལས་ཁེ་ཕན་མེད་པ་ཤེས་ཚེ་རོགས་སྐྱོར་བྱེད་མཁན་དཀོན་པ་མ་ཟད། མཐུན་གྲོགས་ཀྱང་བྱེད་མཁན་ཉུང་། དེ་བརྟེན་ཆོས་པ་དང་ཆབ་སྲིད་པ། ཚོང་པ་ཚོས་རང་མྱོང་ལས་མིའི་རང་གཤིས་གསལ་པོ་རྟོགས་ཤིང་ཐབས་ལམ་མམ། གཡོ་སྒྱུའི་ལམ་ནས་མི་ལ་མངོན་སུམ་དང་མངོན་སུམ་མ་ཡིན་པས་ཤུགས་རྐྱེན་སྣ་ཚོགས་སྤྲད་ནས་དབང་སྒྱུར་བྱེད་བཞིན་ཡོད། དེ་ལྟར་མ་བྱེད་པ་དྲང་པོ་དྲང་གཞག་གིས་མི་འདི་དབང་སྒྱུར་བྱེད་དཀའ་བ་ཉམས་མྱོང་ལས་རྟོགས་པས། ཐབས་དང་ཤེས་རབ་ཅེས་པའི་གཞུང་ལུགས་བརྒྱ་ཕྲག་མང་པོ་འཇིག་རྟེན་འདིར་མི་གཏོད་ཐབས་མེད་ཆགས་ཤིང་བཏོད་དེ། མི་རྣམས་ཀྱིས་རང་གི་ཁེ་ཕན་ཆེད་གཞན་བེད་སྤྱོད་བཏང་བ་རེད། རྒྱུ་མཚན་ནི་གཞན་ལ་མ་བརྟེན་པ་མི་རྣམས་ཀྱིས་རང་ཉིད་གཅིག་བུས་རང་གི་འདོད་ཀུན་འགྲུབ་མ་ཐུབ་པས་རེད། གཞན་ལ་བརྟེན་དགོས་ཚེ་ཐབས་ཤེས་མེད་རོགས་སྐྱོར་ཐོབ་དཀའ་ཞིང་། རང་གི་འདོད་བློ་བཞིན་མི་གཞན་བཀོད་སྤྱོད་བཏང་རྒྱུ་དེ་བས་དཀའ་བ་མ་ཟད། དེ་ལས་ལྡོག་སྟེ་འགོག་རྐྱེན་དུ་འགྱུར་བས་ལས་དོན་གང་ཞིག་སྒྲུབ་ཀྱང་ཐབས་ཤེས་དང་བྲལ་ཐབས་མེད། འོན་ཀྱང་མིའི་རིག་པ་དང་བསམ་བློ། ཁོར་ཡུག་དང་རིག་གཞུང་། ཉམས་མྱོང་དང་སློབ་སྦྱོང་སོགས་ལ་དྲག་ཞན་ཡོད་པས་ཐབས་ཤེས་ལའང་བཟང་ངན་དང་སྔ་ཕྱའི་དབྱེ་བ་ཤོར་ཞིང་། ཐབས་ཤེས་དམན་པའི་མི་དང་གོ་རྟོགས་དལ་བའི་མི་རིགས་ཀུན་འཇིག་རྟེན་འདིར་གཞན་གྱི་བེད་སྤྱོད་དང་། ལག་ཆ་ཁོ་ནར་གྱུར་ཞིང་། རང་ཉིད་གཞན་ལྟར་ལེགས་བཅོས་དང་དུས་དང་མཐུན་པའི་འཕེལ་རྒྱས་བཏང་མ་ཐུབ་ན། རྩ་མེད་ཕྱིན་པའི་མི་རིགས་ལྟར་སྔ་ཕྱི་ཙམ་མ་གཏོགས་རྗེས་སུ་འགྲོ་རྒྱུ་ལས་སྙིང་རྗེ་སྒོམ་མཁན་མེད། རྒྱུ་མཚན་ནི། མི་རིགས་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་སྐབས། བྱེད་མཁན་གྱི་ངོས་ནས་རང་གི་འཇོན་ཐང་དང་། ནུས་བ་བརྩི་བ་ལས་ནོར་འཁྲུལ་དུ་བརྩི་སྲོལ་དཀོན་པ་དེས་གསལ་བྱེད་ཐུབ་པས་ཡིན།
ལོ་རྒྱུས་ཉམས་ཞིག་པས་བཤད་གསལ་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་ཙམ་གྱི་སྔོན་དུ་མི་རྣམས་gran canariaརྒི་རན་ཁ་ན་རི་ཡ་ལ་ཐོག་མ་སླེབས་པ་འདོད། གང་ལྟར་ད་ལྟར་གནས་དེར་གདོད་མིའི་མི་རིགས་མེད་པས་ཞིབ་ཕྲའི་གནས་ཚུལ་ཞིབ་འཇུག་བྱེད་པ་བསྐལ་དོན་དུ་གྱུར་ཡང་། གདོད་མིའི་མི་རིགས་ཀྱི་སྤྱོད་པའི་རྩམ་པ་གནས་ད་དུང་ཡང་བེད་སྤྱོད་བཏང་བཞིན་ཡོད་པ་མ་ཟད། གནས་དེ་ནས་ཡིན་པའི་ངའི་ཚོང་མགྲོན་གཉིས་ཀྱང་རྩམ་པ་ཡུལ་དེའི་སྤྱོད་ཡུལ་ཁོ་ན་ཡིན་པ་འདོད་ཀྱིན་འདུག ངས་བོད་ཀྱིས་ཀྱང་རྩམ་པ་བེད་སྤྱོད་བཏང་བཞིན་ཡོད་པ་བཤད་འཕྲལ་ཁོང་གཉིས་དོགས་སྣང་གིས་དགའ་བ་སྒོམ་གྱི་འདུག
ཉི་ཧོང་དང་བོད་ཀྱི་རྣམ་པ་གཅིག་གཉིས་མཚུངས་ཡིན་པའི་རྒྱུ་མཚན་དང་། ཉི་ཧོང་གི་ཕ་མེས་མང་པོ་ཞིག་གིས་རང་ཉིད་བོད་ལས་ཆད་པའི་བཤད་རྒྱུན་གྱིས་བོད་དང་ཉི་ཧོང་པ་མི་རིགས་གཅིག་པ་འདོད་མཁན་ཡོད་པ་བཞིན། གནས་འདིའི་མི་རིགས་ཀྱང་བོད་ནས་ཆད་པ་ཡིན་ཤས་ཆེ། གལ་སྲིད་ད་ལྟར་ཡིན་ན་སྲུང་བཙན་སྔོན་དུ་བོད་ལ་གཅིག་མཐུན་གྱི་ཡི་གེ་མེད་པ་གསལ་པོ་རེད། རྒྱུ་མཚན་ནི་ཉིན་ཧོང་གི་ཡི་གེ་ཡང་རྒྱ་ནག་ལས་དཔེ་བླངས་བ་ལས། བོད་ཀྱི་ཡིག་རྙིང་གང་ལས་དཔེ་བླངས་བ་མིན་པས་ཡིན། གཅིག་བྱས་ན་ད་དུང་ཡང་ལུང་པ་འདི་ལས་གཞན་རྩམ་པ་བེད་སྤྱོད་བཏང་མཁན་ཡོད་ཤས་ཆེ། དེ་ལྟར་ཡིན་ན་རྩམ་པ་བེད་སྤྱོད་བཏང་མཁན་བོད་པ་ཁོ་ན་མིན་གསལ་པོ་རེད།
མི་མིགས་ཀྱི་ཆད་ཁོངས་ཞིབ་འཇུག་བྱེད་རྒྱུ་ནི་ཁྲག་རྒྱུན་ཁོ་ན་ཙམ་ལ་ཞིབ་འཇུག་བྱེད་རྒྱུ་གཙོ་བོ་མིན་པ། སྐད་ཡིག་དང་བརྡ་རྙིང་ལ་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ། རྒྱུ་མཚན་ནི་ཁྲག་རྒྱུན་ནི་ལོ་དང་སྟུན་དང་འགྱུར་བ་འགྲོ་བ་མ་ཟད་རིགས་རིས་མཉམ་བསྲེས་ལས་འགྱུར་བ་འགྲོ་སྲིད་ཀྱང་། ཡུལ་དེའི་སྐད་རིགས་མ་ཉམས་པ་ཡིན་ཚེ་སྐད་ཡིག་ལ་ག་ཚོད་འགྱུར་བ་ཕྱིན་ཡང་། རིགས་མཐུན་མང་པོ་ཕྱོགས་མཐུན་དུ་གནས་པ་བ་མ་ཟད། ཚིག་གི་སྡེབ་སྦྱོར་དང་ཚིག་གྲོགས་གྲུབ་སྟངས། གལ་ཆེའི་རང་བཞིན་ལྡན་པའི་ཐ་སྙད་མང་པོ་ཞིག་རང་སོ་ལྷག་ངེས་རེད། དེ་བརྟེན། བོད་རིགས་ཡིན་པ་སྨྲ་མཁན་ཨ་རིའི་གདོད་མིའི་རིགས་སོགས་ཀྱི་སྐད་ཡིག་ལ་ཞིབ་འཇུག་བྱ་ཐུབ་ཚེ། ཡིན་མིན་གྱི་ཁ་ཚོན་ཆོད་པའི་གྲུབ་འབྲས་ཤིག་རྙེད་པ་སེམས།
ཧན་རྒ་རིའི་སྐད་ཡིག་ནི་ཡོ་རབ་རྒྱལ་ཁབ་ཀུན་ལས་ལོགས་སུ་ཡོད་པས་དུས་རབས་བཅུ་དགུ་དང་། ཉི་ཤུ་པའི་ནང་ཡུལ་དེའི་སྐད་ཡིག་ཆེད་མཁས་པ་མང་པོ་འཛམ་གླིང་གང་སར་ཕྱིན་ནས་རང་གི་ཆད་ཁོངས་བཙལ། བོད་ཡུལ་ཡིན་པའི་དོགས་ནས་བོད་རིག་པའི་སྒང་དུ་སློབ་སྦྱོང་བྱེད་མཁན་མང་དུ་བྱུང་། ཧན་རྒ་རིའི་གཙུག་ལག་སློབ་ཁང་དུའང་བོད་ཡིག་ཚན་ཁག་བཙུགས། དེ་ནི་ཡོ་རབ་ཁུལ་གྱི་བོད་ཡིག་ཚན་ཁག་སྔ་ཤོས་དེ་ཡིན། འོན་ཀྱང་། ཁོང་ཚོས་སྐད་ཡིག་ཞིབ་འཇུག་བྱས་བའི་འབྲས་བུ་རུ་ཧན་བོད་སྐད་ཡིག་འདྲ་མཚུངས་ཀྱི་དཔང་པོ་གང་ཡང་མ་རྙེད། དེ་བརྟེན། ཆད་ཁོངས་བོད་པ་ཡིན་པའི་དོགས་གཞི་རིམ་གྱི་མེད་པ་གྱུར། ད་ལྟ་ཧན་རྒ་རི་ནི་རྒྱ་ནག་དང་འབྲེལ་བ་ཤུགས་ཆེར་ཡོད་ཅིང་། ཧན་རྒ་རིས་རང་ཉིད་ཤར་ནུབ་གཉིས་ཀྱི་ཚོང་འབྲེལ་གྱི་ཟམ་པ་ཞིག་ཏུ་འགྱུར་ཆེད་བོད་ཡིག་དགེ་རྒན་བསྟན་འཛིན་ཡང་༢༠༠༨་ལོར་ཟླ་ནང་༩་ནང་ཕྱི་ཕུད་བྱེད་རྒྱུ་ཐག་གཅོད་བྱས། སྐྱབས་བཅོལ་པ་བོད་མི་བདུན་ལ་ལག་ཁྱེར་ཅི་ཡང་བསྟན་རྒྱུད་མེད་པས་ཕྱིར་རྒྱ་གར་དུ་བཏང་ཐབས་བྲལ་ཡང་། ༢༠༠༥ལོར་ནས་སྐྱབས་བཅོལ་པའི་ལག་ཁྱེར་སྤྲད་པ་མནར་འགྱང་ཁོ་ན་བྱས་ཏེ་ལོ་མང་བཞག་པའི་གནས་ཚུལ་ཐོན་པ་མ་ཟད། ༢༠༠༧ལོར་ཟླ༡༢་ནང་བོད་ཀྱི་ལག་དེབ་སེར་པོ་ཧན་གཞུང་ནས་བཀག་འགོག་བྱེད་པའི་གནས་ཚུལ་བྱུང་། དེ་ནི་ཡོ་རབ་སྤྱི་མཐུན་གྱི་རྒྱལ་ཁོངས་ནས་ལག་ཁྱེར་སེར་པོ་ངོས་ལེན་མི་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་རེད། ཡོ་རབ་ཀྱི་རྒྱལ་ཁབ་གཞན་རྣམས་དེ་རྗེས་སུ་མི་འབྲང་རྒྱུ་བོད་མིའི་ཆབ་སྲིད་འཐབ་རྩོད་ཀྱི་ནུས་བ་དང་། འཇོན་ཐང་བཅས་ལ་རེག་ལས་བ་འདོད།།
http://en.wikipedia.org/wiki/Gran_Canaria
རྩམ་པའི་ལོ་རྒྱུས་ང་ཚོས་བཤད། རྩམ་པའི་བྲོ་བ་གཞན་གྱིས་མྱོངས།
རྩམ་པ་ཁྱེད་ངེད་ཚང་གི་ཁ་ཟས། རྩམ་པའི་རིན་ཐང་གང་སར་ཁྱབ།
ཨ་ནུ་ཐང་བ་ཁ་རྒྱག་པ་མ་བཤད། བོད་མགོ་ནག་རྩམ་ཟན་ཡིན་པ་མ་གོ་ནས། མི་ཤེས་ན་ཤེས་ཁུལ་མ་བྱེད། གྲོགས་པོ་ང་ཁོད་ལ་རྒྱུས་ཡོད། དེ་སྔོན་གོ་ཐོས་ལ། ཁྱེད་ཀྱིས་གོང་ས་མཆོག་ལའང་ཁ་བཏང་བའི་གནས་ཚུལ་འདུག དེ་ཡག་པོ་གཏན་ནས་མ་རེད། ད་ཁ་བཟུང་ན་དགའ་ས་རེད།
ཉི་ཧོང་གི་གདོན་མའི་མྱི་ནི་བོད་ལས་ཆད་ནི་ཡིན་ནོ་ཁོ་ཐག་རེད། ཁོང་ཚོའི་ཀ་ཁ་ནི་ང་ཚོའི་ཀ་ཁའི་གྲས་ཀྱི་མང་པོ་ཞིག་ལ་དབྱིངས་ཞིག་པ་རྐྱང་རྐྱང་རེད། དཔེར་ན། ག་གི་གུ་གེ་གོ ར་རི་རུ་རེ་རོ། ལ་ལི་ལུ་ལེ་ལོ། ཁ་ཁི་ཁུ་ཁེ་ཁོ། ས་སི་སུ་སེ་སོ། ཝ་ཝི་ཝུ་ཝེ་ཝོ་སོགས། ཀ་ཁ་ལྔ་བཅུ་འདུག ཡིག་གཟུགས་རྒྱ་ཡིག་དང་འདྲ་པོ་འདུག། གྲངས་ཀ་རྩི་སྟངས་ཡང་མང་ཆེ་པ་བོད་པས་རྩི་སྟངས་དང་གཅིག་པ་རེད། གཅིག་གཉིས་གསུམ་ལྟ་བུའོ། གདོན་མའི་མྱི་རིགས་ཀྱི་མྱིང་ལ་INUཟེར་གི ཡུལ་སྲོལ་ཡང་གཅིག་པ་འདྲ་འདུག
རྩམ་པའི་སྐོར་ཤོད་གི་ཤོད་གི་ལ་བླ་མ་སྤྲུལ་སྐུའི་སྲེས་ནས་རྩམ་པ་བྲོ་བ་བརླག་སོང་།
ནས་བརྔོས་ནས་ཐགས་པ་ལ་རྒྱུ་གར་པས་སཏཏུ་ཟེར། སྒྲ་དེ་བོད་སྐད་དུ་བསྒྱུར་ན་་ནུས་ལྡན་ཟེར། ང་རྒྱ་གར་ལ་ཡོད་དུས་དང་། དེའི་སྔོན་དུ་རྒྱ་གར་གྲོང་ཡུལ་པ་རྣམས་ཀྱི་ཟས་ཡིན་འདུག དིང་སང་རྒྱ་གར་དུ་སཏཏུ་ཟ་མཁན་ཡོད་མེད་མི་ཤེས་སོ།།
