སྐྱེས་སར་ཀླུ་སྒྲུབ་ཀྱིས་བཏུས།
རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་ནི་ཕྱི་ལོ་ ༡༩༠༨ ཟླ་བ་ ༧ ཚེས་ ༧ ཉིན་ལྷ་སར་ཡབ་ཞྭ་སྒབ་པ་ལྷ་ཕྱགས་བཀྲིས་ཕུན་ཚོགས་དང༌། ཡུམ་བསམ་འགྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ནང་མིའི་གཟིགས་སྐྱོང་འོག་བོད་ཀྱི་སྐད་ཡིག་དང༌། བརྡ་སྤྲོད། ཨང་རྩིས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྣམས་ལ་སློབ་གཉེར་གནང་བ་དང་ཆབས་ཅིག ཡབ་མེས་རྣམ་པའི་འགྲོ་སྲོལ་ལྟར་ཆུང་དུས་ནས་གྲགས་ཅན་མི་སྣའི་རྣམ་ཐར་དང་ལོ་རྒྱུས་སོགས་ལ་ཐུགས་སྣང་ཤུགས་ཆེ་གནང༌། དགུང་ལོ་ཉི་ཤུ་རྩ་གསུམ་སོན་སྐབས་བོད་ཀྱི་གཞུང་ཞབས་སུ་འཛུལ་ཞུགས་གནང་སྟེ་རིམ་བཞིན་གཞུང་ཞབས་གནས་རིམ་གོམ་པ་རིམ་འཛེགས་ཀྱིས་མཐར་ཕྱི་ལོ་ ༡༩༣༩ ལོར་བོད་གཞུང་གི་རྩིས་དཔོན་དུ་སྐོ་བཞག་ཐོབ་པ་ནས་བཟུང༌། ཕྱི་ལོ་ ༡༩༥༡ བར་བོད་གཞུང་རྩིས་དཔོན་གྱི་ཞབས་ཕྱི་ཞུས། ཁོང་གིས་བོད་གཞུང་གི་གྲྭ་བཞི་དངུལ་ཊམ་བཟོ་སྐྲུན་ཁང་གི་འགན་འཛིན་དང༌། བོད་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་གཙོ་ཡང་གནང་ཁར། བོད་གཞུང་གི་མགྲིན་ཚབ་པ་དབང་ཚད་ཆེ་ཤོས་ཀྱི་ཐུགས་འགན་བཅས་བཞེས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་གང་མང་ཐོག་གཙོ་འགན་བླ་མེད་ཁུར་ཡོད། ཁོང་སྐུ་ཚེ་རིང་པོ་བཞུགས་ཐུབ་ཡོད་ཅིང་བོདཀྱི་རྒྱལ་རབ་ལོ་རྒྱུས་ཐོག་ངེས་པར་འགོད་དགོས་ངེས་ཀྱི་བྱས་པ་ཅན་གྱི་མི་སྣ་ཞིག་གལ་ཆེན་ཞིག་ཡིན། ཞྭ་སྒབ་པ་ཁོང་རང་གི་ཁུ་བོ་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༡༩༣༡ ལོར་དེ་སྔ་དབྱིན་བོད་རྒྱ་གསུམ་མཉམ་སྦྲེལ་གྱིས་བཞག་པའི་སིམ་ལའི་ཆིངས་ཡིག་གི་ངོ་བཤུས་སོགས་གནང་སྟེ་རྒྱ་བོད་གཉིས་ཀྱི་རྙོག་གླེང་གི་སྐོར་ངོ་སྤྲོད་ཐོག་མར་གནང་བ་དང༌། དེ་ཡང་ཉིན་གཅིག་ཁོང་ཁྲི་སྨོན་གྱིས་ནང་དུ་སྐད་བཏང་ནས་སིམ་ལའི་ཆིངས་ཡིག་གི་ཡིག་ཆ་དང༌། ས་ཁྲ། མཇལ་དར་དང་བཅས་ཁོང་གི་ཕྱག་ཏུ་གནང་ནས་དུས་རབས་ཀྱི་གཟིགས་རྟོགས་དང༌། ཆབ་སྲིད་ཀྱི་འགྱུར་འགྲོས་གང་ཅིར་རྣམ་དཔྱོད་ལྡན་པའི་སྔོན་དཔག་བྱས་ཏེ། ཞྭ་སྒབ་དབང་ཕྱུག་བདེ་ལྡན་མཆོག་ལ་ཡིག་ཆ་དང་ས་ཁྲ་འདི་ཚོར་ཉམས་ཞིབ་ཡག་པོ་གནང་སྟེ་བོད་ཀྱི་སྲིད་དོན་རྒྱལ་རབས་ཤིག་རྩོམ་འབྲི་གནང་ཐུབ་ན་འཕྲལ་ཕུགས་གང་ཅིར་བོད་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས་རེད་ཅེས་སྐུལ་མ་བྱས་ཡོད། ཕྱིས་སུ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་ཀྱིས་གསུངས་གསལ་ལ། ཁུ་བོས་ཡིག་ཆ་དང་ས་ཁྲ་སོགས་གནང་བའི་སྐབས་དེར་རང་ཉིད་ལོ་ན་འཕྲ་བས་ཁོང་གི་བཀའ་སློབ་དང་ཡིག་ཆ་རྣམས་དེ་ཙམ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་མེད་ཅེས་གསུངས། ཡིན་ན་ཡང་ཕྱི་ལོ་ ༡༩༤༦ ལོར་ཞྭ་སྒབ་པ་ནང་མི་མཉམ་དུ་རྒྱ་གར་དུ་གནས་སྐོར་དུ་ཕེགས་སྐབས་རྒྱ་གར་མི་དམངས་ཀྱིས་དབྱིན་ཇིར་ངོ་རྒོལ་ཤུགས་ཆེར་བྱས་ཏེ་རང་བཙན་འཐབ་རྩོད་བྱེད་བཞིན་པ་གཟིགས་པ་དང༌། རྒྱ་གར་གྲོང་འཁྱེར་བོམ་བྷེ་མུམ་བེ ནས་སྐུ་ཞབས་ཇ་བ་ཧར་ལལ་ནེ་རུ་དང༌། སཱ་དར་པ་ཊེལ་དང༌། ས་རོ་ཇི་ནི་ནེ་རུ་སོགས་ནས་གསུངས་བཤད་གནང་བ་ཁག་ཁོང་གིས་གསན་རྗེས་སྤྱི་བྱེའི་གནས་སྟངས་གང་ཅིར་གོ་རྟོགས་ཆེན་པོ་སད་དེ། ཕྱིར་ལྷ་སར་འཁོར་མཚམས་ཁོང་གིས་བོད་གཞུང་འབྲེལ་ཡོད་མི་སྣར་བོད་རང་བཙན་ལ་སྲུང་སྐྱོབས་བྱེད་དགོས་པདང༌། རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་དགོས་པའི་སྐུལ་ལྕགས་ནན་པོ་བྱས་ཡོད། དེ་རྗེས་ཕྱི་ལོ་ ༡༩༤༧ ཟླ་བ་ ༡༡ ནང་ཞྭ་སྒབ་པས་སྣེ་འཁྲིད་འོག་མཁན་ཆུང་ཆང་ཁྱིམ་པ་ཐུབ་བསྟན་ཐུབ་བསྟན་ཚེ་དཔལ་དང༌། གྲོ་སྤྱི་རིམ་བཞི་སྤོམ་མདའ་བ་བློ་བཟང་ཡར་འཕེལ། སྐད་སྒྱུར་དབུས་མདའ་ཟུར་ཁང་སྲས་ལྷ་དབང་སྟོབས་རྒྱལ་བཅས་ལས་གྲུབ་པའི་བོད་ཀྱི་ཚོང་དོན་སྐུ་ཚབ་ཐོག་མ་དེ་ལྷ་ས་ནས་རྒྱ་གར་དུ་ཕེབས་ཐོན་གྱིས་རྒྱ་གར་དབང་འཛིན་པ་དབྱིན་གཞུང་སྐུ་ཚབ་ Viceroy Lord Mountain དང༌། སྲིད་བློན་ Jawaharlal Nehru དང༌། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ K.. P. S Menon དང༌། ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་ D.H Dayal དང༌། Mahatma Gandhi བཅས་དང་མཇལ་འཕྲད་གནང། སྲིད་བློན་ནེ་ཧ་རུ་མཆོག་ནས་རྒྱ་གར་དང་བོད་གཉིས་ཀྱི་བར་ཚོང་འབྲེལ་མ་ཚུགས་སྔོན་ཆིངས་ཡིག་འཇོག་དགོས་པའི་བསམ་ཆུལ་བོད་ཀྱི་སྐུ་ཚབ་ཚོར་གསུངས་ཤིང༌། སྐུ་ཞབས་ཞྭ་སྒབ་པས་ལྷ་སར་ཏར་བཏང་སྟེ་བོད་གཞུང་ལ་འབྲེལ་གཏུགས་གནང་བར་བཀའ་ལན་དངོས་གང་ཡང་མེད་པར་ཁོང་ཨ་རིར་ཕེབས་དགོས་སྐོར་གསུངས་པ་རེད། ཕྱི་ལོ་ ༡༩༤༨ ལོར་ ཟླ་ ༡ ཚེས་ ༣༡ ཉིན་ཧོང་ཀོང་དང་ཤང་གྷའི་བརྒྱུད་སྐུ་ཚབ་རྣམས་ནན་ཅིང་ལ་འབྱོར། རྒྱ་ནག་གི་ཅང་ཇེ་ཧྲིས་གཙོས་རྒྱ་ནག་གི་དཔོན་རིགས་ཁག་མང་པོ་ཞིག་མཉམ་དུ་ཐུགས་འཕྲད་གནང༌། རྒྱ་མིས་བོད་པས་ཕྱི་རྒྱལ་དང་འབྲེལ་བ་བྱས་པ་ཡིན་ན་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་འགལ་རྐྱེན་བཟོ་བའི་ཉེན་ཁ་ཡོད་པར་མཐོང་སྟེ། རྒྱ་མིས་བོད་ཀྱི་སྐུ་ཚབ་རྣམས་ཨ་རི་དང་དབྱིན་ཡུལ་སོགས་ཕྱི་རྒྱལ་ཁག་ཏུ་བསྐྱོད་རྒྱུར་འགོག་ཐབས་བྱས་ཤིང། རྒྱ་ནག་གི་ལག་འཁྱེར་ཐོག་ནས་འགྲོ་དགོས་རྒྱུའི་སྐུལ་མ་བྱས་ཡོད་ཀྱང་སྐུ་ཚབ་རྣམ་པས་གསན་འཇོག་གནང་མེད། ཕྱི་ལོ་ ༡༩༤༨ ཟླ་བ་ ༦ ཚེས་ ༢༣ ཉིན་བོད་ཀྱི་ཚོང་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཨ་རིར་འབྱོར་ཡང༌། རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་ཁོང་ཚོ་ཨ་རིའི་སྲིད་འཛིན་ Truman དང་མཇལ་འཕྲད་གནང་ཐུབ་མེད། དེ་ལྟ་ནའང་རྒྱ་ནག་གི་གནོན་ཤུགས་ལ་མི་ལྟོས་པར་ཨ་རིའི་དྲུང་ཆེས་བོད་ཀྱྀ་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། ཁོང་གིས་བོད་ཀྱི་ཐོག་ལ་དམིགས་བསལ་དོ་སྣང་གི་རྣམ་པ་བསྟན་ཡོད་པ་དང༌། ཚོགས་མི་ཚོ་དང་ཐུགས་འཕྲད་བྱུང་བར་དགའ་པོ་བྱུང་ཞེས་གསུངས། སྐུ་ཚབ་ཚོགས་མི་ཚོས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་(Bureau of International Trade) ཀྱི་ཚོགས་གཙོ་སྐུ་ཞབས་ George Marshall མཆོག་དང༌། ཚོང་དོན་(Commerce) དྲུང་ཆེའི་ལས་རོགས་སྐུ་ཞབས་ Thomas Blasdell མཆོག ཕྱི་རྒྱལ་ཚོང་དོན་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ Henry Dempey བཅས་དངམཉམ་དུ་ཚོང་འབྲེལ་གྲོས་ཆོད་བཞག ཨ་རི་གཞུང་ནས་དེ་སྐབས་རྒྱ་གར་དང་དབྱིན་ཇིའི་འབྲེལ་ལམ་བརྒྱུད་བོད་ནས་བལ་དང་སེམས་ཅན་གྱི་པགས་པ་ཉོ་རྒྱུ་མང་རུ་གཏོང་རྒྱུ་ཁས་ལེན་བྱས་པ་དང། དེའི་ཚབ་ཏུ་བོད་གཞུང་གི་དངུལ་ལོར་གྱི་རྒྱབ་རྟེན་གསེར་དངུལ་གསོག་འཇོག་མང་ཏུ་གཏོང་ཆེད་ཨ་རི་ནས་གསེར་དང་དངུལ་ལེན་རྒྱུར་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་སྙན་སེང་ཞུས། སྐུ་ཚབ་རྣམས་ནས་ཀོལམ་བི་ཡ་མཐོ་སློབ་ཀྱི་ཚོགས་གཙོ་གནང་མྱོང་ཞིང༌། དམག་ཆེན་གཉིས་པའི་སྐབས་དམག་སྤྱི་གནང་བ་ཕྱིས་སུ་ཨ་རིའི་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་སྐུ་ཞབས་ General Dwight D. Eisenhower