འོ་ཙི་ཙི་་་་ཡག་པོ་འདུག་སྟེ་་་་་་དྲི་བ་ཞིག་ཞུ་འདོད་བྱུང་། དང་པོ་ཁྱེད་རང་ནས་་་་བོད་གངས་ཅན་གྱི་ལྗོངས་སུ་་་་་རྩམ་པ་ཟ་ཨེ་མྱོང་།
གཉིས་པ་་་་་བོད་ཀྱི་གངས་རི་མཐོང་ཨེ་མྱོང་། གལ་ཏེ་མེད་དུ་ཟིན་ན་ནི་་་་་་ཞེ་དྲག་ཞེ་དྲག་་་་བཤད་ཡག་ལྷག་ཡོ་མ་རེད་དོ།།
བརྗོད་བྱ་ངོ་མ་ཡལ་འདུག
རྒན་ལེགས། རྡོ་རྗེ་གདན་གྱི་རྐང་གསུམ་འཁོར་ལོ་གཏོང་མཁན་ཚོ་ས་ཏུ་རྐྱང་ཟ་གི་རེད། ཡིན་ནའང་ནས་ཀྱི་མ་རེད། སྲན་མའི་ས་ཏུ་རེད། ཧ་ཧ་ཧ་
མེ་དཀར་ལགས། ཁྱེད་ག་རེ་ལབ་ཀྱི་ཡོད་ལྟས་ངན་རང་རེད། བོད་ཀྱི་བླ་མ་དང་རྩམ་པ་གཉིས་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པ་ཧ་གོ་ཡི་མེད་པས་་་་ཨ་ཁ་ཁ་་་་ཁྱེད་རང་དཔེ་གསར་ཆགས་འགྲོ་ཡི་རེད་ད། རྒྱ་གར་འཕགས་པའི་ཡུལ་དང་བོད་བླ་མའི་ཡུལ་རེད་ད།།
༣༽ དབྱངས་ཞུགས་པ་རྐྱང་རྐྱང་རེད་ལ་བཅོས། དེ་མིན་གདོན་མིའི་མྱི་རིགས་ཀྱི་ལས་དབང་དང་གདོན་མིའི་མྱི་རིགས་ལ་བརྙས་བཅོས་བྱེད་པའི་སྡུག་བསྔལ་འདི་མྱི་རབས་ནས་མྱི་རབས་ལ་མི་གནས་པར་ཤོག
རྩམ་པ་བོད་ཀྱི་ཁ་ཟས་ཡིན་ཡང་ཆོག།
ལུང་པ་གཞན་ལ་ཡོད་ན་གནོད་དོན་མེད།
མི་འདིས་ག་རེ་ལབ་ཀྱིན་འདུག རྩམ་པའི་སྐོར་བཤད་ནས་ཡང་བླ་མ་གྲྭ་བའི་སྐོར་འདྲ་བཤད་ཡོངས་གི་འདུག རྩོམ་ཉོག་དེ་རྩམ་ཉོག་ཞིག་དང་འདྲ་བོ་འདུག དོན་སྙིང་མི་འདུག་དུས་ཚོད་འཕྲོ་བརླག་རེད།
རང་དབང་ཨ་ནུ་ལགས། བལྟས་ངན་ཁྱོད་རང་རེད། ནམ་ཞག་རྒྱུན་དུ་རང་གཞུང་དང་དབུ་ཁྲིད་ལ་ཟུར་ཟ་དང་སྐྱོན་འཚོལ་རྐྱང་བྱེད་གིན་འདུག་ག
བཙན་བྱོལ་སྤྱི་ཚོགས་ཀྱིས་བྲོད་ཁོག་མ་རྒྱག་ན་ཀྲུང་གོ་གུང་བྲན་ཏང་གི་པང་ལ་ལོག་རྒྱུགས་ཞེས་ཁ་སང་ནས་བཤད་ཡོད།
ཨ་ཧྥི་རི་ཀའི་གླིང་ཕྲན་ནི་མིའི་ཆགས་རབས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། སྤྲ་མི་མཆེད་པའི་དཔེ་མཚོན་དེ་ཨ་ཧྥི་རི་ཀ་ནས་མགོ་ཚུགས། རྩམ་པ་དང་སྤྲུལ་སྐུ་ལམ་ལུགས་གཉིས་ཀྱིས་བོད་ཡོངས་ལ་ནུས་པ་ཐོན་ཅིང་རྩམ་པ་ནི་དགོས་མཁོ་ཡོད་པར་མ་ཟད། སྤྲུལ་སྐུ་ཡང་དགོས་མཁོ་ཡོད།
ཕལ་ཆེར་ནས་རྩམ་དེ་ཧི་མ་ལ་ཡའི་རི་རྒྱུད་དུ་འཚོ་གནས་བྱེད་མཁན་ཚོས་གཙོ་བོར་སྤྱོད་པ་དང་། དེ་མིན་གྲོ་རྩམ་དང་། མ་རྨོས་ལོ་ཏོག་གི་རྩམ་པ། མོན་ཁྲེའི་རྩམ་པ་ལ་སོགས་པ་ཟ་མཁན་རྒྱ་གར་སོགས་ཡུལ་གྲུ་འགར་སྣང་།
རྩོམ་ཉོག་འདི་ཀློག་དཀའ་བ་ལ།་་ཕྱེ་ཙམ་བཀླགས་པས་རྡོ་ཧྲུག་གི་དཀྱིལ་དུ་འགྲོ་བའི་སྣང་བ་སྟེར་བྱུང་།
མེ་ཏོག་དཀར་པོ་ལེགས། དེ་འགྲིག་འདུག དེ་ལ་ས་ཏུ་ཟེར་ཡང་ཆོག དབུས་གཙང་དང་ལ་དྭགས་སོགས་སུ་དེ་ལ་སྲན་ཞིབ་ཟེར། སྲན་ཞིབ་ནས་རྩམ་ལས་སྟོབས་ཆེ་བར་རྩི། དིང་སང་རྒྱ་གར་ལྷོ་ཕྱོགས་སུ་བོད་མི་རྣམས་ཀྱིས་མ་རྨོས་ལོ་ཏོག་གི་ཕྱེ་ཞིབ་བོད་ཀྱི་ནས་རྩམ་བཞིན་ལོངས་སྤྱོད་པར་ཐོས། ང་རང་གིས་ཀྱང་ཏན་ཏན་ཟོས་ཡོད་ངེས་གསལ་པོ་རང་མི་དྲན། ཨ་རིའི་གྲོང་ཁྱེར་དུ། ནས་ཞིབ་མོར་ཐགས་པ་འཕྲོད་བསྟེན་ཟས་རིགས་ཚོང་ཁང་ནས་ཉོས་ཏེ། ཐབ་ཁུངས་ལ་བཅུག་སྟྲེ། མེ་དྲོས་ཀྱིས་རྩམ་པར་ཆགས་པ་ཟོས་པ་དྲན། དིང་སང་པ་ཀི་སཐཱན་ན་སྦལ་ཏི་ཡུལ་གྱི་ཐག་མི་རིང་བ་ན་ཧུན་ཛ་ཟེར་བའི་ལུང་པ་ཞིག་ཡོད། སྦལ་ཏི་དང་ཐག་ཉེར་ཡོད་པས་ངེས་པར་དུ་རྩམ་པ་ཟ་བསམ། ལུང་པ་དེ་མི་རྣམས་ཛམ་གླིང་ན། ཚེ་རིང་ཤོས་ཀྱི་གྲས་སུ་ཡོད་པ་དེ་རྣམས་ཀྱིས་གང་ཟ་བའི་རིགས་ལ་ལོ་མང་སྔོན་དུ་ཚན་རིག་པས་བརྟག་དཔྱད་བྱེད་པའི་གཞི་རྩར་གྱུར་འདུག བོད་པས་རྩམ་པ་གསར་པ་བཀོལ་ན་ཕན། ངས་ཨིན་ཡིག་གསར་ཤོག་ལོ་མང་སྔོན་དུ་ཨ་མདོ་པ་རྒྱ་ནག་རྒྱལ་ཁབ་ན་ཚེ་ཐུང་ཤོས་ཡིན་པའའི་གནས་ཚུལ་ཞིག་བཀླགས། གཅིག་ན། ཤ་དང་མར་མང་པོ་ཟ་ཞིང་། རྩམ་པ་གསར་པ་ཉུང་དྲག་པ་ཡིན་ངེས། ཨ་མདོ་དགེ་བཤེས་ཞིག་གིས་ཤ་དང་མར་མང་པོ་བཞེས་པ་ན། དེ་འདྲ་མང་པོ་མ་བཞེས། ཞེས་ཟེར་བ་ན། ལ་དྭགས་ལ་ཤ་མར་མེད་པ་བདེན། ཨ་མདོ་ལ་ཤ་མར་མང་པོ་ཡོད་ཅེས་གསུངས། དགུང་ལོ་དོན་གྲངས་ན་སྐུ་བཤེགས། ན་སོ་རྒན་དུ་སླེབས་པ་ན། རྩམ་པ་གསར་པ་དང་། ཚོད་མ་མང་ཙམ་ཟ་ན་ཕན་པ་ཆེ་བར་བསམ། ད་རྩམ་ཟན་པ་རྣམས་ལ་ཕན་པའི་གཏམ་ཞིག་ཡོད། རྩམ་པ་ཟ་ན་ཡང་། རྩམ་རྙིང་མ་ཟ། རྩམ་རྙིང་ཟ་ན་ནད་འཕེལ། སྔོན་མ་ལ་དྭགས་སུ་རྩམ་རྙིང་ཟོས་པས་ནད་འོང་བ་ཡོངས་གྲགས་ཡིན་ཀྱང་། ང་ལས་ལོ་གཅིག་གིས་རྒན་པ་གྲྭ་པ་ཞིག་གི་གྲོད་པ་རྒྱུན་དུ་བཤལ། ཤ་རིད་པར་གྱུར། ཞག་ཅིག་ང་དང་མཉམ་དུ་་གྲྭ་པ་ཞིག་དགོངས་ཟན་ལ་བོས་ཏེ། ཟན་སྒོང་ཟ་བར་བྱིན། གྲོ་ནས་སྲན་མ་གསུམ་བསྲེས་པའི་གཡོ་ཆས་དེ་རྙིང་པ་ཡིན་པས། གྲྭ་པ་ཁོ་རང་གྲོད་པ་བཤལ་བཤལ་བ་ཡིན་པར་མ་ཟད་ང་གཉིས་ཀྱི་ཡང་གྲོད་པ་ཡང་བཤལ་བཅུག་སོང་། དེ་ནས་གྲྭ་པ་དེ་ལ་ཁྱེད་རང་གྲོད་པ་རྒྱུན་དུ་ཤལ་བར་མ་ཟད་ང་ཅག་གཉིས་ཀྱི་ཡང་གྲོད་པ་བཤལ་བྱུང་། ད་ནས་བཟུང་ཁྱེད་ཀྱིས་ཟས་རྙིང་པ་གཏན་ནས་མ་ཟ་ཞེས་བཤད་པས། དེ་ཡིས་ང་ཅག་གི་ཁ་ལ་མཉན་ཏེ། ཟས་རྙིང་ཟ་བ་སྤངས་པས། ལོ་བཅུ་གྲངས་སྔོན་ནས་འཆི་རྩིས་བྱེད་པ་དེ་ལོ་མང་བཞུགས་པ་ན། གྲྭ་པ་ཞིག་གིས་ཁྱེད་རང་ལོ་མང་སྔོན་དུ་འཆི་ཡིན་ཟེར་མཁན་ད་ནི་གཟུགས་པོ་ཐང་དུ་ཐང་དུ་འགྲོ་བ་འདུག་ཅེས་བཤད་པ་ཐོས་སོ།།
ང་ན་ཉིན་ཐའེ་ཝན་ལྷོ་ཕྱོགས་ཀྱི་སློབ་གྲྭ ན་ཡོད་སྐབས་སྐབས་མང་པོར་དགེ་བསྙེན་སང་ཞིག་གིས་ང་ལ་ཐའེ་ཝན་གྱི་རྩམ་པ་སྤྲད་བྱུང་། མིང་ལ་རྩམ་པ་མ་རེད། བྲོ་བ་ཕལ་ཆེར་ཕྱོགས་འདྲ་རེད། ལོ་ཐོག་རིགས་ཞིག་ཞིབ་བཏགས་བྱས་པ་རེད།
ང་དེར་མ་སླེབས་གོང་བོད་པ་སློབ་གྲྭ་པ་གཞན་པ་ཞིག་གིས་ཀྱང་དེ་ཡུན་རིང་གསོལ་གནང་འདུག
ངས་སྐབས་འགར་རྩམ་པ་དངོས་དང་ཡང་སྲེས་པ་ཡིན།
གང་ལྟར་གྲོ་རྗེན་ནང་བཞིན་བཙོ་མི་དགོས་པར་ཕོར་བའི་ནང་དུ་བླུགས་ནས་ཐད་ཀར་ཆུ་དང་མར་སོགས་ཀྱིས་བརྫིས་ནས་ཟ་ཆོག
འོན་ཀྱང་ནས་རྩམ་ཡིན་ས་མ་རེད།
རྩམ་པའི་རྩོམ་འདི་དང་དེ་བཞིན་འཇར་པན་སོགས་ཀྱི་སྐོར་འདིས་རྒྱུ་ཆ་དང་བསམ་གཞིག་གི་ཁུངས་སྣེ་ཏོག་ཙམ་སྤྲད་སོང་། འོན་ཀྱང་སྤྲུལ་སྐུའི་སྐོར་སོགས་དྲུད་ཡོང་བ་དེས་བརྫད་འདུག་སྙམ་སོང་།
རྩོམ་ཡིག་ཅིག་ལ་ལྟ་གྲུབ་དང་ལངས་ཕྱོགས་བསམ་ཚུལ་ཚང་མ་བཤད་དགོས་ངེས་མེད་པ་རེད།
རྩོམ་ཡིག་གི་ཚགས་དམ་ཚད་ནི་རྩོམ་ཡིག་གི་སྤུས་ཚད་ཀྱི་ལྟེ་བ་རེད་འདོད།་བསམ་ཚུལ་ཙམ་ཡིན་ལགས།
ཨ་ནུ་ལགས་ནས་ཁོང་རང་བོད་པ་མཐུན་མོང་མ་ཡིན་པའམ་བོད་མ་ཡིན་ཟེར་བ་དོན་ལ་གསུངས་ཀྱིན་འདུག གང་ལགས་ཞེན་ན་ཁོང་རང་ཡང་བོད་མ་ཡིན་པའི་ས་ཁོངས་སུ་ཡོད་ཟེར་བ་ཡིན། དྲྭ་གྲོགས་ཚོས་གཟིགས་དང་མི་འདི་འདྲ་བོ་བོད་པ་ཡིན་ན་དགེ་མཚན་ཆེའམ་ཡང་ན་བོད་པ་མིན་ན་དགེ་མཚན་ཆེ། ཧཧཧཧཧཧཧཧཧ
དང་པོ་རང་ཉིད་ཀྱི་ཟ་བཞིན་པས་བོད་ཀྱི་རྩམ་པ་དེ་དུས་ནམ་ཞིག་ནས་ལོ་རབས་གང་ཞིག་བཟོ་མགོ་དང་། ཟ་མགོ་བརྩམས་པ་དེ་ཞིབས་འཇུགས་བྱས་ནས་རོབས་ཙམ་བཤད་རྒྱུ་ཡོད་པ་བྱོས་། དེ་ནས་དངོས་བོ་དེ་མི་རིགས་དེའི་ཡིན་མིན་དང་། འདིའི་ཡིན་མིན་གྱི་སྐད་ཆ་ཤོད་།
གཞན་ཡག་ཞར་ཀྱི་རྩྭ་ནང་བཞིན་མ་བཤད་།
ནས་འབྲུ་གྲོ་སོགས་རྔོས་པ་ན། །
ཡོས་རྣམས་ཐགས་པར་རྩམ་པ་ཟེར། །
རྩམ་པ་ཟ་མཁན་མང་མོད་ཀྱང་། །
རྩམ་ཟན་བོད་རིགས་ཉིད་ལ་ཐོགས། །
རྩོམ་པ་པོ་ཁོ་འགོ་རྩམ་པ་ནས་མཇུག་ཆབ་སྲིད་ཀྱི་དཀའ་ངལ་བར་དུ་འཚོར་བས་ཧ་ཅང་གཟི་འདུག་།
རྩོམ་ཡིག་འདིའི་ནང་རྩོམ་པ་པོས་རང་གི་ཕ་ཡུལ་བརྩེ་དུང་ངེས་ཅན་བཅངས་ཡོད་པ་དང་རང་གི་མི་རིགས་ཀྱི་མ་འོངས་པར་སེམས་ཁྲལ་བྱས་ཡོད་པ་གསལ།
གཏམ་དཔེ། རྩམ་པ་ནས་ཀྱི་ཐལ་ལ་རེད།།ཟ་དྲག་ན་གྲོད་ཁོག་གཤེར་ངེས་རེད།།རྩམ་པ་ཞིམ་མོ་མར་ཡི་དཀའ་དྲིན་རེད།།མར་མེད་ན་རྩམ་པ་ཐལ་ལ་རེད།།
སྤྱིར་རྩམ་པ་ནི་བོད་པའི་ཁོ་ནའི་ཟས་ཞིག་རེད་མ་གཏོགས་གཞན་སུས་ཀྱང་ཟ་ཡི་མ་རེད་ཟེར་ནས་བོད་ཀྱི་མཁས་པ་སུ་གང་གིས་བརྗོད་པ་མཐོང་ཐོས་མ་སོང་ལ་་་་་་་་་་་་མགོ་ནག་བོད་མི་རྩམ་ཟན་ཅེས་པ་ནི་་་་་་་་་བོད་ཀྱི་མི་ཕ་ཆེར་གྱིས་དུས་གསུམ་ཟ་མ་རྩམ་པ་ལ་བརྟེན་པའི་རྒྱུ་མཚན་གྱིས་བོད་མི་རྩམ་ཟན་ཟེར་ནས་ཐོག་སོང་བ་འདྲ་་་་རྩམ་པ་ནི་གཅིག་ན་ཟ་བདེ་བ་དང་གཉིས་ན་ཚེ་རིང་བ་ལ་ཕན་ཐོག་ཡོད་པ་ཚན་རིག་པས་ར་འཕྲོད་ཡོད་པ་རེད་་རྒྱ་ནག་ཤིན་ཧ་གསར་ཁང་གི་སྐུ་ངོ་ང་བོད་ལ་ཁྱོད་ཚེ་རིང་པོ་ཐོབ་པའི་རྒྱུ་མཚན་ཅི་ཡིན་དྲི་དུས་སྐུ་ངོ་ང་བོད་ནས་ང་མཐོ་སྒང་བོད་ནས་ཐོན་པའི་དྲག་ཅན་གྱི་ཟས་སྣ་རྩམ་པ་ལ་རོལ་བས་དེ་རེད་ཅེས་ལན་བཏབ་པས་་་་་་་་་་་་་་་ཞིབ་འཇུག་བྱེད་དུས་ཀྱང་ར་འཕྲོད་བྱུང་ཡོད་པ་རེད་་་་དེ་བྱེད་དུས་སྐབས་དེར་རྩམ་པ་འབོར་ཆེན་རྒྱ་རིགས་ཚོས་ཟ་བའི་བཤད་རྒྱུན་ཡོད་རེད་་་་་་འོ་ན་བོད་མི་ཡིན་ཚད་ཚེ་རིང་པོ་བསྡད་དགོས་རེད་གང་ཡིན་ཟེར་ན་འཚོ་བའི་ཟས་རྩམ་པ་ཟ་ཡི་འདུག་ཟེར་ན་་་་རེད་མོད་འོན་ཀྱང་ཚེ་རིང་པོ་བསྡད་པ་ལ་འཕྲོད་བརྟེན་གལ་ཆེན་པོ་ཡིན་པས་་་་་་་་ཚེ་རིང་པོ་བསྡད་འདོད་ཡོད་པའི་མི་རྣམས་གཅིག་ནས་འཕྲོད་བརྟེན་དང་གཉིས་ནས་རྩམ་པ་ལ་རོལ་ཐུབ་ན་ཚེ་རིང་པོ་ཐོབ་པ་ལ་ཐེ་ཚོམ་མེད་དོ་་་་་་་་་་་་་
ཁྱོད་ཚོ་རྩམ་པ་ཟ་མྱོང་ནའང་རྩམ་པ་ངོ་ཤེས་མི་འདུག་ལགས། ཕྱེ་མ་ཐམས་ཅད་རྩམ་པ་ཡིན། ཧཧཧཧཧཧཧཧ།་དང་པོ་དགེ་བཤེས་མགོ་འཁྲེག་ཤིག་གིས་རྩོམ་པའི་དོན་ནམ་ངོ་བོ་ཞིག་ཞོག དེ་ནས་རྟགསབསལ་ཞིག་ཐོངས་དང་རྩམ་པ་ངོ་ཤེས་ཡོང་།་
ས་སྒང་མཐོ་བོ་ཡོད་ས་ལ་རྩམ་པ་ལམ་རྒྱགས་ཆེད་སྤྱོད་པ་མང་བས་གནའ་སྔ་མོར་བོད་ལ་རྩམ་པ་བགམ་ནས་རྫི་བོར་འགྲོ་བ་དང་སྟབས་བདེ་རུ་གྱུར་ཡོད་པར་བརྟེན། བོད་པའི་ཁམ་ཟས་ཡག་ཤོས་སུ་གྱུར་ནས་བོད་ལ་ཡོད་པ་བཞིན་ཡུལ་གྲུ་གཞན་ལ་དེ་ལྟ་བུའི་དར་ཁྱབ་བྱུང་མེད། དེང་སང་བལ་ཡུལ་སྟོད་ལུང་ཁོག་ཏུ་མཆིག་གུས་འཐགས་པའི་རྩམ་པ་ཨ་མདོའི་སྦྲང་དཀར་རྩམ་པ་ལས་ཀྱང་བྲོ་བ་ཆེ་ཙམ་ཡོད། ས་དམའ་ས་ལ་བསླེབས་ན་རྩམ་པའི་བྲོ་བ་ཡལ་འགྲོ་བ་དང་རྒྱུན་རིང་མི་འགོར་བར་རྩམ་པའི་ནང་ཧམ་བུ་རྒྱག་གི་འདུག །མོན་གྷོ་ཊིའི་བོད་མིའི་གཞིས་ཆགས་ནང་ལ་ཨ་ཤོམ་དང་གྲོ་རྩམ་པ་བཙོང་མཁན་མང་ནས་མང་དུ་འགྲོ་བས་དགའ་འོས་པ་ཞིག་རེད། ང་ཚོའི་གོམས་སྲོལ་འདི་གཞིས་ཆགས་ནང་ལ་གང་མང་མང་སྤེལ་ཐུབ་ན་ཡག་པོ་འདུག །
ཡུལ་ལུང་གཞན་པའི་རྩམ་པ་ནི་རྩམ་པ་མ་རེད། རྩམ་པ་ཡིན་ན། འབྲི་མར་སེར་པོའི་དགའ་རོགས་ཡིན་དགོས་ལ། གངས་ཆུ་དྭངས་མོའི་སྐྱོ་རོགས་ཡིན་དགོས།།
རྫ་ཚེ་རིང་བཀྲིས་ལགས་ ཁྱེད་ཀྱིས་སྔོན་མཁན་པོ་ཡི་སྐོར་ལ་ཅིག་གསུངས་མྱོང་ཡོད་ འོ་ན་ མཁན་པོ་ལ་ རིན་པོ་ཆེ་ཞེས་པའི་མིན་འདི་ཐོབ་གི་ཡོད་དམ་མེད་ ཁྱེད་ནས་བསམ་ཚུལཙིག་གསུངས་དང་ འདི་ཐད་མཁན་སྤྲུལ་ཚོའི་བར་མ་མཐུན་པ་ཞིག་ཡོད་ཚོད་འདུག་པས་གསལ་པོ་ཆགས་ན་ཡག་ན་ཡག་པོ་མི་འདུག་གམ་།
གྲོ་དང་། ནས་དང་། སྲན་མ་དང་། ཨ་ཤོམ་སོགས་ལོ་ཏོག་རིགས་གང་ཡིན་ཡང་ཚང་མ་བརྔོས་ནས་ཕྱེ་མར་འཐག་ཟིན་རྗེས་རྩམ་པ་ཡིན། དེ་ནི་ཡུལ་ལུང་གང་ལའང་ཡོད་ཆོག་པ་ཞིག་རེད།
འཇིག་རྟེན་ཆགས་པ་ནས་བོད་ཀྱིས་ཉོས་ཚར་པ་དེ་འདྲ་གང་ཡིན་ས་མ་རེད། བོད་མི་ཚོས་དེ་སྔོན་ལུང་པ་གཞན་གྱི་རྩམ་པ་མཐོང་མྱོང་མེད་ཙང་རང་གིས་རང་ལ་རྩམ་གཟན་བོད་པ་ཞེས་མིང་གིས་བཏགས་པ་རེད། མཚམས་ལན་རེར་མགོ་ནག་མི་ཞེས་ཟེར་སྲོལ་ཡང་ཡོད་པ་རེད། དེ་ནི་མི་ཡིན་ན་མགོ་ནག་པོ་ཡིན་པས་ཁྱབ་པ་འདྲ་ཞིག་བཤད་པ་རེད། ཁོས་མགོ་ནག་པོ་ཅན་ཞིག་མ་གཏོགས་མ་མཐོང་བས་རེད། ཡིན་ན་ཡང་དེང་སང་དེ་འདྲ་མ་རེད། མགོ་ནག་མ་ཡིན་པའི་མི་མིག་གིས་མཐོང་མྱོང་ཡོད་མཁན་མང་བས་སྐད་ཆ་དེ་ཉུང་དུ་ཉུང་དུ་ཕྱིན་པ་རེད། དེ་བཞིན་གངས་ཅན་བོད་པ་ཞེས་ཡང་བཏགས་ཡོད་པ་རེད། ཡིན་ཡང་བོད་ལས་གཞན་པའི་གངས་རི་ཤིན་ཏུ་མང་བའི་ཡུལ་གྲུ་ཧ་ཅང་མང་པོ་རེད། ཡུ་རོབ་བྱང་མ་དང་། ཨ་རི་ལྷོ་མ། ད་རུང་རྭ་ཤི་ཡ་དང་གླིང་ཕྲན་ཆུང་ཆུང་སོགས་མང་པོ་ཞིག་ན་གངས་དང་གངས་རི་རྒྱུན་དུ་ཡོད་པ་རེད།
ཡིན་ན་ཡང་ངས་བལྟས་ན་སྐད་ཆ་ལ་ལ་ཞིག་ནི་བོད་པ་རང་ཉིད་ཀྱིས་བཏགས་པ མ་རེད་བསམ། སྔོན་གྱི་རྒྱ་གར་མཁས་པས་བཏགས་པའི་མིང་ཚིག་ཅིག་མིན་ནམ་སྙམ།
ཕྲན་ནི་བོད་ནས་སྐྱེས་ཤིང་ལོ་ངོ་བཅུ་བདུན་བར་དུ་རྩམ་པ་ཟས་ནས་འོང་བས་རྩམ་པ་ལ་ཆ་རྒྱུས་ཧ་ཅང་ཡོད། མ་ཟད་ང་ཚོའི་སྡེ་བའང་རོང་མ་འབྲོག་ཡིན་པས་རྩམ་པ་ཅི་ལྟར་བཟོ་མིན་གསལ་པོ་ཤེས་ཀྱིན་ཡོད་ཅེས་ཞུ་འདོད་སྐྱེས། ཕྲན་གྱིས་རྙེད་པའི་ནས་གྲོའི་རྩམ་པ་ནི་རྩམ་པ་རང་ལས་དམིགས་བསལ་གྱི་ཁྱད་པ་ཅི་ཡང་མི་འདུག དེ་ནི་གང་ཞིག་དང་ལྷན་དུ་ཟ་མིན་ནི་རང་དབང་རེད་ལ། རྩམ་པ་ཡིན་ན་འདི་ལྟར་ཟ་དགོས་ཟེར་བའི་ཁྲིམས་ཞིག་བཟོ་མྱོང་མེད། རང་འདོད་ཀྱིས་ཁྲིམས་ལུགས་བཟོ་བ་ནི་མགོ་བོའི་ལྕགས་ལྟར་མཁྲེགས་པའི་སྐྱོན་ལས་ཚན་རིག་དང་མཐུན་པའི་འགྲེལ་བཤད་དཀའ་པ་འདོད།
དོན་མཐུན་གྱི་གནས་ཚུལ་མང་དུ་གསུངས་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་། རྒྱུ་མཚན་མེད་པའི་བསམ་ཚུལ་དང་ལྟར་སྣང་གི་ཀླན་ག་ཀུན་ལ་གནས་ལུགས་ཀྱིས་སྲོག་དབང་ཞུགས་ཐུབ་ན་མོས་གུས་ཡོད།
ཨ་ནི་ཐང་བསོད་ནམས་ལགས་ནས་ཡག་པོ་གསུངས་འདུག མོས་མཐུན་ཡོད། སྤྲུལ་སྐུ་ནི་ཟ་མཁན་དང་འཐུང་མཁན་ཡིན། སྤྲུལ་སྐུ་རེ་ལ་གཡོག་པོ་ཁ་ཤས་རེ་ཡོད། དེ་ཚོའི་མིང་ལ་སྤྲུལ་སྐུའི་ཞངས་ཞུ་བ་དང་།
ཡང་ན་ཕྱག་མཛོད་སོགས་འབོད། སྤྲུལ་སྐུ་ཚོས་ལས་ཀ་གཅིག་ཀྱང་ལས་མི་དགོས། སློབ་སྦྱོང་ནི་གྲྭ་བ་དཀྱུས་མ་དེ་ཚོ་བཟང་བ་ཡིན། གདན་ས་ཁུལ་ཏུ་དཔེ་འཁྲིད་དགེ་རྒན་མང་ཆེ་བ་གྲྭ་བ་དཀྱུས་མ་ལས་ཐོན་གི་ཡོད་ཚོ་འདུག ངས་བཤད་འདོད་པ་ནི་སློབ་སྦྱོང་གི་གོམ་པ་རིན་གྱིས་བགྲོད་པའི་དགེ་བའི་བཤེས་གཉེན་རྣམ་དོན་གྱི་བོད་པའི་བླ་མ་མཚན་ཉིད་པ་ཡིན་ལ། དཔེ་ན་དགའ་ལྡན་ཁྲི་བ་ནང་བཞིན། དེ་ལས་གཞན་པའི་སྤྲུལ་སྐུ་ཟེར་བ་ཞིག་དགོས་དོན་མེད།
བོད་མི་མངས་ཀྱི་ལྟ་བ་དང་སེམས་ལ་སྤྲུལ་སྐུ་ལ་མོས་གུས་ཡོད་ཡོད་བར་དུ། སྤྲུལ་སྐུ་རྣམས་ལ་བསྐུར་བ་འདེབས་པས་ཕན་པ་ཅང་ཡོད་དམ། ལ་དྭགས་པ་བླ་མ་ཞིག་གིས་བོད་ཀྱི་བླ་མ་ཆེན་པོས་སྤྲུལ་སྐུའི་ལུགས་སྲོལ་མེད་པར་བཟོ་བ་ལ་གླགས་ཁ་མ་སོང་། ད་ཁྱེད་རྣམས་ཀྱིས་གླགས་ཁའམ་ཞེས་བཤད་སོང་ངོ་།།
བརྗོད་གཞི་རྩམ་པ་བསྐྱུར་ནས་དོན་མེད་དུ། །
བླ་སྤྲུལ་གྲྭ་བའི་སྡེ་ལ་སྡིག་པ་འདིས། །
རང་གི་ཚུགས་ཀ་ཕྱི་རུ་བསྟན་པ་ལས། །
ཕན་ཐོགས་ཅི་གང་མེད་པར་ཤེས་ན་ལེགས། །
མདོ་དབུས་ཁམས་གསུམ་གཅིག་སྒྲིལ་གནང་ཆོས་དང་།
མཐོ་ལ་གུས་བཀུར་དམན་ལ་བྱམས་སྐྱོངས་སོགས། །
ཡ་རབས་བཟང་སྤྱོད་གང་ལས་འབྱུང་བའི་གཞི། །
བླ་གྲྭ་དགོན་སྡེར་ཡིན་པར་ཤེས་ན་ལེགས། །
བོད་ལ་བླ་སྤྲུལ་མ་དར་སྔ་རོལ་ཏུ། །
གཅིག་གཡོག་གཅིག་གིས་མ་བྱས་ལོ་རྒྱུས་དང་། །
བླ་སྤྲུལ་དར་ནས་བོད་ཡུལ་ཕམ་སོང་བའི། །
བདེན་པའི་དཔང་བོ་ཡོད་ན་ཁྱེར་ལ་ཤོག །
ལྷག་པར་དུ་ཡང་རྒྱ་ནག་དམར་བོའི་གཞུང་། །
བླ་སྤྲུལ་གྲྭ་བའི་སྡེ་ལ་སྡང་བ་འདིའི། །
རྒྱུན་རྐྱེན་གང་ཞིག་ཡིན་པ་མ་མཐོང་བར། །
རིགས་མཐུན་ཀུ་ཅོག་སྒྲོགས་རྣམས་བག་ཡོད་བྱོས།
གཉིད་ལས་སད་སྟངས་ཡིན་མིན་ཇི་ལྟར་ཡང་། །
༧ཡིད་བཞིན་ནོར་བུ་ཚུད་པའི་བླ་གྲྭ་ཚོར། །
ཅིག་ཅིག་ཉིག་ཉིག་ཟེར་ནས་སྡིག་པ་འདིས། །
རང་ཉིད་སྐད་གྲགས་འགྲོ་ཐབས་ཡིན་པར་ངེས། །
གཅིག རྒན་ལ་དྭགས་བློ་བཟང་ལགས། གླགས་ཁ་མ་སོང་ཞེས་ན་ག་རེ་རེད། ཚིག་འདི་བཀའ་འགྱུར་ནང་ནས་འཁྱེར་ཡོང་བ་ཨེ་ཡིན། ང་ཚོ་བོད་ཀྱི་རྒྱུན་སྤྱོད་སྐད་ཆའི་ནང་དུ་ཚིག་འདི་འདྲ་ཞིག་བཀོལ་སྤྱོད་དང་མཐོང་ཐོས་ན་ཡོད་པ་མ་རེད། ཡིན་ན་ཡང་བརླག་འཁེལ་མ་འཁེལ་ཟེར་བའི་ཚིག་ཅིག་ལྷ་ས་བ་ཚོས་རྒྱུན་དུ་ཤོད་པ་རེད། ཡིན་ན་ཡང་ཚིག་དེ་ ་ངག་ཐོག་མ་ཡིན་ཡིག་ཐོག་ལ་དེ་ལྟར་འབྲི་བ་ཧ་ཅང་ཉུང་ཉུང་རེད།