མཆོག་དང་མཇལ་འཕྲད་གནང་བ་དང༌། ཁོང་དེ་སྔོན་དམག་གི་སྐབས་ཨ་རིའི་གནམ་གྲུ་ཞིག་བོད་སར་འབབ་དགོས་བྱུང་སྐབས་གནམ་གྲུའི་ནང་ཡོད་པའི་མི་ལྔ་བོ་བོད་གཞུང་ནས་རོགས་རམས་གནང་བར་ཐུགས་རྗེ་ཆེ་ཞེས་སྐུ་ཚབ་ཚོར་ཞུ་སྐུར་གནང་བ་རེད། དེ་ནས་སྐུ་ཚབ་རྣམས་ནུབ་ཕྱོགས་བདེ་སྲུང་དམག་ཁང་གསར་འཛུགས་སྐྱོང་བྱས་པ་ཡོད་པ་དེར་གཟིགས་སྐོར་དུ་གདན་འདྲེན་ཞུས་ཤིང༌། དེར་བོད་དུ་ཕེབས་མྱོངས་ཡོད་པ་ Colonel Ilia Tolstoy དང་ Suydam Cutting སོགས་གྲོགས་པོ་སྙིང་པ་རྣམས་ཀྱིས་ཕེབས་བསུ་བྱས།
དབྱིན་ཡུལ་དུ་ཕེབས་སྐབས་སྐུ་ཚབ་རྣམ་པས་དབྱིན་ཇིའི་སྲིད་བློན་ Attlee དང༌། ཕྱི་སྲིད་བློན་ཆེན་དང་ཚོང་དོན་བློན་ཆེན་བཅས་དང་མཇལ་འཕྲད་ཀྱིས་ཚོང་དོན་སྐོར་གྲོས་མོལ་གནང༌། དེ་བཞིན་སྐུ་ཞབས་ Sir Winston Churchill དང༌། དེ་བཞིན་ Major Bailey, Sir Basil Gould, Hopkinson Major Sherab Charles Bell གི་བུ་མོ་སོགས་དེ་སྔ་བོད་དུ་ཕེབས་མྱོང་བའི་མི་སྣ་ཁག་ཅིག་དང་ཡང་མཇལ་འཕྲད་གནང༌། དེ་ནས་སྐུ་ཚབ་རྣམས་France Switzerland, Italy, Egypt བརྒྱུད་རྒྱ་གར་དུ་ཚུར་ཕེབས་ཤིང་ཕྱོགས་བསྐྱོད་དེ་དག་ཚང་མའི་སྐབས་བོད་པའི་ལག་འཁྱེར་ཐོག་ནས་ཕེབས་པ་རེད། རྒྱ་གར་ལྡི་ལི་གསར་པར་ Governor-general, Rajagopalachari Jawaharlal Nehru, K.P.S. Menon བཅས་མཉམ་དུ་བགྲོ་གླེང་ཐེངས་གཉིས་པ་གནང༌། སྲིད་བློན་ནེཧེ་རུ་མཆོག་ནས་རྒྱ་གར་དང་བོད་གཉིས་པར་ཚོང་འབྲེལ་ཆིངས་ཡིག་དགོས་པ་བསྐྱར་བཤད་ཀྱང་གནང༌། ཁོང་གིས་ཞྭ་སྒབ་པར་བོད་ཀྱིས་གཞན་ལ་འབྲེལ་བ་མ་བྱས་པར་ཐ་དད་རྒྱུན་རིང་གནས་ཐབས་མེད་པ་དང་བོད་ནང་མང་གཅོ་བཅོས་འགྱུར་ངེས་པར་དུ་དགོས་པ་སོགས་ཀྱི་སློབ་སྟོན་གནང་ཡོད། བོད་མིའི་སྐུ་་ཚབ་ཚོས་ལྡི་ལིར་བོད་ཀྱི་སྐུ་ཚབ་ལས་ཁུངས་ཤིག་འཛུགས་ཆོག་པའིརེ་སྐུལ་ཞུས་པར་ནེ་ཧ་རུས་སྔ་འཕྲོས་བོད་ཀྱི་ཚོང་དོན་སྐུ་ཚབ་ཞིག་ལྡི་་ལིར་བཙུགས་ན་ཡག་པོ་ཡོད་ཚུལ་གསུངས་ཡོད། བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གི་མ་དགའ་བའི་རྣམ་འགྱུར་དྲག་པོའི་འོག་ཡལ་ག་གཅིག་ལ་ཡན་ལག་གཉིས་ལྟར་དོན་ཚན་གཉིས་ལ་དམིགས་ཏེ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་ཡོད་ཅིང༌། དོན་ཚན་གཅིག་ནི་བོད་དང་ཕྱི་རྒྱལ་ལུང་པའི་ཚོང་དོན་འབྲེལ་བ་སྤེལ་རྒྱུ་དང་ཆབས་ཅིག་ཏུ་བོད་རང་བཙན་ཁྱབ་བསྒྲགས་བྱེད་རྒྱུ་བཅས་ཡིན། ཕྱི་ལོ་ ༡༩༥༠ ལོར་བོད་གཞུང་ནས་ཞྭ་སྒབ་པ་དང་མཁན་ཆུང་ཐུབ་བསྟན་རྒྱལ་པོ་གཉིས་རྒྱ་གར་དུ་བཏང་ཏེ་རྒྱ་ནག་དང་མཉམ་དུ་གྲོས་མོལ་ཡོང་ཐབས་བྱས་ཀྱང་རྒྱ་ནག་ནས་ཉན་འཇོག་མ་བྱས་པར། ཞྭ་སྒབ་པ་རྒྱ་གར་དུ་ཡོད་སྐབས་དེ་མུར་རྒྱ་ནག་གིས་ཁམས་ཕྱོགས་ནས་བོད་བཙན་བཟུང་བྱེད་རྒྱུའི་འགོ་བཙུགས་པ་རེད། སྐབས་དེར་ྋགོང་ས་མཆོག་ལྷ་ས་ནས་གྲོ་མོར་ཉེན་གཡོལ་དུ་ཕེབས་དགོས་བྱུང༌། ཕྱི་ལོ་ ༡༩༥༡ ཟླ་བ་ ༥ ཚེས་ ༢༣ ཉིན་རྒྱ་ནག་རྒྱལ་ས་བེ་ཅིང་དུ་རྒྱ་བོད་གཉིས་བར་ཆིངས་ཡིག་དོན་ཚན་ ༡༧ ཞེས་པ་དེ་བཞག་པ་དང། ཞྭ་སྒབ་པས་རང་གི་ལུང་པར་ཆགས་འཇིག་ཅི་ཡོང་མ་འོངས་སྔོན་དཔགས་ལྟ་བུའི་སྒོ་ནས་ཁོང་རང་རྒྱ་ནག་གི་བཙན་དབང་འོག་ནས་གནས་སྡོད་བྱེད་མི་དགོས་པར་རྒྱ་གར་དུ་འགྲོ་ཆོག་རྒྱུའི་བཀའ་འཁྲོལ་ཞུས་ཏེ། རྒྱ་གར་ནང་སླེབས་རྗེས་དེ་སྔོན་བོད་ཀྱི་ལོ་རྒྱུས་ཁྲོད་སྲིད་དོན་གྱི་གནས་སྟངས་རྩལ་དུ་བཏོན་ནས་བྲིས་པའི་ལོ་རྒྱུས་ཚད་ལྡན་ཞིག་དབྱིན་བོད་གཉིས་ཆར་ཕར་ཞོགས་བོད་རང་སྐད་དུའང་མེད་སྟབས། དེ་སྔོན་ཁུ་བོ་ཁྲི་སྨོན་པས་མངག་བཅོལ་དང་མིག་སྔའི་ཛ་དྲག་གི་དགོས་མཁོ་གཉིས་ཆ་གཞིར་བཞག་ནས་༡༩༥༡ནས་འགོ་བཙུགས་ཏེ་བོད་ཀྱི་སྲིད་དོན་རྒྱལ་རབས་ཞེས་པ་ཐོག་མར་དབྱིན་ཡིག་ནང་གསར་རྩོམ་གྱི་ངལ་བ་ལྷུར་ལེན་གནང་བ་མ་ཟད། ད་དུང་སྐུའི་གཅེན་པོ་རྒྱལ་པོ་དོན་གྲུབ་དང༌། མཁན་ཆུང་བློ་བཟང་རྒྱལ་མཚན་བཅས་མཉམ་སྦྲེལ་ཐོག་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཆེད་བོད་ཀྱི་སྐྱིད་སྡུག་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས། ལས་འགུལ་དེས་གསང་བའི་སྒོ་ནས་རྒྱ་ནག་ལ་སུན་གཙེར་ཆེན་པོ་བཟོ་བཞིན་ཡོད་སྟབས་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་གིས་ྋགོང་ས་མཆོག་དང་བཀའ་ཤག་གཉིས་སུ་ཞྭ་སྒབ་པ་སོགས་མི་དགུ་པཽ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད། ཕྱི་ལོ་ ༡༩༥༦ ལོར་ནང་པ་སངས་རྒྱས་པའི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་༢༥༠༠འཁོར་བའི་དུས་དྲན་དུྋགོང་ས་མཆོག་རྒྱ་གར་དུ་ཕེབས་སྐབས་ཞྭ་སྒབ་པར་ཁོང་གི་སྲིད་དོན་རྒྱལ་རབས་དེབ་དེ་མཇུག་སྐྱོང་དགོས་པའི་སྐུལ་མ་ཡང་གནང་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་རང་དབང་སྒེར་ལངས་བྱུང་བའི་རྗེས་ྋ་གོང་ས་མཆོག་དང་རྗེས་འཇུག་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་དུ་འབྱོར་ནས། བཙན་འབྱོལ་བོད་གཞུང་གསར་འཛུགས་གནང་རྗེས་ཞྭ་སྒབ་པས་གཞུང་ཞབསགནང་བ་དང༌། ཁོང་ྋགོང་ས་མཆོག་གི་སྐུ་ཚབ་ཏུ་བསྐོ་བཞག་གིས་རྒྱ་གར་དང༌། འབྲུག