གཉིས། སྤྲུལ་སྐུ་དང་བོད་ཀྱི་སྤྱི་ཚོགས་གཉིས་ཀྱི་འབྲེལ་བ་དང་དགེ་ཕན་ནི་ཕལ་ཆེར་ཨ་ནིའི་ཤོད་པ་དེ་རྫུན་མ་རེད་ཅེས་བཤད་ན་སྐད་ཆ་དྲང་མོ་ཡིན། མི་ཁ་ཤས་ཀྱི་དད་པ་དང་དེང་རབས་སྤྱི་ཚོགས་ཀྱི་དངོས་ཡོད་གཉིས་་རིན་གོང་མཇལ་མ་ཤེས་ན་ཁྭ་ཏའི་མིག་ལམ་ན་བོང་མཇེ་ལྷ་ཁང་ཟེར་པའི་དཔེ་དང་གཉིས་སུ་མེད་པར་འགྱུརའགྲོ་གི་རེད། དགོངས་འགལ་མེད་པ་ཞུ། རྒན་ལགས།
འདོད་ལྷ་ཁམས་པ་ལགས།
རྩམ་གཟན་བོད་པ་
མགོ་ནག་མི་
གངས་ཅན་བོད་པ་སོགས་ཀྱི་མིང་ནི་བོད་མི་ཚོས་(དེ་སྔོན་གཞན་མཐོང་མྱོང་མེད་པའི་)རྒྱུ་མཚན་དུ་བྱས་ནས་རང་གིས་རང་ལ་བཏགས་པ་ཞིག་དུ་འདོད་པ་ནི་གནས་ལུགས་མེད་པའི་གླེན་གཏམ་ཞིག་ལས་གཞན་ཅི།
སྤྱིར་གོང་གི་མིང་འདི་དག་གིས་གཞན་ཡོད་མི་ཆོག་པ་དང་གཞན་རྩ་བ་ནས་མེད་པ་ཡིན་པའི་མ་ཤེས་པའི་གནས་ལུགས་ཞིག་གང་ན་གསལ་འདུག
འདི་ནི་བོད་མིའི་ཡུལ་ལུང་གོམས་གཤིས་སོགས་སྟོན་པའི་མིང་ཙམ་ལས་མི་རིགས་ཞིག་གི་མ་ཤེས་མ་རྟོག་པའི་མིང་དུ་འདོད་པ་ནི་སྣ་དགོད་ཤོར་སའི་ཆག་གཏམ་ཞིག་ལས་གང་།
འོ་རེད་་་་་མ་གཞི་རྩམ་པ་ཟེར་ཡག་དེ་་་་་ག་འདྲ་བྱས་ནས་བྱུང་གི་རེད་་་་ངས་བྱས་ན་དེ་ཕལ་ཆེར་གཡག་ལས་བྱུང་བ་ཡིན་རྒྱུ་རེད་དྲན་་་རེད་པས་་་་གང་ཡིན་ཟེར་ན་་་་བོད་ལ་ཡོད་པ་ནི་གཡག་དང་རྩམ་པ་རེད་པ་་་་་ཁོ་རང་གཉིས་་ཀྱང་འབྲེལ་བ་ཞིག་ཡོད་པར་ངེས། གཅིག་བྱས་ན་་་་གཡག་གི་ཕྲུ་གུ་ལ་ཟེར་བ་མིན་འགྲོ །གཡག་དེ་རྩ་བ་ཆེན་པོ་ཡིན་ས་རེད་་་་ཁོ་ལ་འོ་མ་དང་མར་ཞོགས་ཚང་མ་འདུག་པ་་་་ད་བྱེད་དུས་རྩམ་པའི་འབྱུང་ཁུངས་དེ་ཡང་ཁོ་མ་གཏོགས་འགྲོ་ས་ཁོ་རང་མི་འདུག།
དྲང་པོ་ཞུ་ན་ངས་ནི་རྩམ་པ་ཟ་མ་མྱོང་ལ་འཐོང་ཡང་མ་མྱོང་། ཆུང་དུས་ནས་ཤ་དང་མར་ཕྱུ་ར་རྐྱང་པ་ཟ་ནས་འཚོ་གནས་ཐུབ་པ་ཞིག་ཡིན། ངའི་ཕ་མ་གཉིས་ཀྱིས་རྩམ་པ་ནི་འབྲོག་པའི་ཁ་ཟས་མེད་ལ་ཟ་སྲོལ་ཡང་མེད་ཅེས་རྟག་ཏུ་གུས་རྣམས་ལ་གསུངས་ཀྱི་ཡོད། གུས་ནི་རྒྱ་གར་དུ་ཡོང་ནས་ལོ་ངོ་བཅུ་ཕྲག་གཉིས་ལྷག་རེད་ཡོད་ལ་ རྩམ་པ་ཟ་བའི་གོ་སྐབས་ཐོབ་མ་སོང་། དེང་སང་བོད་འབྲོག་ཁུལ་དུ་རྩམ་པ་དང་འབྲས་གྲོ་ཕྱེ་སོགས་འདོད་དགུ་ཆར་འབེབས་རེད་བཅས་བཤད་ཀྱི་འདུག་་དེ་ནི་བོད་དུ་ཕྱི་ཡི་དངོས་པོ་ཡར་རྒྱས་འགྲོ་བའི་རྣམ་པ་ཞིག་རེད། ད་ནི་དྲ་གྲོགས་ཚོ་མི་ཡུལ་དུ་འཁྱམ་ནས་སྡོད་པ་ལས་རང་ཡུལ་བོད་ལ་ལོག་འགྲེ་ན་སྐྱིད་བ་ལ།་སྐྱིད་བ་ལ།
ཨ་ཐུང་ཟེར་བ་དེ་རང་དབང་གི་རྩོམ་པ་པོ་ངོ་མ་ཡིན་ས་རེད། རྩོམ་ལ་གཅིག་ལྟོས་དང་གོ་རྒྱུ་ཚོར་རྒྱུ་མི་འདུག རྩམ་པ་བཤད་ཀྱི་ཡོད་རེད་དམ་ཆབ་སྲིད་བཤད་ཀྱི་ཡོད་རེད། བླ་སྤྲུལ་བཤད་ཀྱི་ཡོད་རེད་དམ་སྐད་ཡིག་བསྐོར་བཤད་ཀྱི་ཡོད་རེད། མ་གཞི་རྩམ་པ་བོད་ཀྱི་ཁྱད་ཆོས་མཚོན་པའི་ཟས་རེད་ཟེར་དུས་རྩམ་པ་བོད་ལ་མ་གཏོགས་ཡོད་མ་རེད་ཟེར་བའི་གོ་བ་ག་འདྲ་ལེན་པ་ཡིན། སྤྱིར་རྩམ་པ་དེ་བོད་དང་ཧི་མ་ལ་ཡ་མ་ཡིན་པ་རྒྱ་གར་དང་ཐེ་ཝན་སོགས་ལ་འཐག་སྲོལ་ཡོད་མོད་བོད་ནང་བཞིན་ཟས་ཀྱི་གཙོ་བོར་ཟ་མཁན་ཡོད་མ་རེད་དེ་ཙམ་གྱིས་གོ་བ་མ་ལོན་པ་ངོ་མ་ཤ་ཚ།
སྔ་མོ་ཡིན་ན་བོད་མི་ཕལ་མོ་ཆེས་ཟ་རྒྱུ་མང་ཤོས་རྩམ་པ་ཡིན་པ་དང་། བོད་ཀྱི་ས་གནས་གང་སར་གངས་རི་མང་ཞིང་དགུན་དུས་ཁ་བ་འབབ་ཤུགས་ཆེ་བ་སོགས་ཀྱིས་ཕལ་ཆེ་བའི་དབང་དུ་བྱས་ནས་བོད་གངས་ཅན་དང་རྩམ་ཟན་བོད་མི་ཞེསབཏགས་པ་ཡིན་གྱི། མཚན་ཉིད་པའི་རྩོད་པ་བཞིན་དུ་གངས་ཅན་ཡིན་ན་བོད་ཡུལ་ཡིན་པས་ཁྱབ་པ་དང་། རྩམ་ཟན་ཡིན་ན་བོད་མི་ཡིན་པས་ཁྱབ་པ་བཤད་པ་ཞིག་ག་ལ་ཡིན། དེས་ན་མིང་བཏགས་ཚད་ལ་ཁྱབ་མཐའ་བཅད་སྡད་ན་ནི་འཇོག་རྟེན་པས་བཏགས་པའི་མིང་ཕལ་མོ་ཆེ་བརླགས་འགྲོ་ངེས་རེད།
བླ་མ་དང་སྤྲུལ་སྐུ་གྲྭ་པ་སོགས་ལ་གཟུར་ཟ་ནི་དོན་མེད་རང་རེད། དེ་ལས་ཙམ་པས་བག་ཆག་ག་རེ་ཞག་འདུག་ཞིབ་དཔྱད་ཡག་པོ་ཞིག་དང་བགྱི་དང་དེ་ལ་དགེ་ཚན་ཆུང་ཆུང་ཞིག་ཐོབ་ཡོང་། དེ་མིན། རང་སྐྱོན་རི་བོ་ཙམ་ཞིག་ཁོང་དུ་སྦས། གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད་ན་ལས་ངན་དེ་རང་ལ་འཁོར་རྒྱུ་ལས་ཁྱེད་རང་ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པ་ལྟར་གནམ་སྟོང་ལ་ཐིམ་འགྲོ་ཡི་མ་རེད། ཤ་ཚ་བས་གཏམ་ཡིན།
ཁྱི་རྒན་འཛུམ་ནས་ཡོང་བ་དེ།
རྨུག་རྟགས་ཡིན་གྱི་གཞན་པ་ཡིན།
གཤིན་རྗེ་དགོད་ནས་ཡོང་བ་དེ།
གསོད་རྟགས་ཡིན་གྱི་དགའ་བས་མིན།
དྲ་འབུ་གསེང་ལ་འཚང་བ་དེ།
བཟང་རྟགས་མ་ཡིན་ངན་རྟགས་ཡིན།
སྡེ་གཉིས་དཀྲུག་པའི་ངན་རྟགས་རེད།
ཉ་ཉུང་མཉམ་དུ་བསྲེས་པ་དེ།
རྣམ་དཔྱོད་མེད་པའི་རྟགས་སུ་མཐོང་།
ངས་བཤད་པ་ནི་རྩམ་པ་དང་དེའི་བྱུང་བ། དེ་སྤྱོད་མཁན། མདོར་ན་རྩམ་པ་དང་འབྲེལ་བའི་མི་རིགས། མི་རིགས་དང་འབྲེལ་བའི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་དང་གོམས་གཤིས་སོགས་གསལ་བོ་ཚུད་ཡོད་པས་དེ་རྣམས་ཕན་ཚུན་འབྲེལ་མེད་ལྟ་བ་ནི་སྤྲུལ་སྐུའི་བྲན་གཡོག་གི་ན་ཚ་ཤུགས་ཕོགས་པའི་ཉེར་ལེན་གྱི་ཕུང་པོ་དང་། ལྟ་རྒྱ་ཁབ་མིག་ལས་ཀྱང་དོག་པའི་རྟགས་སུ་ཁུམས། སྤྲུལ་སྐུས་བོད་མི་རྣམས་གྲྭ་བཙུན་བཟོ་བཅུག་ཅིང་། གྲྭ་བཙུན་གྱིས་མི་འབོར་གཅོམ་ཞིང་། མི་རིགས་རྩ་མེད་འགྲོ་བའི་མཐུན་རྐྱེན་བྱེད་པས་དེ་ལས་ལྷག་གི་གནོད་སྐྱོན་ཞིག་མི་རིགས་ཤིག་ལ་མཚོན་ན་ཡོང་ཐབས་མེད།
དེ་ནི་སྤྲུལ་སྐུ་རྒྱུད་ནས་སྤྱིན་བདག་ཐོབ་པའི་དངུལ་དངོས་ལས་ཀྱང་རིན་ཐང་ཆེ། རྒྱུ་མཚན་ནི། དངུལ་དང་མི་གཉིས་ལས་མི་རིན་ཐང་ཆེ་བ་མ་ཟད། མི་ཡོད་ན་དངུལ་བཟོ་ཐུབ་པས་ཡིན།
མི་ཡོད་ན་སྦྱིན་བདག་ཁོ་ན་བཙལ་བའི་ལམ་ཁ་ལས་ལྷག་པའི་དངུལ་བཟོ་སྟངས་མང་པོ་ཡོད་པ་རེད། མི་མེད་ན་དངུལ་ཡོད་ཀྱང་གཞན་གྱི་རེད། ས་ཆ་ཡོད་ཀྱང་གཞན་གྱི་རེད། ཁང་པ་ཡོད་ཀྱང་དེ་བཞིན་རེད། མི་ཡོད་ན་ས་ཆ་མེད་ཀྱང་རང་སར་བཟོ་ཐུབ་ལ། ཁང་པ་མེད་ཀྱང་ཁང་པ་བཟོ་ཐུབ།
སྤྱིར་གང་ཞིག་འབྲི་མིན་དེ་རང་གི་འདོད་མོས་རེད་མོད། གལ་ཏེ་ཀློག་པ་པོར་རང་གི་བསམ་ཚུལ་བརྗོད་པ་ཡིན་ན་ཀློག་པ་པོའི་སེམས་ནང་རང་གི་བརྗོད་འདོད་པའི་སྐད་ཆ་དེའི་དོན་སྤྱི་འཆར་ཐུབ་དགོས། འདིར་ཁྱོད་ཀྱིས་རྩམ་པ་དང་དེ་སྤྱོད་མཁན་སོགས་ཀྱི་སྐོར་བརྗོད་འདོད་ན་ཁ་བྱང་དང་དེ་ཙམ་མི་འབྲེལ། གལ་ཏེ་བརྗོད་ནའང་གོ་རིམ་སྔ་ཕྱིར་འབྲེལ་ཆགས་པ། མཐུད་མཚམས་གད་སྲུབ་མེད་པའི་བསྐྱོད་དགོས་མོད། ཁྱོད་ཀྱིས་རྩམ་པ་རྩམ་པ་ཟེར་གི་ཟེར་གི་སྤྲུལ་སྐུ་དང་གྲྭ་པ་ཟེར་བཙན་སྦྱར་བྱས་འདུག་པས་གོང་དུ་གཅིག་གིས་རྡོ་ཧྲུག་ནང་འགྲོ་བའི་སྣང་བ་ལྟེར་སོང་ཟེར་བ་བདེན་འདུག
གང་ལྟར་ནང་གསེས་ཀྱི་བརྗོད་བྱ་ཡ་ཡུད་དུ་ཤོར་བས་ན་བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་རྩོམ་ཀློག་སྤྲོ་བ་ཞིག་མ་རེད་འདོད།
བཟའ་བཏུང་གཉིད་ལ་ཞེན་པའི་སྐྱེ་བོ་ནི།
སྣ་བ་འཁོར་ལོའི་གཟུགས་དང་གཉིས་སུ་མེད་
འཆོལ་གཏམ་སྨ་བའི་སྐྱི་བོ་སྤོང་བར་མཛོད་
མེ་དཀར་ལགས་་་་་ག་རེ་ལབ་ཀྱི་ཡོད་་་་་་བླ་མ་དང་རྩམ་པ་མཉམ་དུ་བཤད་མི་ཆོག་པའི་རྒྱུ་མཚན་ག་རེ་ཡོད་་་་་་ལྐུགས་པ་རང་རེད།
བླ་ཡིན་ནའང་རྩམ་པ་ཟ་དགོས་ཀྱི་རེད་པ་་་་་་ཁྱེད་རང་གི་སྣང་བར་བླ་མ་ཟེར་དུས་མཆོད་གཤམས་ནང་དུ་སྐུ་འདྲ་ནང་བཞིན་རེད་དྲན་སོང་པས་་་་ཨ་་་་་་་བོད་ཀྱི་བླ་མ་ཚོས་རྩམ་པ་དཔེ་མང་པོ་མཆོད་ཀྱི་རེད་་་་ད་་་་་མ་ཟད་ཅེ་ནེ་་་་ནད་པ་ཡིན་ན་དེ་བས་ཀྱང་མཆོད་དགོས་ངེས་རེད་་་་་ལོ་་་་།
ཤུགས་ལྡན་ལགས། མིག་གསལ་པོ་མེད་ན་མིག་ཤེལ་གྱོན་ཏེ་ལྟོས། ངས་དེ་ལྟར་བཤད་འདུག་གམ།
འདོད་ལྷ་ཁམས་པ་ལེགས།
དྲི་བ་མཛད་པར་དགའ། གླགས་ཞེས་པ་ལ་དོན་དག་གཉིས་འདུག གཅིག་ནི་འགྲོ་བའི་དོན། གཉིས་པ་ནི་གནོད་པ་སྐྱེལ་བ་ལ་དུས་སྐབས་རྙེད་པ་ལ་གླགསརྙེད་པ་ཞེས་བཀའ་འགྱུར་ན་མང་། དེས་ན། གླགས་ཁ་བ་ཞེས་པ་བོད་དབུས་གཙང་དང་། ལ་དྭགས་ཀྱི་ཁ་སྐད་དུ་ཡང་ཡོད། ཚིག་མཛོད་དག་ན་ཡང་ཡོད། སྔོན་འཇུག་སྒྲ་གདངས་ཉམས་པས་བརླག་ཅེས་བྲིས་ནོར་ཡིན་པར་མངོན། དཔྱད་པར་མཛོད། དོན་གཉིས་པ་ལ་གླེང་མོལ་མེད་ན། ལེགས་སོ།།
ད་ཁྱེད་ཚོས་་་སྤྲུལ་སྐུ་་་གཅིག་གཅིག་མོག་མོག་ཟེར་དུས་ངས་ཀྱང་གཅིག་ཟེར།
སྤྲུལ་པའི་སྐུ།
དམར་པོ་རས་ཀྱི་སྟངས་ཀའི་འོག་ན་འདོད་པའི་ན་ཟུག་རླབས་ལྟར་གཡོ། །
ལུས་ཟུངས་བདུན་གྱི་འཁོར་སྐྱོད་ཁྲོད་ན་འཆར་གཞི་སྣ་དགུ་རླུང་ལྟར་འཚུབ། །
རིགས་མཐུན་འགྲོ་བའི་སྤྱི་ཚོགས་དཀྱིལ་ན་ཚུལ་འཆོས་བང་སོ་རྡོ་ལྟར་སྲ། །
གཤོག་པ་མེད་ཀྱང་འཕུར་ལ་གོམས་པའི་དེང་རབས་སྤྲུལ་པའི་སྐུ་ལོ་མཁྱེན། །
སྤྱི་ཚོགས་རྙིང་པའི་ཁུག་སོ་ཞིག་ནས་མིང་གི་ཆོ་ལོ་ཁྱོད་ལ་ཐོབ། །
ལོ་དང་ཟླ་བའི་ཀྱོག་མཚམས་ཁྲོད་ནས་ཁྱོད་ཀྱི་ཡན་ལག་སྙིང་ལག་རྒྱས། །
ད་ལྟ་སྤྱི་ཚོགས་གསར་བའི་ནང་ན་ཁྱོད་ཀྱི་མཛད་འཕྲིན་ཇེ་ཆེ་རེད། །
མ་འོངས་དུས་རབས་སོ་གཅིག་ནང་ན་ཡོད་ཚད་སྤྲུལ་སྐུར་འགྱུར་ངེས་རེད། །
སྔ་མ་སྔ་མའི་རྣམ་པར་ཤེས་པ་སྐད་ཅིག་མི་སྡོད་འཕོས་པའི་རྒྱུན། །
ཕྱི་མ་ཕྱི་མར་སྲིད་གསུམ་འདི་ན་ངེས་མེད་སྐྱེ་བ་ལེན་པའི་ཚུལ། །
སྦྲང་མ་གྲོག་མ་འབུ་སྲིན་སོགས་ལའང་ཁྱད་པར་མེད་པར་སྣང་གྱུར་ན། །
འཁོར་བའི་སེམས་ཅན་ཡོད་དགུ་ཐམས་ཅད་སྤྲུལ་པའི་སྐུ་རུ་ཅིས་མ་ངེས། །
ཉེར་ཅིག་དུས་རབས་གསར་བའི་ནང་ན་སྤྲུལ་སྐུའི་གྲངས་ཀ་ཇེ་མང་རེད། །
ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་ན་སྤྲུལ་སྐུའི་འདུར་རྒྱུག་ཇེ་བྲེལ་རེད། །
མ་གི་གཤིན་རྗེའི་འཇིག་རྟེན་ཁམས་ན་སྤྲུལ་སྐུ་འཚང་ག་ཤིག་ཤིག་རེད། །
རྒྱུ་ནོར་སྒོར་མོའི་ཡོ་ལང་ཁྲོད་ན་སྤྲུལ་སྐུའི་འཛུམ་མདངས་ཇེ་ཡག་རེད། །
སྤྲུལ་པའི་སྐུ་ཡི་མཛད་པ་མཐོང་བས་དམར་པོའི་སེམས་ལ་སྨུག་པ་འཐིབས། །
སྤྲུལ་པའི་སྐུ་ཡི་རྣམ་ཐར་ཐོས་པས་ཡ་ཆུང་སེམས་པ་རྨང་ནས་འགུལ། །
སྤྲུལ་པའི་སྐུ་ཡི་སེམས་ཁམས་བསྔོགས་པས་མི་ཕྱེད་དད་པ་གཏིང་ནས་འགྱེལ། །
སྤྲུལ་པའི་སྐུ་ཡི་རྐང་རྗེས་མཐོང་བས་གངས་དཀར་སེམས་པ་དུམ་བུར་འཐོར། །
ཨ་ནུ་ཐང་བསོད་ནམས་ཀྱིས་ཡག་པོ་བྲིས་འདུག
དྲ་གྲོགས་འགས་རྩམ་པ་བོད་པའི་ཁ་ཟས་ཡིན་མིན་རྩོད་ཀྱི་འདུག་དེ་ཕ་རོལ་གྱི་འདོད་པ་ཧ་མ་གོ་བའི་རྟགས་རང་རེད། ཨ་ནུས་རྩམ་པ་ནི་བོད་པ་ཁོ་ནའི་མ་རེད་ཅེས་བྲིས་འདུག་མ་གཏོགས། རྩམ་པ་བཟའ་མཁན་གཞན་ཡོད་མེད་དང། གཞན་གྱིས་རྩམ་པ་བཟའ་མི་བཟའི་སྐོར་ལ་རྩོད་དགོས་མི་འདུག གང་ལྟར་རྩམ་པ་བོད་པ་ཁོ་ནའི་མ་ཡིན་ཏེ། བོད་པ་མིན་པའི་ཧི་མི་དང་གྷི་རི་སི་ཨབ་གྷན་ཀ་ཤི་མི་རི་བ་ཚོས་ཀྱང་བཟའ་བའི་ཕྱིར། རྩམ་ཟན་མགོ་ནག་བོད་མི། ཞེས་གཏམ་དཔེ་ལ་ཡོད་ནའང་ཡོད་དུ་ཆུག་ཁྱད་པར་གང་ཡང་མི་འདུག འོ་ན་མགོ་ནག་ཅེས་པ་དེའང་བོད་པ་ཁོ་ན་ལ་གོ་བ་ཡིན་ནམ། འདི་ཚོ་རིགས་ལམ་ཤེས་མཁན་ཞིག་རེད་མི་འདུག རྩོམ་གཅིག་གི་ནང་དུ་མང་པོ་འཕྲོས་ཆོག་པ་རེད། དཔེར་ན། དཔེར་ན་དབུ་མའི་གཞུང་ནི་དབུ་མའི་ལྟ་བ་སྟོན་བྱེད་ཀྱི་གཞུང་ཞིག་ཡིན་མོད། དེ་ཡི་ནང་དུ་རི་བོང་རྭ་བཤད་འདུག མི་དང་དུད་འགྲོ། གཅན་གཟན་བྱ་རིགས། ཀ་བ་དང་བུམ་པ། ཆུ་དང་མེ་ལས་སོགས་ཀྱང་བཤད་མི་འདུག་གམ། བརྗོད་བྱའི་གཙོ་བོའམ་རྩོམ་གྱི་མིང་ལ་བརྟེན་ནས་རྩོད་དགོས་པ་རེད་མ་གཏོགས་སྣ་ཟིང་སྤུ་ཟིང་བྱེད་ནས་གང་ཡོང།
དངོས་གཟུགས་གང་ལ་ཡང་ཕྱོགས་གཉིས་ཡོད་པ་བཞིན་སྤྲུལ་སྐུ་ལ་ཡང་ཕྱོགས་གཉིས་སུ་ཕྱེ་ནས་བཤད་ན་འགྲིག་གི་སྤྱིར་སྤྲུལ་སྐུའི་ནང་བོད་ལ་བཀའ་དྲིན་ཆེ་བ་རྒྱལ་བ་པཎ་ཆེན་རྣམས་གཉིས་ལྟ་བུ་སྐུ་འཕྲེང་ནས་སྐུ་འཕྲེང་ལ་གངས་ཅན་ལྗོངས་ནས་ཉི་ཟླ་ལྟ་བུར་ཆེ་མཐོང་ཡོད་པ་ཡིན་ལ་དགེ་མཚན་བདོག་པ་ཡིན། འོན་ཀྱང་དེང་སང་ནི་མང་དྲགས་པས་ཉོག་དྲགས་ཉོག་དྲགས་པས་འདལ་མི་འདུག་གམ་་་་་་་
ཙམ་པའི་ཐུད་ཅིག་ཡོད་དྲོ་བསམ་ནས།
ཙམ་པའི་འདུ་རར་སླེབས་པ་ཡིན་མོད།
ཙམ་པ་ཙམ་དྲི་འཐུལ་རྒྱུ་ཕར་ཟད།
ཙམ་སྐྱག་དྲི་ཡང་དྲོ་རྒྱུ་མི་འདུག
དགག་པ་རྒྱག་མཁན་གྱི་མི་ཁག་ཅིག་གིས་རྩོམ་ཡིག་འདི་ལྟར་འབྲི་བ་ལྟ་ཅི། བྲིས་དོན་ཡང་ཡག་པོ་རྟོགས་ཀྱི་མི་འདུག
སྒྲོན་ཕྲུག་ལགས།
༼སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ གི་ཆུ་ཚོད་ ༧ སྐར་མ་ ༤༨
ཨ་ནུ་ཐང་བ་ཁ་རྒྱག་པ་མ་བཤད། བོད་མགོ་ནག་རྩམ་ཟན་ཡིན་པ་མ་གོ་ནས། མི་ཤེས་ན་ཤེས་ཁུལ་མ་བྱེད། གྲོགས་པོ་ང་ཁོད་ལ་རྒྱུས་ཡོད། དེ་སྔོན་གོ་ཐོས་ལ། ཁྱེད་ཀྱིས་གོང་ས་མཆོག་ལའང་ཁ་བཏང་བའི་གནས་ཚུལ་འདུག དེ་ཡག་པོ་གཏན་ནས་མ་རེད། ད་ཁ་བཟུང་ན་དགའ་ས་རེད།༽
༡༽ཁྱེད་ཀྱིས་བཤད་པ་གནད་དོན་འདི་ལ་གཏན་ཚིག་གི་རྒྱུ་མཚན་སྤུ་ཙམ་མེད་པས་ལན་འདེབས་བྱེད་པའི་དགོས་བ་མ་མཐོང་ཡང་། ངན་པ་རྒྱ་ཡན་དུ་མི་མཏང་སླད་དྲི་བ་ཁ་ཤས་མཐའ་དཔྱོད་ཅུང་ཙམ་བྱེད་འདོད་ཆེ།
“བོད་མགོ་ནག་རྩམ་གཟན་ཟེར་”དོན་ནི་བོད་པ་ཡིན་ན་སྤྱིའི་ཆ་ནས་མགོ་ནག་པོ་དང་རྩམ་པ་ཟ་མཁན་ཡིན་པས་ཁྱབ་པ་ལས། རྩམ་པ་ཟ་མཁན་དང་མགོ་ནག་པོ་ཡིན་ན་བོད་པས་ཁྱབ་ཟེར་བའི་དོན་མ་རེད། མཚན་མཚོན་གྱི་རྣམ་བཞག་དེ་ཙམ་གྱི་འགྲོ་སྟངས་མ་ཤེས་བའམ། ཤེས་བཞིན་བསམ་འདོད་མེད་པ་གཞན་ལ་དགག་པ་རྒྱག་པ་ནི་ལྟ་བ་མ་མཐུན་པའི་ནད་རྟགས་ལས་ཅི་ཡང་མི་འདུག རྒྱུ་མཚན་ཡོད་ཤོད་དང་དུས་ཀུན་དགའ་བསུ་ཡོད།
༢༽ཕྲན་གྱིས་གོང་ས་མཆོག་ལ་མཚན་དམད་བཏང་བ་ཉིད་ཀྱི་གོ་ཐོས་ཙམ་གྱི་རྒྱུ་མཚན་དུ་བྱས་ནས་ངའི་སྨྲ་བརྗོད་རང་བཀག་འདོད་ན། ངས་ཁྱེད་ཉིད་རྐུན་མ་ཡིན་པ་གཞན་ལས་གོ་སོང་བས་་་་ཁྱེད་རང་རྐུན་མ་རེད་ཟེར་ན་ག་འདྲ་འདུག ངས་གོང་ས་མཆོག་ལ་མཚན་དམད་ཞུས་ཡོད་ན་ག་དུས་ཞུས་མིན་གང་དུ་ཞུས་མིན། གནད་དོན་ཅི་ཞིག་སླད་དུ་ཞུས་མིན་སོགས་གསལ་པོ་གསུངས་རོགས་གནང་། དེ་མིན་གོ་ཐོས་ཙམ་གྱིས་ཞྭ་མོ་ནམ་ཡང་གོན་འདོད་མེད་ལ། ཁྱེད་ཀྱང་དེ་ལྟར་ཡིན་ངེས་རེད།
མདོར་ན་གོང་ས་མཆོག་ནི་ང་རང་ད་བར་དུ་ཆེས་དགའ་ས་དང་བློ་ཐག་ཉེ་ཤོས། མོས་གུས་ཆེས་ཆེ་ཤོས་ཀྱི་མི་དེ་ཡིན། འོན་ཀྱང་བརྟགས་དཔྱད་མེད་པ་གསུངས་ཚད་ཀུན་གྱི་རྗེས་སུ་རྒྱུགས་མཁན་ཞིག་མིན་ཞེས་ཞུ་འདོད་སྐྱེས། དེ་ལྟར་འགྲོ་རྒྱུའང་གོང་ས་མཆོག་གི་དགོངས་པ་མ་ཡིན་པས་ཡིན། ཁྱེད་རང་གོང་ས་མཆོག་གི་བཀའ་གསུངས་བརྩི་མཁན་ཞིག་ཡིན་ན་གནད་དོན་དེ་ལ་ངོས་ལེན་ཡོད་ངེས་རེད། མིན་ན་་་དགག་རྒྱ་དང་དགོས་བ། དྲང་དོན་དང་ངེས་དོན་སོགས་ཀྱི་སྒྲུབ་བྱེད་ཁྲི་སྟོང་མང་པོ་བགྲང་སྲིད་ལ། དེ་དག་ཐམས་ཅད་རང་གི་ཞེན་འདོད་ལ་རྒྱབ་སྐྱོར་འཚོལ་ཆེད་ལས་ཅི་ཡང་མིན་ཞེས་བློ་སྤོབས་ཆེན་པོས་ཞུ་འདོད་སྐྱེས།
བོད་ལ་ཞེན་ཡ།
༼སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡ སྐར་མ་ ༢༠
ཨ་ཐུང་ཟེར་བ་དེ་རང་དབང་གི་རྩོམ་པ་པོ་ངོ་མ་ཡིན་ས་རེད། རྩོམ་ལ་གཅིག་ལྟོས་དང་གོ་རྒྱུ་ཚོར་རྒྱུ་མི་འདུག རྩམ་པ་བཤད་ཀྱི་ཡོད་རེད་དམ་ཆབ་སྲིད་བཤད་ཀྱི་ཡོད་རེད། བླ་སྤྲུལ་བཤད་ཀྱི་ཡོད་རེད་དམ་སྐད་ཡིག་བསྐོར་བཤད་ཀྱི་ཡོད་རེད། མ་གཞི་རྩམ་པ་བོད་ཀྱི་ཁྱད་ཆོས་མཚོན་པའི་ཟས་རེད་ཟེར་དུས་རྩམ་པ་བོད་ལ་མ་གཏོགས་ཡོད་མ་རེད་ཟེར་བའི་གོ་བ་ག་འདྲ་ལེན་པ་ཡིན། སྤྱིར་རྩམ་པ་དེ་བོད་དང་ཧི་མ་ལ་ཡ་མ་ཡིན་པ་རྒྱ་གར་དང་ཐེ་ཝན་སོགས་ལ་འཐག་སྲོལ་ཡོད་མོད་བོད་ནང་བཞིན་ཟས་ཀྱི་གཙོ་བོར་ཟ་མཁན་ཡོད་མ་རེད་དེ་ཙམ་གྱིས་གོ་བ་མ་ལོན་པ་ངོ་མ་ཤ་ཚ།༽
༡༽ངེས་གོང་དུ་བཀོད་པའི་དོན་ཚན་ཕན་ཚུན་འབྲེལ་བ་ཡོད་ཅིང་འབྲེལ་མེད་ཀྱི་དོན་གཞན་ཞིག་མིན་པ་མ་ཟད། མིའི་རྣམ་དཔྱོད་ལ་ཟད་པ་མེད་པ་བཞིན། རྩོམ་ཡིག་འབྲི་སྟངས་ཀྱང་ཟད་པ་དང་ཚད་བཀད་མེད། དེ་འདྲའི་འགྲོ་ཕྱོགས་ཙམ་ཡང་མ་རྟོགས་པ་ནི་རྨོངས་སྐྱོན་ལས་གཞན་པའི་སྒྲུབ་བྱེད་དཀའ་ལ། འབྲི་སྟགས་འདི་ནི་བོད་ཀྱི་རྩོམ་རིགས་ཁྲོད་དུ་མང་དུ་ཡོད་པ་སྐུ་ཞབས་ngaris ses1སོགས་ཀྱིས་གསུངས་ཟིན་པས་སྐྱར་ཟློས་བྱེད་དོན་མ་མཆིས།
དེ་ན། རྩམ་པ་ཟ་མཁན་གྱིས་འབྲས་ཟ་མཁན་ཕུད་དགོས་ཟེར་བའི་ལྷ་སའི་རང་བཙན་གྱི་ལས་འགུལ་སྤེལ་པའི་མཚོན་དོན་ཏེ། རྒྱ་བོད་མི་རིགས་གཉིས་ལ་གོ་བས་ཟས་དང་མི་ལ་འབྲེལ་བ་གཏིང་ཟབ་ཡོད་ཅིང་། མི་དང་སྐད་ལ་འབྲེལ་བ་ཡོད། སྐད་དང་རིག་གཞུང་ལ་འབྲེལ་ཡོད་ཅིང་། རིག་གཞུང་དང་ལོ་རྒྱུས་ལ་འབྲེལ་བ་ཡོད། ལོ་རྒྱུས་དང་མི་རིགས་ཀྱི་དར་རྒུད་ལ་འབྲེལ་བ་ཡོད་ལ། མི་རིགས་ཀྱི་དར་རྒུད་དང་ཆབ་སྲིད་གཉིས་ལ་འབྲེལ་གཏིང་ཟབ་ཡོད་པའི་གནད་དོན་འདི་དག་མ་རྟོགས་པའམ་རྟོགས་འདོད་མེད་པ་ནི་རང་ཚང་སྟོན་པའི་རྒྱུ་ལས་འདས།
༢༽ ཁ་ན་རི་ཡི་ཡུལ་མི་ཚོས་བོད་པ་ལྟར་རྩམ་པ་ལོངས་སུ་སྤྱོད་བཞིན་ཡོད་པ་མ་ཟད། རྩམ་པའང་དུས་དང་སྟུན་ནས་སྣ་ཁ་མི་འདྲ་བ་མང་དུ་བྱུང་འདུག ཡིན་ཡང་། ཡར་རྒྱས་མེད་པའི་དུས་དུ་རྩམ་པ་ལ་ནས་རྩམ་མ་གཏོགས་མེད་ཀྱང་། རིམ་བཞིན་ནས་དང་མཉམ་དུ་འབྲུ་རིགས་གཅིག་བསྲེས་པ་དང་། གཉིས་བསྲེས་པ། གསུམ་ནས་དྲུག་བསྲེས་བ་སོགས་ཡོད་པ་མ་ཟད། ལུང་པ་དེའི་མཐའ་འཁོར་ཀུན་གྱི་ཡུལ་གྲུ་ཀུན་ཏུ་རྩམ་པ་བེད་སྤྱོད་བཏང་མཁན་མེད་པ་བརྟེན། ཁོང་ཚོའི་རང་གི་ཐུན་མོང་མ་ཡིན་པའི་ངོ་རྟགས་ཤིག་ཏུ་སེམས་ནས་སྤོབས་པ་སྒོམ་བཞིན་འདུག ཟ་སྟངས་ཀྱང་གཤེར་ཁུ་དང་སྤགས། འོ་མ་དང་ཆུ་རྒོད། རྒུན་ཆང་སོགས་སུ་བསྲེས་ནས་ཟ་ཞིང་། སྤྲང་རྩི་སོགས་དང་ལྷན་དུ་སྤགས་སྤྱོད་མཁན་ཡང་འདུག
བོད་ཀྱི་རྩམ་པའང་ཇ་དང་ཆུ། ད་ར་དང་འོ་མ། ཆུ་རྒོད་དང་ཆང་སོགས་སུ་བསྲེས་ནས་ཟ་བཞིན་ཡོད་པ་བོད་པ་ཀུན་གྱིས་མཁྱེན་གསལ་ཡིན་པས་འགྲེལ་བརྗོད་བྱེད་པའི་ངལ་བ་བྱེད་དོན་མེད་པས་དེ་ཙམ་བྱོས།
རྒྱ་གར་ནང་སྐྱེས་པ་དང་འཚར་ལོངས་བྱུང་བ་ཞིག་ལ་ཚིག་མཚོན་འདེབས་ཡས་ལག་ཆ་གཅིག་ནི། རྩམ་པ་ཟ་མི་ཤེས་པ་ཟེར་བ་དང་། རྩམ་པ་རྫི་མི་ཤེས་པ་ཟེར་བ་དེ་རེད། ཡིན་ན་ཡང་། དེང་སང་བོད་ནང་ལ་རྩམ་པ་ཟ་མཁན་ཉུང་ཉུང་རེད། བོད་ནས་སླེབས་མཁན་ནང་ན་རྩམ་པ་ལ་དགའ་མོས་ཡོད་མཁན་ཉུང་ཉུང་རེད། ད་ཡིན་ན། རྩམ་པ་ཟེར་བ་དེ་བོད་ཟས་རེད་ཟེར་བ་ཙམ་ལས། དོན་དངོས་སུ་རྩམ་པ་ལ་བརྟེན་མཁན་ནི། བོད་མི་རྒན་པ་གཅིག་པུ་རེད།
ཨ་ནུ་ཐང་བ་ལགས།
ཁྱེད་ཀྱིས༼སྤྲུལ་སྐུས་བོད་མི་རྣམས་གྲྭ་བཙུན་བཟོ་བཅུག་ཅིང་། གྲྭ་བཙུན་གྱིས་མི་འབོར་གཅོམ་ཞིང་། མི་རིགས་རྩ་མེད་འགྲོ་བའི་མཐུན་རྐྱེན་བྱེད་པས་དེ་ལས་ལྷག་གི་གནོད་སྐྱོན་ཞིག་མི་རིགས་ཤིག་ལ་མཚོན་ན་ཡོང་ཐབས་མེད།༽
བརྗོད་འདུག་ཀྱང་སྤྲུལ་སྐུས་བོད་མི་རྣམས་གྲྭ་བཙུན་བཟོ་བཅུག་པ་ཡིན་པ་ཁྱེད་ཀྱིས་ཐག་སྦད་ཆོད་བྱས་པ་ནོར་བ་རེད་སྙམ། གང་ཡིན་བྱས་ན་བོད་ཀྱི་གྲྭ་བཙུན་ཕལ་མོ་ཆེ་རང་ཉིད་གྲྭ་བཙུན་བཟོ་འདོད་ཀྱི་དབང་ཆ་རང་ལ་ཡོད་པ་ལས་སྤྲུལ་སྐུས་བཟོ་བཅུག་པ་མ་རེད། ལྷག་པར་དུ་གྲྭ་བཙུན་རྣམས་དང་པོ་སོ་སོ་གྲྭ་པ་བྱེད་འདོད་ཀྱི་ཀུན་སློང་སྐྱེས་པ་གཙོར་བཟུང་གིས་བླ་མའི་མདུན་དུ་བཅར་ནས་བཟོས་པ་ལས་བླ་མས་བཟོ་བཅུག་པ་དེ་འདྲ་གཏན་ནས་མ་རེད། དཔེར་ན་ཁྱེད་རང་ཡང་དེ་སྔོན་ཀིརྟི་དགོན་པའི་གྲྭ་པ་ཡིན་མོད། ཨོ་ན་དང་པོ་ཁྱེད་རང་ལ་སྤྲུལ་སྐུ་སུས་གྲྭ་པ་བཟོ་བཅུག་སོང་། གྲྭ་བཙུན་གྱི་གྲངས་འབོར་མང་དྲག་ན་མི་རིགས་འཕེལ་རྒྱས་ལ་གནོད་པ་དེ་ཁྱེད་ཀྱི་སྐད་ཆ་གསར་པ་གང་ཡང་མ་རེད། དེ་སྔོན་མོ་ཀྲུ་ཞིས་ཀྱང་༸གོང་ས་མཆོག་ལ་དེ་འདྲ་ཞུས་པ་རེད། ཁྱེད་ཀྱིས་ཀྱང་དེ་རང་བདེན་པར་རློམ་པ་རེད། གྲྭ་བཙུན་ཇི་ཙམ་བཟོ་ཡང་བོད་མི་རིགས་ཚང་མ་གྲྭ་བཙུན་མ་རེད། དེས་མི་རིགས་རྩ་མེད་དུ་འགྲོ་ཡི་མ་རེད།
སྤྱང་ཀི་ཤ་གཟན་རི་བོང་རྩམ་གཟན་གཉིས།།
ཟས་ཀྱི་དོན་དུ་གྲོས་བསྡུར་བྱས་བ་ན།།
རེ་ཞིག་རང་ཉིད་མཐུན་པའི་ཆོས་རྣམས་སུ།།
རང་རང་སོ་སོའི་འདོད་པ་སྐྱོང་ན་ལེགས།།
ཚིག་དགེ་ཆོས་ཇི་བཞིན་མིན་ཡང་དོན་དེ་ལྟར་ཡིན། བློ་ནས་ཡོད་པ་ཐད་ཀར་བྲིས་བ་ཡིན།
ཕྲན་དེ་སྔོན་གྲྭ་བ་བཟོ་དགོས་བའང་བླ་རྒན་ཞིག་གིས་མོ་བརྒྱགས་ཤིང་། གྲྭ་བ་བཟོས་གསུངས་བའི་ངག་ལ་ངའི་ཕ་མ་གཉིས་ཀྱིས་དེ་ཙམ་མ་ཉན་ཡང་། རྗེས་སུ་བླ་མ་ཞིག་གིས་གལ་སྲིད་ང་རང་གྲྭ་བ་མ་བྱས་ན་འཆི་ངེས་རེད་ཅེས་གསུངས་བའི་ཉེར་ལེན་གྱིས་ངའི་ཕ་མས་ང་གྲྭ་བ་མི་བཟོ་ཐབས་མེད་བྱུང་བ་རེད་ཅེས་ཞུ་འདོད་སྐྱེས། དེའི་སྐོར་གྱི་གནས་ཚུལ་མང་ཡང་མདོར་བསྡུར་དེ་ལྟར་ཡིན། དགོན་པ་ལས་གཞན་པའི་སློབ་གཉེར་གྱི་གོ་སྐབས་ཞན་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་ང་རང་ལ་མཚོན་ན་གྲྭ་བ་བྱས་པ་ཕན་ཐོགས་བྱུང་ཡང་། བོད་མི་རིགས་སྤྱིའི་ཆ་ནས་བཤད་ན་གནོད་པ་སེམས་ནས་དེ་ལྟར་བཤད་པ་ཡིན། ངས་གྲྭ་བཙུན་གྱིས་མི་འབོར་གནོད་པ་ངའི་ལྟ་ཚུལ་གཅིག་བུ་ཡིན་ཞེས་བཤད་མྱོང་མེད་ལ། ལོ་གཉིས་གསུམ་ཙམ་གྱི་སྔོན་གྱི་ངའི་རྩོམ་ཡིག་ཅིག་གི་ནང་སྐུ་མདུན་གྱིས་དེ་ལྟར་གསུངས་ཡོད་ཅེས་ཁ་གསལ་དོད་ཡོད།
གྲྭ་བཙུན་ཅི་ཙམ་བྱས་ཀྱང་མི་རིགས་རྩ་མེད་མི་འགྲོ་ཟེར་བའི་ཁྱེད་ཀྱི་སྐད་ཆ་ལ་ཡིད་ཆས་སྤུ་ཙམ་མེད་ཅིང་དེ་ལྟར་བྱས་བའི་ཉེར་ལེན་གྱིས་ད་ལྟ་ལུང་པ་བོར། རིམ་བཞིན་མི་རིགས་རྩ་མེད་དུ་འགྲོ་བ་འདོད། ད་ནས་འགོ་བཙུགས་ཟིན་འདུག རྩ་མེད་འགྲོ་དང་མི་འགྲོ་ནི་མ་འོངས་བ་མཐོང་ཐུབ་ཅིང་དུས་ཚོད་ཀྱིས་ང་ཚོ་ལ་སྐད་ཆ་བཤད་པ་ལས་སུ་ཞིག་གི་ཁ་ཚོན་གཅོད་མི་ནུས། གང་ལྟར་སྐུ་སྤྲུའི་ལམ་ལུགས་ནི་བོད་ཕུང་བྱེད་གཙོ་བོ་ཞིག་ཏུ་མཐོང་།
སྐུ་སྤྲུལ་ཚོས་ཅི་ལྟར་དགོན་པ་རྒྱ་སྐྱེད་བཏང་ཚུལ་དང་གྲྭ་བཙུན་བཟོ་བར་སྐུལ་འདེགས་ཅི་ལྟར་བྱེད་ཚུལ་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་འཁོད་པའི་རྩོམ་ཡིག་ཅིག་དགོས་བ་ཡོད་ན་འབྲི་ངེས་ཡིན། འབྲི་བསམ་ནས་ལོ་གཉིས་གསུམ་ཙམ་འདས་ཀྱང་། ལས་ལོ་དང་ལས་བྲེལ། མི་ཁ་སྐྲག་ནས་ད་བར་ལྷག ཁྱེད་ལ་དེའི་སྐོར་ཤེས་འདོད་ཀྱི་བྲེལ་བ་ཡོད་ན་ངལ་བས་འབྲི་བ་བྱས་ངེས་ཡིན་ལགས།
བོད་ཡུལ་གྱི་ཞིང་པ་རྣམས་ཀྱི་ལོ་ཏོག། ནས་སྔོན་མོ་འམ། འབྲུ་ཞེས་པ་འདི་ནོ་གངས་ཅན་བོད་ཀྱི་མཐུན་མོང་མ་ཡིན་པའི་ལོ་ཏོག་རྩ་ཆེ་ཤོས་དེ་ཡིན། བྲོ་བ་ཆེ་བའི་བཅུད་ལྡན་་་ནས་འབྲུ་་་འདི་ནི་བོད་ཀྱི་རང་སའི་ཆར་མ་གཏོགས་མི་སྐྱེ། དེས་ན་ནས་འབྲུ་འདི་ལས་བྱུང་བའི་རྩམ་པ་ནི་བོད་པ་ཁོ་ནའི་ཡིན་ནོ། གཞན་རིགས་རྣམས་ལ་ང་ཚོའི་རྩམ་པ་འདྲ་པོ་ཡོད་སྲིད་ཀྱང་། དེས་བོད་ཡུལ་དུ་སྐྱེས་པའི་ནས་འབྲུ་འཐག་པའི་སྦྲང་དཀར་རྩམ་པ་ལ་དུས་ནམ་ཡང་དོ་མི་ཐུབ་བོ། །
འདི་ཚོས་རང་མ་གཏོགས་མི་མིན། ཞེས་པ་ལྟར་ནས་འབྲུ་སྔོན་མོ་ནག་མོ་དཀར་མོ་ཁྲ་བོ་ལས་སོགས་བོད་ཀྱི་འབྲུ་རིགས་གཅིག་པ་གཅིག་རྐྱང་ཧི་མ་ལ་ཡ་ཡི་ཡུལ་གྲུ་དག་ཏུ་ཡོད་པར་མ་ཟད་ཨ་རི་དང་ཡུ་རོབ་སོགས་སུའང་ཡོད། མ་ཟད་ཧི་མ་ལ་ཡའི་མི་རིགས་རྣམས་ནི་རྩམ་པ་ནི་ཟས་ཀྱི་་གཙོ་བོ་ཞིག་ཏུ་བྱས་ཏེ་བཟའ་བཞིན་འདུག་གོ།
གོ་མྱོང་མེད་ན་རྒན་ལ་དྭགས་པ་ལ་འདྲི་རོགས།
ཨོ་ན་ཁྱེད་རང་གྲྭ་པ་བཟོ་མཁན་སྤྲུལ་སྐུ་ཞིག་མ་ཡིན་པ་ཁྱེད་རང་གི་ཁ་ནས་ཐོན་པས། གད་མོ་བྲོ་བོ་བྱུང་། ངས་ཁྱོད་ལ་ཁྱབ་མཐའ་ཞིག་འཕེན། བོད་ཀྱི་གྲྭ་བཙུན་ཡིན་ན་སྤྲུལ་སྐུས་བཟོས་པས་ཁྱབ་པ་ཐལ། འདོད་ཟེར་ན། ཨ་ནུ་ཐང་བ་ཆོས་ཅན་སྤྲུལ་སྐུས་གྲྭ་པ་བཟོས་པ་ཡིན་པ་ཐལ། དེ་སྔོན་གྲྭ་པ་ཡིན་པའི་ཕྱིར། ཟེར་ན་ལན་ག་རེ་འདེབས།
གང་ལྟར་ཀྱང་སྐད་ཆ་དེ་ནི་ཁྱེད་ལ་རི་བོང་གནམ་སྡིབས་ཀྱི་སྡུག་བསྔལ་རེད། ཁྱེད་ཀྱིས་ཅི་ཙམ་གྲྭ་བཙུན་སྤྱི་ཚོགས་ལ་བརྒོལ་ཀྱང་ཁྱེད་ཀྱི་ཁ་ལ་ཉན་ནས་གཅིག་ཀྱང་ཉུང་དུ་འགྲོ་ཡི་མ་རེད། མང་ཆེ་བ་ནི་དེང་སང་སོ་སོ་རང་ཉིད་འཁོར་བ་ལ་ངེས་འབྱུང་སྐྱེས་ནས་གྲྭ་པ་བཟོས་པ་དང་། གྲྭ་པ་བྱེད་རྒྱུར་དགའ་ནས་བྱས་པ་ཤ་སྟག་རེད། ཁྱེད་ཀྱིས་ཇི་ཙམ་སྤྲུལ་སྐུ་ཚོའི་ཐོག་ལ་ག་ཚོད་ཀྱིས་བརྒོལ་བ་དེ་ཚོད་ཀྱིས་རང་ཉིད་བོད་མི་རིགས་ཀྱི་མི་གྲལ་ནས་ཕུད་འགྲོ་བ་ལས་གང་ཡང་མེད། གཟིགས་དང་སྤྲུལ་སྐུ་ཕལ་མོ་ཆེ་ནི་བོད་མི་རིགས་ཀྱི་ནང་བསྟན་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་རེད། སྤྲུལ་བའི་སྐུ་རྣམས་ནི་བསྟན་དོན་དུ་བྱོན་པ་ཤ་སྟག་རེད། སྤྲུལ་བའི་སྐུའི་མཛད་པ་ནི་གང་ཟག་ཕལ་བ་ཞིག་དང་བསྡུར་ཐབས་བྲལ། ཁྱེད་ལྟ་བུའི་ལས་མ་དག་པ་དེ་ཚོའི་བློས་སྤྱོད་ཡུལ་མིན། མཚམས་འདི་ནས་ངས་ཁྱེད་ལ་དྲི་བ་ཞིག་འདྲི་འོ་ན་སྤྲུལ་སྐུ་བོད་ཕུང་བྱེད་ཡིན་པ་ཁས་ལེན་ན་ཀིརྟི་སྤྲུལ་སྐུ་ཡང་མདོ་སྨད་ཐེ་རོང་གི་ཕྱོགས་ཀྱི་བོད་མི་རྣམས་ཕུང་བྱེད་ཀྱི་ཕུང་འདྲེ་ཡིན་པར་ཁས་ལེན་ནམ། སྤོབས་པ་ཡོད་ན་དྲི་བ་འདི་ལན་ཐད་ཀར་རྒྱོབ་དང་། དེ་ནས་ང་ཚོས་བགྲོ་གླེང་བྱས་ཆོག
ཁྱེད་ཀྱིས་ང་གྲྭ་བ་བཟོ་མཁན་སྤྲུལ་སྐུ་མ་རེད་ཅེས་བ་གོ་བ་ལོན་པ་ནི་རང་ཉིད་ཀྱི་ཞེན་འདོད་ཤུགས་ཆེས་བ་ལས་ཕྲན་གྲྭ་བ་བཟོས་གསུངས་མཁན་གཅིག་ནི་ཨ་ལགས་རྣམ་གྲོལ་རེད། ཁོང་ནི་བླ་མ་རེད་ལ་སྤྲུལ་སྐུའང་རེད། ཡང་གཅིག་བཤད་ན་བོད་མི་རྣམས་གྲྭ་བ་བྱེད་དུ་བཅུག་མཁན་སྤྲུལ་སྐུ་ཡིན་མིན་ནི་ཕྲན་གྲྭ་བ་བཟོ་མཁན་སྤྲུལ་སྐུ་ཡིན་མིན་ལ་རག་ལས་མེད་ཅིང་། དེ་ལྟར་འདོད་པ་ནི་རང་དང་འདོད་པ་མི་མཐུན་མཁན་ལ་ཆེད་མངགས་ཀྱིས་དགག་པ་བྱེད་ཆེད་མིན་ན་སྐུ་ཉིད་རྨོངས་ཞེན་ཆེ་དྲགས་པའི་སྐྱོན་རེད། སྤྲུལ་སྐུ་ཚོས་མི་རེ་རེ་བཞིན་གྲྭ་བ་བྱོས་ཞེས་སྐུལ་མ་བཏང་མི་དགོས་ཤིང་དེ་ལྟར་བཏང་ཡང་ཡོང་ཐབས་མེད། ཐབས་ཤེས་ཀྱི་ལམ་ནས་”དགོན་པ་བརྒྱབ་ན་སངས་བསྟན་དར་ཞིང་། སངས་བསྟན་ཅི་ཙམ་དར་ན་དེ་ཙམ་གྱིས་སེམས་ཅན་གྱི་བདེ་སྐྱིད་དང་ཡུལ་ལུང་ལ་བཀྲ་ཤིས་ཡོང་བའི་གནས་ལུགས་ཁྲི་སྟོང་མང་པོ་བགྲང་ནས་ཡིག་རྨོངས་བོད་པ་ཚོའི་བློ་ཁ་སྒྱུར་བ་རེད། བློ་ཁ་བསྒྱུར་ཏེ་སྦྱིན་བདག་བཙལ་ཞིང་ཅི་འདོད་དུ་དགོན་པ་བརྒྱབས་པ་རེད།” དགོན་པ་ཅི་ཙམ་བརྒྱབས་པ་དེ་ཚོད་ཀྱིས་གྲྭ་བཙུན་འཕེལ་ཞིང་གྲྭ་བཙུན་ལས་སྤྲུལ་སྐུས་མཚན་སྙན་རྒྱས་བས་དབང་ཤུགས་ཐོབ་པ་རེད། དབང་ཤུགས་ཅི་ཙམ་ཐོབ་པ་དེ་ཙམ་གྱིས་མངའ་ཐང་རྒྱས་ཤིང་དཔལ་འབྱོར་ཐོབ་པས་དཔལ་འབྱོར་གྱིས་ཡང་སྐྱར་དགོན་པ་བརྒྱབས་ཤིང་གྲྭ་འབོར་སྤེལ། གྲྭ་འབོར་གྱིས་བོད་འབངས་དབང་སྒྱུར་བྱས་ཞིང་ལྕགས་རྡོ་ལས་ཀྱང་མཁྲེགས་ལ་རྣོ་ལྕགས་ལས་ཀྱང་ལྕི་བའི་སྤྲུལ་སྐུའི་ལམ་ལུགས་བཟོས་བ་རེད། རྒྱུ་མཚན་ནི་གྲྭ་བ་རྣམས་སྤྲུལ་སྐུ་ཚོའི་ཐད་ཀའི་བཏང་འཛིན་འོག་ཏུ་ཡོད་ཅིང་སྤྲུལ་སྐུ་ཚོས་རང་གི་ཁེ་ཕན་གྱི་ཆེད་དུ་གང་འདོད་དུ་བེད་སྤྱོད་བཏང་བཞིན་ཡོད། ངག་ལ་མི་ཉན་མཁན་ཡོད་ན་དབྱུག་རྡུང་བྱེད་པ་དང་དགོན་པ་ནས་རྒྱང་ཕུད་བཏང་བ། དམོད་མོ་བྱེད་ཅིང་སྤྱི་ཚོགས་ཁྲོད་ནས་ནག་པོ་བཟོ་བ་སོགས་ཀྱི་འཇིགས་སྐུལ་སྣ་ཚོགས་སྤྲད་པས། འཇིགས་སྣང་འོག་ཏུ་འཚོ་བའི་གྲྭ་བ་ཚོ་ལ་མཚོན་ན་སྤྲུལ་སྐུའི་ལག་ཆ་ཁོ་ན་ཡིན། སྤྲུལ་སྐུ་ཚོས་རང་གི་ལག་ཆ་བེད་སྤྱོད་བཏང་ཏེ་བོད་ཀྱི་དགོན་སྡེའི་ལམ་ལུགས་སྲོལ་བཏོད་ཅིང་། ལམ་སྲོལ་འདིས་རིམ་བཞིན་གྲྭ་བ་ལ་སྤྲུལ་སྐུ་མཁོ་ཞིང་སྤྲུལ་སྐུར་གྲྭ་བ་མཁོ་བའི་ལམ་ལུགས་བསྐྲུན་པ་རེད། རྒྱུ་མཚན་ནི་དགེ་འདུན་པའི་འཚོ་བརྟེན་དགོན་པ་ཆགས་ཤིང་དགོན་པའི་འཚོ་བརྟེན་སྤྲུལ་སྐུ་ཆགས་པ་མ་ཟད། སྤྲུལ་སྐུའི་འཚོ་བརྟེན་ཡང་དགོན་པ་ཆགས་ཤིང་དགོན་པ་འཚོ་བརྟེན་ཡང་གྲྭ་བ་ཆགས་པའི་རྟེན་འབྲེལ་གྱི་ལམ་སྲོལ་བཟོས་བ་རེད། དེ་ནི་ལས་མི་བཟོ་གྲྭ་བརྟེན་ཞིང་བཟོ་གྲྭ་སྦྱིན་བདག་ལ་བརྟེན་པ་མ་ཟད། སྦྱིན་བདག་བཟོ་གྲྭ་བརྟེན་ཞིང་བཟོ་གྲྭའི་ལས་མི་བརྟེན་པའི་དཔེ་ལས་མ་འདས། ཡིན་ཡང་ཁེ་ཚོང་ཐོབ་མཁན་གྱི་གཙོ་བོ་ནི་སྦྱིན་བདག་ཡིན་པ་བཞིན་དགོན་པ་ལས་ཁེ་ཚོང་ཐོབ་མཁན་གཙོ་བོ་ནི་སྤྲུལ་སྐུ་ཡིན། སྤྲུལ་སྐུ་ལ་རིན་མེད་ཀྱི་གླ་བ་མང་པས་བཟོ་གྲྭའི་སྦྱིན་བདག་ལས་ཀྱང་ཉེན་ཁ་ཆུང་ལ་ ཁེ་སྤོགས་ཆེ། ཁེ་སྤོབས་ཆེ་བའི་ཆོས་ལུགས་ཚོང་པས་བོད་མི་རྣམས་གྲྭ་བ་བཟོ་བའི་ཁོར་གཡུག་རྒྱ་ཆེན་བསྐྲུན་ཞིང་ཁོར་གཡུག་གིས་བོད་མི་རྣམས་ཚོད་མེད་དུ་གྲྭ་བཙུན་བཟོས་ཤིང་རིན་མེད་ཀྱི་གླ་བ་སྒྱུར་བ་རེད། ཁོར་གཡུག་སྐྲུན་མཁན་དང་ལམ་ལུགས་བཟོ་མཁན་གྱི་གཙོ་བདག་སྤྲུལ་སྐུ་ཡིན་པས་སྐུ་སྤྲུལ་རྣམས་ནི་བོད་མི་རིགས་བྲན་གཡོག་ཏུ་བཀོལ་མཁན་གྱི་གཏེ་བོ་དང་རིགས་རྒྱུད་གཅོད་མཁན་གྱི་གཤེད་མ། མགོ་མཁན་བཏང་མཁན་གྱི་དད་དཔོན་ཡིན། སྤྲུལ་སྐུ་ཡིན་ན་སངས་རྒྱས་ཡིན་དགོས་ཤིང་སྐུ་གསུམ་ལས་སྤྲུལ་བའི་སྐུ་ཡིན་དགོས་ཀྱང་བོད་ཀྱི་སྤྲུལ་སྐུ་ནི་མིང་ཙམ་མམ་མི་མང་མགོ་སྐོར་བཏང་བྱེད་ཀྱི་སྤྲུལ་སྐུ་ཡིན་པ་ལས་སངས་རྒྱས་མིན། སངས་རྒྱས་ཡིན་ན་སྒྲིབ་གཉིས་སྤངས་བའི་མཁྱེན་བརྩེའི་བདག་ཉིད་ཡིན་དགོས་ཀྱང་། བོད་ཀྱི་སྤྲུལ་སྐུ་རྣམས་ནི་དེ་ལས་ལྡོག་སྟེ་འཛིན་གྲྭའི་ནང་ནས་ཀྱང་སྤྱོད་པ་ལེགས་ཤོས་དང་དཔེ་ཆ་ཡག་ཤོས་གྲས་སུ་སླེབས་མཁན་དཀོན། དེ་བརྟེན་སྐྱེས་སྐུ་ཡིན་པ་ལས་སྤྲུལ་སྐུ་མིན། སྤྲུལ་སྐུ་མིན་ཡང་སྤྲུལ་མིང་འཛིན་པ་ནི་མི་མང་མགོ་སྐོར་བཏང་ཆེད་རེད། མི་མང་མགོ་སྐོར་བཏང་ན་ཉེས་བ་མ་རེད་དམ། ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་སྐྱེས་སྐུ་རྣམས་ཀྱིས་དཀའ་ལས་ཅི་ཡང་བྱེད་མི་དགོས་བ་གློ་བུར་ཐོལ་རྒྱག་གིས་གྲྭ་རྒན་པ་རྣམས་ཀྱི་སྒང་དུ་སླེབས་པ་ནི་རྒྱུ་འབྲས་དང་མི་མཐུན་ལ། འཇིག་རྟེན་མི་ཆོས་དེ་བས་མི་མཐུན་པའི་བྲན་གཡོག་ལམ་ལུགས་ཀྱི་ནད་རོ་ཤིག་རེད། ནད་རོ་འདི་བོད་པ་རྣམས་འགྱེད་ས་ནས་ལངས་མི་ཐུབ་པའི་རྩ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཆགས་ཡོད་པས་དེ་བཅོས་མིན་ནི་བོད་མི་རྣམས་ཀྱི་རྟོགས་སེལ་གྱི་ནུས་བ་ཁོ་ན་ལ་རག་ལས་བ་སེམས།
༼གང་ལྟར་ཀྱང་སྐད་ཆ་དེ་ནི་ཁྱེད་ལ་རི་བོང་གནམ་སྡིབས་ཀྱི་སྡུག་བསྔལ་རེད། ༽ རི་བོང་གནམ་རྡིབ་ཀྱི་སྡུག་ངལ་ཡིན་པ་ཁས་ལེན་མེད་དེ། དགེ་འདུན་གྱི་སྡེ་འཕེལ་ན་མི་འབོར་འཕེལ་རྒྱས་ལ་གནོད་ཅིང་ད་ལྟའི་བོད་ཀྱི་བརྒྱ་ཆའི་བཅོ་ལྔའི་ཡན་དགེ་འདུན་པ་ཡིན། རྒྱུ་མཚན་ནི་སྐྱེས་དགུའི་མདོ་ལ་མི་འབོར་ཁྲི་ཚོ་བཅུ་གསུམ་ལས་མེད་ཀྱང་། དགེ་འདུན་གྱི་གྲངས་ཚད་གཉིས་ཁྲི་ལས་བརྒལ་བས་གནས་ཚུལ་དེའི་སྟེང་ནས་བོད་ལ་དགེ་འདུན་པ་འབུམ་བརྒྱད་ཙམ་ཡོད་པ་ཚོད་སྒོམ་བྱེད་ཐུབ། དེ་ལྟར་སོང་ཚེ་མི་ལོ་ལྔ་བཅུ་ནང་མི་འབུམ་བརྒྱད་ག་སོང་ཆ་མེད་དུ་འགྱུར་ཞིང་། ལོ་བརྒྱ་ཡི་ནང་ས་ཡ་གཅིག་དང་འབུམ་དྲུག་སྟོང་ལ། ལོ་གཉིས་བརྒྱའི་ནང་ཡ་ས་གསུམ་དང་འབུམ་གཉིས་མེད་པར་ཆགས་པས་དེ་ནི་བོད་ཀྱི་ད་ལྟའི་མི་འབོར་གྱི་ཕྱེད་ཀ་རེད། འདི་ལྟར་ལོ་བརྒྱད་ཙམ་ཕྱིར་ནུར་གྱིས་བརྩིས་ཤིག་རྒྱབ་ཚེ་མི་འབོར་ས་ཡ་བཅུ་གཉིས་དང་འབུམ་བརྒྱད་ག་སོང་ཆ་མེད་དུ་གྱུར་པས། དེ་ནི་བོད་ལ་མཚོན་ན་ཆེས་གྱོང་གུད་ཅིག་མ་ཡིན་ནམ། ཡིན་ཏེ། བོད་ལ་ཆབ་དཔལ་རིག་གསུམ་གྱི་སྟེ་གནས་གྲོང་ཁྱེར་ཚད་ལྡན་ཞིག་བྱུང་མ་ཐུབ་པ་ནི། གྲོང་ཁྱེར་གྱི་རྒྱུ་ཆ་མིའི་མ་འདངས་བས་ཡིན་ཞིང་། མ་འོངས་བར་ཡོང་ཐབས་དཀའ་སྟེ། བོད་ཀྱི་ས་ཆ་དང་བསྡུར་ན་མི་འབོར་ཆེས་ཉུང་ཞིང་། གྲོང་ཁྱེར་དེ་ལྟར་བྱུང་བར་མ་མཐར་ཡང་མི་འབོར་ས་ཡ་གཅིག་ཙམ་དགོས། དེ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་ངལ་རེད་དམ། རང་ཉིད་ཁོ་ན་དང་སྐུ་སྐྱེས་ཚོའི་ཁེ་ཕན་བསམ་པའི་ཁྱེད་ལ་མཚོན་ན་དེ་ལྟར་ཡིན་སྲིད་ཀྱང་། བོད་མི་རིགས་ཀྱི་མ་འོངས་བ་བསམ་མཁན་ཞིག་ལ་མཚོན་ན་ཆེས་གྱོང་གུད་ཅིག་ལས་དོན་མེད་སེམས་སྡུག་ཅིག་ག་ལ་ཡིན།
༼ གཟིགས་དང་སྤྲུལ་སྐུ་ཕལ་མོ་ཆེ་ནི་བོད་མི་རིགས་ཀྱི་ནང་བསྟན་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་རེད། སྤྲུལ་བའི་སྐུ་རྣམས་ནི་བསྟན་དོན་དུ་བྱོན་པ་ཤ་སྟག་རེད། སྤྲུལ་བའི་སྐུའི་མཛད་པ་ནི་གང་ཟག་ཕལ་བ་ཞིག་དང་བསྡུར་ཐབས་བྲལ། ཁྱེད་ལྟ་བུའི་ལས་མ་དག་པ་དེ་ཚོའི་བློས་སྤྱོད་ཡུལ་མིན། ༽ དེ་ནི་སྔོན་ནས་ད་བར་དུ་སྐུ་སྐྱེས་ཚོས་མང་ཚོགས་ལ་མགོ་སྐོར་བཏང་བྱེད་ཀྱི་སྐད་ཆ་ཞིག་རེད། སྐད་ཆ་འདི་ལ་ལྟར་སྣང་དུ་གནས་ལུགས་ཡོད་པ་འདྲ་ཡང་དོན་དམ་དུ་དཔྱད་ན་རྒྱུ་མཚན་ཅི་ཡང་མེད། སྤྲུལ་སྐུ་རྣམས་བསྟན་དོན་དུ་བྱོན་པ་བདེན་ན་སྐྱེས་འཆི་རང་དབང་དང་། འདི་ཕྱིའི་ཆོས་ཀུན་གཟིགས་དགོས་ཀྱང་སྐྱེས་འཆི་རང་དབང་མ་དགོས་ཚན་རིག་པའི་མདུན་དུ་སྐུ་སྐྱེས་སུས་ཀྱང་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་དཔང་པོ་བྱེད་ཐུབ་མེད། སྐྱེས་བ་སྔ་ཕྱི་མ་ལྟ་ཅི་རྣམ་ཤེས་ཀྱི་གང་དུ་ཡོད་མེད་གསལ་ཁ་དོད་ནས་གསུངས་མཁན་བྱུང་མེད། ཚན་རིག་པ་སྐུ་མདུན་གྱི་གམ་དུ་ཡོང་ནས་རྣམ་ཤེས་ཡོད་མེད་ཀྱི་བཀའ་བསྡུར་ལན་མང་གནང་ཡང་སྐུ་མདུན་གྱིས་ཚན་རིག་པའི་མདུན་དུ་རྣམ་ཤེས་ཀྱི་ཕུང་བོ་ཡང་དག་ཅིག་འཇོག་མ་ཐུབ་མེད་ལ། འཇིག་རྟེན་གྱི་ཆོས་དཔོན་སུས་ཀྱང་དེ་ལྟར་འཇོག་མ་ཐུབ་པས་ཚན་རིག་པས་རྣམ་ཤེས་ཡོད་མེད་ཀྱི་དཔང་པོ་ད་དུང་ཡང་རྙེད་མེད། དེ་ནི་གཞན་གྱི་ཟེར་སྒྲོས་དང་ར་བཟིའི་སྐད་ཆ། རྨི་ལམ་དང་སེམས་ཁམས་རྣལ་དུ་མ་གནས་བ། དག་སྣང་དང་ངག་རྒྱུན་ཙམ་གྱི་མྱོང་བ་མ་ཡིན་ཞིང་དངོས་རྒྱུད་ཀྱི་མྱོང་སྣང་དགོས་བས་གསུངས་དང་ཀྱེ། ཁྱེད་ཀྱིས་སྐྱེས་བ་སྔོན་མ་དང་རྣམ་ཤེས་ཡོད་མེད་ཤེས་ན་གསུངས་དང་། ཁྱེད་ཀྱིས་སྤྲུལ་སྐུ་བསྟན་དོན་དུ་བྱོན་པ་ཁ་གསལ་ཤེས་ཡོད་ན་རྒྱུད་རིམ་རྣམས་ཞིབ་པ་གསུངས་དང་། ཁྱེད་ཀྱི་སྐྱེས་པ་སྔོན་མ་སུ་ཞིག་རེད། ང་ནི་ཁྱེད་ཀྱིས་བཤད་པ་ལྟར་ལས་མ་དག་ཅིང་། སྐྱེས་བ་སྔོན་མ་དྲན་པའི་ནུས་བ་མེད་པས་སྤྲུལ་སྐུ་ཚོ་བསྟན་དོན་དུ་བྱོན་པའང་ཤེས་ཀྱི་མེད། མ་ཤེས་བས་ཡིད་ཆེས་མེད། ཁྱེད་ལ་དེ་ལྟར་རྟོགས་པའི་ནུས་པ་ཡོད་ན་ང་ལ་ཡིད་ཆེས་འཕེལ་བའི་བདེན་དཔང་བྱོས་དང་། དེས་མི་མང་པོ་ཞིག་ལ་ཕན་ཐོག་གི་རེད། དེ་ལྟར་བྱེད་མ་ཐུབ་ན་ཁྱེད་ཀྱིས་རང་ཉིད་མགོ་སྐོར་བཏང་བ་མ་ཟད་བོད་མི་རིགས། འཇིག་རྟེན་གྱི་མི་ཀུན་ལ་མགོ་སྐོར་བཏང་བ་རེད། མགོ་སྐོར་བཏང་རྒྱུ་ནི་སངས་བསྟན་གྱི་དགོངས་པ་མིན་པ་མ་ཟད། མི་ཆོས་བླ་མའི་ཆོས་རྫུན་དུ་འགྱུར་བས་སྡོམ་པ་ཤོར་བ་མ་རེད་དམ།
༼མཚམས་འདི་ནས་ངས་ཁྱེད་ལ་དྲི་བ་ཞིག་འདྲི་འོ་ན་སྤྲུལ་སྐུ་བོད་ཕུང་བྱེད་ཡིན་པ་ཁས་ལེན་ན་ཀིརྟི་སྤྲུལ་སྐུ་ཡང་མདོ་སྨད་ཐེ་རོང་གི་ཕྱོགས་ཀྱི་བོད་མི་རྣམས་ཕུང་བྱེད་ཀྱི་ཕུང་འདྲེ་ཡིན་པར་ཁས་ལེན་ནམ། སྤོབས་པ་ཡོད་ན་དྲི་བ་འདི་ལན་ཐད་ཀར་རྒྱོབ་དང་། དེ་ནས་ང་ཚོས་བགྲོ་གླེང་བྱས་ཆོག༽ ཁྱེད་ཀྱི་མནོ་བསམ་ནག་པོའི་འཆར་གཞི་འདི་ལ་ངས་ལན་འདེབས་བྱེད་འདོད་མེད། རྒྱུ་མཚན་ནི་ང་ནི་མི་གཞན་གྱི་འཆར་གཞི་ལྟར་འགྲོ་མཁན་ཞིག་མིན་པ་མ་ཟད། དྲི་བ་འདི་གོང་གི་ཁྱེད་ཀྱི་དྲི་བ་ལྟར་གཞན་ལྟར་ལུགས་མཐུན་གྱི་རིན་ཐང་མེད་པས་ཡིན། བླ་མ་ཀིརྟི་སྤྲུལ་སྐུ་ཡིན་པ་བདེན་ཡང་། སྤྲུལ་སྐུ་ཡིན་ན་ཀིརྟི་རིན་པོ་ཆེ་ཡིན་པས་མ་ཁྱབ་པས་བླ་ཆེན་རེ་ཟུང་དང་སྐུ་སྐྱེས་རེ་ཟུང་ལ་དགག་པ་རྒྱག་པ་ཙམ་གྱིས་སྤྲུལ་སྐུ་ལམ་ལུགས་ལ་གནོད་སྐྱོན་བཏང་མི་ཐུབ་ཅིང་། དེ་ལས་ལྡོག་སྟེ་ལྡོག་ཕྱོགས་ཀྱི་འཇུག་འབྲས་བྱུང་པས་ཡིན། རྒྱུ་མཚན་ནི་གཡོ་ཅན་བོད་མི་ཁག་ཅིག་གིས་རང་གི་ཁེ་ཕན་ཆེད་དུ་ཕག་བྱི་ལ་མ་གཏོགས་ཡང་སྲིད་ངོས་འཛིན་བྱེད་པས་རེ་ཟུང་གི་མཚན་ནས་བོས་ཞིང་དགག་པ་རྒྱག་རྒྱུ་ནི་དྲང་བདེན་མ་རེད་ལ། གནས་ལུགས་དང་དེ་བས་མི་མཐུན་པ་མ་ཟད་བསམ་བློ་བཏང་ཤེས་མཁན་ཞིག་གི་བྱེད་སྟངས་མ་རེད། སྤྲུལ་སྐུ་ལམ་ལུགས་ལ་མོས་གུས་མེད་མཁན་ཚོ་རྐང་གཙུགས་ནས་སྤྲུལ་སྐུའམ་སྐུ་སྐྱེས་རེ་ཟུང་གི་མཚན་ནས་བཟུང་ཞིང་། དགག་པ་རྒྱག་ཏུ་བཅུག་སྟེ་སྒེར་འཁོན་གྱི་སྟེང་དུ་རྩ་མེད་བཟོ་རྒྱུ་ནི་སྤྲུལ་སྐུའི་ལམ་ལུགས་ལས་ཁེ་ཕན་ཐོབ་མཁན་གྱི་གཡོ་ཅན་བོད་མི་ཁག་ཅིག་གི་མངོན་འདོད་ཡིན་ཡང་། དེ་དག་ནི་སྒེར་ནད་སློང་བྱེད་ལས་སྤྲུལ་སྐུའི་ལམ་ལུགས་ལ་གནོད་སྐྱོན་བཏང་པའི་ནུས་བ་མེད་པ་དཔྱོད་ལྡན་རྣམས་ཀྱིས་སྔ་ས་ནས་རྟོགས་ཟིན་པས་གཞན་གྱི་འཆར་གཞི་ལྟར་འགྲོ་རྒྱུ་མ་རེད།
༼ཁྱེད་ཀྱིས་ཇི་ཙམ་སྤྲུལ་སྐུ་ཚོའི་ཐོག་ལ་ག་ཚོད་ཀྱིས་བརྒོལ་བ་དེ་ཚོད་ཀྱིས་རང་ཉིད་བོད་མི་རིགས་ཀྱི་མི་གྲལ་ནས་ཕུད་འགྲོ་བ་ལས་གང་ཡང་མེད།༽ འདི་ནི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ངོས་མ་ཟིན་ཞིང་བོད་མི་རིགས་ཀྱི་མི་རབས་གསར་བ་ཚོའི་སེམས་ཁམས་རྣལ་མ་རྟོགས་མ་ཐུབ་པའི་སྐྱོན་དུ་གནས། ད་ལྟ་བོད་སྤྱི་ཚོགས་འདི་གཉིད་ལས་སེལ་བཞིན་ཡོད་པས་ཁྱེད་ཀྱི་སྐད་ཆ་ལྟར་ཚད་ལྡན་གྱི་བདེན་དཔང་ཅི་ཡང་མེད་པ་བསྟན་དོན་བྱོན་ཚུལ་གྱི་སོགས་ཀྱི་དབང་སྒྱུར་གྲལ་རིམ་གྱི་སྐད་ཆ་རྙིང་པ་སྐྱར་ཟློས་བྱས་ན། ཡིད་ཆེས་བྱེད་མཁན་ལྟ་ཅི་གད་སྙིགས་སུ་འགྲོ་ངེས་རེད། རྒྱུ་མཚན་ནི་བོད་མི་རྣམས་ནམ་ཡང་ཡིག་རྨོངས་བྱས་ནས་འདུག་མི་ཐུབ་ཅིང་། མགོ་སྐོར་བཏང་ཆོག་ཆོག་བྱས་ན་དེ་བས་འདུག་རྒྱུ་མ་རེད། ཕྲན་གྱི་བཤད་པའི་སྐད་ཆ་འདི་དག་བདེན་པ་ཡིན་པ་མ་ཟད་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས་བགྲོད་ལམ་ལ་དཀའ་ཚགས་ཅི་ལྟར་ཆེ་ཡང་སྔ་ཕྱི་ཙམ་མ་གཏོགས་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཡོད་ལ། བོད་མི་རིགས་དང་བདེན་པའི་ཆེད་དུ་ཁེ་རྐྱང་དུ་སྡོད་དགོས་བྱུང་ཡང་གནོད་འགྱོད་མེད། ཁྱེད་ཀྱི་སྐད་ཆ་དེ་ལྟར་ཡོང་བ་སྔ་ནས་ཤེས་ཞིང་ལན་འདེབས་བྱེད་རིན་མེད་པ་སྒོམ་ནས་རེ་ཞིག་བཏང་སྙོམས་སུ་བཞག་ཀྱང་། གཡག་བསད་པའི་སྟེང་དུ་སྔ་མ་ངོམས་པའི་དཔེ་ལྟར་རྫུན་བཤད་པའི་སྒང་ལ་ངོམ་སོ་བྱེད་པས་གོང་གི་གནད་དོན་གྱིས་གལས་བཤད་་བྱས་བ་ཡིན།
གསལ་བཤད། སྐུ་སྐྱེས་རྣམས་ནི་སྤྲུལ་སྐུ་མིན་ཡང་ཕན་ཚུན་གོ་བརྡ་ཡག་པོ་འཕྲོད་སླད་ཐ་སྙད་འདི་བེད་སྤྱོད་ཁ་ཤས་བཏང་བ་ཡིན།
རིན་མེད་ཀྱི་གླ་བ་ཚོས་རང་གི་ཐོབ་ཐང་དང་ལས་གླ་མ་རྩོད་ན་སྤྲད་མཁན་མེད་ཅིང་། ལོ་ངོ་བརྒྱད་བརྒྱ་ལྷག་ལ་མ་སྤྲད་པའི་གླ་ཞིག་མ་རྩོད་ན་དེ་བས་སྤྲད་མཁན་ཡོད་པ་མ་རེད། ནུབ་ཕྱོགས་སྤྱི་ཚོགས་ཡིན་ན་ལས་མིའི་ཐོབ་ཐང་རྩོད་མཁན་གྱི་གཞུང་གི་སྒྲིག་འཛུགས་དང་འཚོགས་པ་ཡོད་ཀྱང་། བོད་དང་ཤར་ཕྱོགས་པའི་ལུང་པ་མང་པོ་དེ་ལྟར་མེད་པས་དགོན་བདག་དང་སྦྱིན་བདག་ཚོས་ཅི་འདོད་བྱེད་ངེས་རེད།
ཨ་ནུ་ཐང་བ་ལགས། ཁྱེད་རང་མི་དྲང་མོ་ཞིག་གཏན་ནས་མ་རེད། ངས་ཁྱེད་ལ་བསམ་ཚུལ་བརྗེས་རེས་ཀྱི་ཚུལ་དུ་བགྲོ་གླེང་ཞིག་བྱེད་འདོད་ཀྱང་། ཐ་མ་ཁྱེད་རང་རང་ངོས་ནས་འཁྱོག་སོང་། དང་པོ་ཁྱེད་ཀྱིས་བོད་ཀྱི་སྤྲུལ་སྐུ་ཡིན་ཚད་ལ་བོད་མི་རིགས་ཀྱི་ཕུང་འདྲེ་ཡིན་ཚུལ་བརྗོད་བྱུང་། དེ་ནས་ངས་ཁྱེད་ལ་དྲི་བ་ཞིག་བཀོད་པ་དང་། རང་ཉིད་སྐྲག་སྣང་ཞིག་སྐྱེས་ནས་ལམ་སང་སྤྲུལ་སྐུ་རེ་ཟུང་ཟེར་པའི་ཚིག་དེ་ཁ་ནས་རང་བཞིན་གྱིས་ཐོན་སོང་བ་དེ་ནི་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་ལ་དཔག་ཚད་མང་པོ་འགྱུར་བ་འགྲོ་སོང་། དེ་འདྲའི་ཞེས་འདོད་ཡོད་་ན་དང་པོ་ནས་ཁ་གསལ་པོ་བཟོས་ན་ཡག་གི་རེད། འོན་ཀྱང་རང་ཉིད་ཀྱིས་རང་ཉིད་ཀྱི་སྐད་ཆ་ལ་འགན་ཁུར་མ་ཐུབ་པ་ཞིག་གི་རང་རྟགས་ངོམ་སོང་། དེས་རྗེས་སོར་བློ་ཕྱོགས་སུ་མ་ལྷུང་བྱེད་གལ་ཆེ།