སི་ཀིམ་བཅས་ལ་བོད་མི་སྐྱབས་བཅོལ་བ་བརྒྱད་ཁྲི་ཙམ་ཡོད་པ་དེ་དག་གི་འཚོ་བ་བསྐྱར་གསོ་དང་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་ལས་འགན་བསྐོ་བཞག་བྱས། ཕྱི་ལོ་ ༡༩༦༠ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་ Ireland དང་ Malaya གཉིས་ནས་གྲོས་འཆར་བཏོན་པའི་བོད་དོན་གྲོས་ཆོད་ཐོག་བགྲོ་གླེང་གནང་སྐབས་ཞྭ་སྒཔ་དང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་གཉིས་ཚོགས་ཞུགས་བྱས། ཚོགས་འདུ་དེའི་རྐྱེན་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་སྔ་རྗེས་ཐེངས་གསུམ་བཞག་ཡོད། མཐར་ཕྱི་ལོ་ ༡༩༦༣ ལོའི་ཟླ་བ་ ༥ ཚེས་ ༡༥ ཉིན་སྲིད་དོན་རྒྱལ་རབས་རྩོམ་བཞིནཔ་དེ་མཇུག་སྐྱེལ་ཆེད་གཞུང་གི་ལས་ཁུར་ནས་རྩ་དགོངས་ཞུས། དེའི་རྗེས་ཁོང་ནང་མི་དང་བཅས་པ་Asian Foundation ནས་གནང་བའི་སློབ་ཡོན་རོགས་རམ་འོག་ཨ་རིར་སློབ་གཉེར་དུ་ཕེབས་ཞིང༌། ཨ་རིའི་ཡེལ་གཙུག་ལག་ཁང་ནས་ཁོང་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་མཐའ་མའི་ཉམས་ཞིབ་དང་ཞུ་དག་གནང་སྟེ། གཙུག་ལག་ཁང་དེ་རང་ནས་ ༡༩༦༧ ལོར་ཁོང་གི་བོད་ཀྱི་སྲིད་དོན་རྒྱལ་རབས་དེ་དཔར་འདེབས་ཀྱིས་འཛམ་གླིང་གང་སར་འགྲེམས་སྤེལ་གནང་ཡོད། སྲིད་དོན་རྒྱལ་རབས་འདི་ཉིད་དཔེ་སྐྲུན་གྲུབ་རྗེས་ཡོངས་གྲགས་སུ་དབྱིན་ཇིའི་སྐད་ཡིག་ནང་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་དཔེ་དེབ་ཁག་ནས་ཚད་གཞི་འཛིན་ས་གཙོ་བོ་ཞིག་དང༌། བོད་ཀྱི་རྒྱལ་རབས་སློབ་གཉེར་གནང་མཁན་རྣམས་ལ་ཟུར་ལྟའི་དཔེ་དེབ་གལ་ཆེན་ཞིག་ཏུ་གྱུར། ཕྱིས་སུ་བོད་གཞུང་གི་ལས་བྱེད་དང་མི་དམངས་ཀྱི་དགོས་འདུན་ལྟར་དེབ་དེ་བོད་ཡིག་ནང་རྩོམ་བསྒྱུར་དང༌། ལེགས་བཅོས་བྱས་ནས་བོད་ཀྱི་སྲིད་དོན་རྒྱལ་རབས་ (An Advanced Political History of Tibet) ཞེས་པོད་གཉིས་སུ་བགོས་ཏེ་ཕྱི་ལོ་ ༡༩༧༦ ལོར་དཔེ་སྐྲུན་བྱས་ཡོད། ཁོང་གི་དཔེ་དེབ་གཞན་དཔར་སྐྲུན་ཞུས་རིགས་ནི། ལྷ་སའི་གཙུག་ལག་ཁང་གི་དཀར་ཆག་དང༌། སངས་རྒྱས་ཀྱི་རིང་བསྲེལ་ཞེས་པའི་དབྱིན་བོད་ཤན་སྦྱར་ཅན་ཞིག་བོད་གཞུང་ནས་ཕྱི་ལོ་ ༡༩༥༡ ལོར་ཀ་ལི་ཀ་ཏར་ཡོད་པའི་Baptist Mission Press ནས་དཔེ་བསྐྲུན་གནང༌། དེ་མིན་གྱི་གསུང་རྩོམ་དང་གསུང་བཤད་གནང་རིགས་གང་མང་ཡོད་པ་བཙན་བྱོལ་སྤྱི་ཚོགས་ཀྱི་དེབ་རིགས་ཁག་དང༌། དཔེ་མཛོད་སོགས་སུ་ཉར་ཚགས་བྱས་ཡོད། ཁོང་དགུང་ལོ་བགྲེས་བོར་ཕེབས་སྐབས་སུ་ཡང༌། ཨ་རི་དང་རྒྱ་གར་གྱིས་མཚོན་པའི་ཡུལ་ལུང་ཁག་ནས་བོད་དོན་ཆེད་སྐབས་བསྟུན་གྱི་གསུང་རྩོམ་འགྲེམས་སྤེལ་མུ་མཐུད་གནང་ཡོད། ཕྱི་ལོ་ ༡༩༨༠ ནང་རྒྱ་བོད་གཉིས་བར་འབྲེལ་ལམ་ཕྲན་བུ་བྱུང་སྐབས་ཞྭ་སྒབ་པས་མུ་མཐུད་རང་བཙན་འཐབ་རྩོད་བྱེད་དགོས་པ་ནན་བཤད་གནང་སྟབས། ཁོང་གི་གསུང་རྩོམ་གང་ཡང་བོད་དང་རྒྱ་ནག་ཁུལ་དུ་འགྲེམས་སྤེལ་མི་ཆོག་པ་བཟོས་ཡོད་པ་ནི་ཞྭ་སྒབ་པའི་གཟི་བརྗིད་དང༌། རྒྱ་ནག་སྲིད་གཞུང་གི་ངོ་ཚ་ཆེན་པོ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༨༩ ཟླ་བ་ ༢ ཚེས་ ༢༣ ཁོང་ཕོ་སྨའི་རྐྱེན་བྱས་ཏེ་གུང་ལོ་ ༨༡ ཐོག་ཨ་རིའི་ Texas གྲོང་ཁྱེར་གྱི་ས་ཁུལ་ Corpus Christi དུ་ཡོད་པའི་ཁོང་གི་བུའི་ཁྱིམ་ནས་སྐུ་གཤེགས་པ་དང༌། ཁོང་གཤེགས་པའི་སྐབས་སུ་ཁོང་གི་གཅེན་གཅུང་གཉིས། བུ་གསུམ། ཚ་བོ་གཅུ་གཅིག ཚ་བོའི་བུ་སྤུན་ལྔ་བཅས་ཡོད་པ་ཁོང་ཚོ་ད་ཆ་བོད་དང༌། རྒྱ་གར། ཨ་རི་བཅས་སུ་འཚོ་ཞིང་གནས་ཡོད། ཁོང་ནི་མཁས་པ་ཚད་ལྡན་ཡིན་པ་དང༌། བོད་ལ་ཤ་ཞེན་ཆེ་བའི་བོད་ཀྱི་ཞབས་ཕྱི་བ་ཞིག་ཡིན་པས་ཁོང་གི་སྐུ་ཚབ་ཐེངས་གཉིས་ཕེབས་སྐབས་བོད་རང་དབང་ཡིན་པའི་ར་སྤྲོད་དཔང་རྟགས་མང་པོ་བསྟན་ཡོད། ཞྭ་སྒབ་པ་ནི་སྲིད་འཛིན་པ་འཇོན་ཐང་ཅན་ཞིག་ཡིན་ཞིང༌། ལོ་རྒྱུས་སྨྲྨ་བ་དང༌། རང་བཙན་འཐབ་རྩོད་པ། ཆབ་སྲིད་མཁས་ཅན་ཞིག་ཀྱང་རེད། ཁོང་མི་ཚེ་གང་པོར་བོད་རང་དབང་གཙང་མའི་ཆེད་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས་རྒྱ་ནག་གིས་སྔ་ཕྱིར་ཁོང་གི་འདོད་ཚུལ་དང༌། ཁོང་གི་བརྩམས་པའི་སྲིད་དོན་རྒྱལ་རབས་ལ་ཆེད་དུ་བལྟ་བསྡུར་ཚོགས་པ་བཙུགས་ནས་དགག་ཡིག་སྔ་ཕྱི་རིམ་པར་སྤེལ་ན་ཡང༌། ཞྭ་སྒབ་པའི་བཀའ་དྲིན་དང་བྱས་རྗེས་ནམ་ཡང་འབུར་དུ་ཐོན་བཞིན་ཡོད་པ་ལས་ཉམས་ཆགས་ཅི་ཡང་བྱུང་མེད། ཡིན་ན་ཡང་བློ་ཕམ་པ་ལ་ཞིག་ལ་བོད་རིགས་ནང་ཁུལ་གྱི་རྩོམ་པ་པོའི་མིང་འཛིན་ཕྲག་དོག་ཅན་འགའ་རེས་བོད་ཀྱི་སྲིད་དོན་རྒྱལ་རབས་ཞྭ་སྒབ་པའི་མིན་པར་དགེ་ཆོས་ཀྱི་ཡིན་ཚུལ་བཤད་པ་སོགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཕྱོགས་འཐེན་གྱི་ནད་ཡམས་ལས་བྱུང་བ་ཁོ་ན་ཞིག་ལས་རྒྱུ་མཚན་ཤེས་བྱེད་བཅས་ཚད་ལྡན་ཡོད་པ་ཞིག་གཏན་ནས་མིན། ཁོང་གི་མཁྱེན་རྩལ་དང༌། ལྷག་བསམ། མཛད་རྗེས་བཅས་སུ་གུས་བཀུར་ཡི་རིང་བྱེད་རྒྱུའི་ཚབ་ཏུ་བཟང་ལན་ངན་འཇལ་དང༌། ཇ་ལན་གཅིན་འཇལ་བྱེད་བཞིན་པ་འདི་བོད་རིགས་ཤེས་ལྡན་མི་སྣས་ངོ་ཚའི་བྱ་གཞག་ཅིག་ཡིན་པ་ཤོད་ཅི་དགོས། དེར་བརྟེན་ཕྲན་གྱིས་གཞུང་ས་དགའ་ལྡན་ཕོ་བྲང་གི་རྩིས་དཔོན་མི་རྗེ་དམ་པ་ལོ་རྒྱུས་སྨྲ་བའི་མཁས་དབང་ཞྭ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་ལ་གུས་བརྩི་བླ་མེད་སྒོས་དམ་པ་གང་ཉིད་སྐུ་གཤེགས་ནས་ལོ་ངོ་ཧྲིལ་བོ་བཅུ་བདུན་འཁོར་བའི་རྗེས་དྲན་ཆེད་ཁོང་གི་ལྷག་བསམ་དག་པའི་མཛད་བཟང་ལ་གུས་བརྩི་དང་འབྲེལ། ཁོང་གི་ལོ་རྒྱུས་དང༌། གཞན་བོད་རིགས་ན་གཞོན་རྣམས་ལ་གྲོས་འདེབས་སུ་ཕུལ་པའི་ཞལ་གདམས་རྒྱལ་རབས་རང་གི་མཇུག་ཏུ་གསལ་བ་འདི་གཉིས་ཁ་བརྡ་དྲྭ་རྒྱ་བརྒྱུད་དེ་བོད་རིགས་བསམ་ཡོད་རྣམ་པའི་སྤྱན་ལམ་དུ་ཆེད་འགོད་ཞུས་པ་ཡིན་ན་ཁོང་གི་ཡུན་རིང་གི་ཉམས་མྱོང་དང༌། མཁྱེན་སྟོབས་ཀྱིས་སྔོན་དཔག་མཛད་པའི་གཞེན་སྐུལ་དེར་ཐུགས་སྣང་གང་ཟབ་གནང་རེ་ཤིན་ཏུ་ཆེ།
ད་ལམ་འདིར། སྐྱེས་སར་ཀླུ་སྒྲུབ་ལགས་ནས་སྐུ་ངོ་ཞབ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་མཇུག་གི་རྩོམ་ཡིག་དང༌། ཁོང་གི་ལོ་རྒྱུས་གཉིས་ཁ་བརྡ་དྲ་གནས་སུ་བཏང་འདུག་པར་ཐུགས་རྗེ་ཆེ་ཞུ། ཡང་སྐྱེས་སར་ཀླུ་སྒྲུབ་ལགས་ནས་རྩོམ་པ་པོ་ཕྲག་དོན་ཅན་ཁ་ཤས་ཀྱིས་སྲིད་དོན་རྒྱལ་རབས་དགེ་ཆོས་ཀྱིས་བྲིས་པ་ཞིག་ཡིན་ཚུལ་སོགས་བཀོད་འདུག་པ་དེ་ཐད་ནི་གསལ་ཆ་ཅང་མེད། ང་རང་ལ་བསམ་ཚུལ་ཞིག་ཡོད་པ་ཐད་ཀར་ཞུས་ན། ང་ནི་དེབ་འདྲ་མི་འདྲ་བཅོ་བརྒྱད་ལ་བལྟ་དགོས་མཁན་ཞིག་དང༌། བལྟས་ནས་དགེ་སྐྱོན་བཙལ་དགོས་མཁན་ཞིག་ཡིན།
ད་ཡང་སྲིད་དོན་རྒྱལ་རབས་ཀྱི་སྐོར་ལ་འགྲེལ་བཤད་ཅིག་བཀོད་འདོད་བྱུང༌། དེ་ནི་འདི་གཤམ་གྱི་འདི་ལགས་སོ།།
སྐུ་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གི་༼བོད་ཀྱི་སྲིད་དོན་རྒྱལ་རབས་༽ནི། ཐོག་མར་དབྱིན་ཡིག་དང་དེ་ནས་ཕྱི་ལོ ༡༩༧༦ ལོར་གཞི་ནས་བོད་ཡིག་ནང་འདོན་འགྲེམས་ཞུས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་ཡིན་ཞིང༌། དེ་ལྟར་དང་ཐོག་དབྱིན་ཡིག་དང་རྗེས་ནས་བོད་ཡིག་ནང་བཏོན་པའི་ལོ་ཟླ་ལ་གཞིགས་ཚེ། བོད་དོན་སེམས་ཁུར་ཅན་གྱི་མི་སྣ་མང་པོར་བོད་དོན་ངོ་སྤྲོད་ཀྱི་གྲུབ་འབྲས་མི་དམན་ལ་བསྐྲུན་ཡོད་པ་དེ་ང་ཚོས་ཁས་ལེན་དགོས་པ་ཞིག་རེད་དེ། ཞིབ་རྩིས་ཤིག་བརྒྱབ་ཚེ་སྲིད་དོན་རྒྱལ་རབས་ནང་དོན་དངོས་ལོ་རྒྱུས་སྦས་བཀབ་བྱས་པའང་མེད་པ་མ་རེད། དེ་ནི་སྐུ་ངོ་ཞྭ་སྒབ་པ་བོད་ལ་མ་དགའ་བས་མིན་ལ། སྨིན་སྟོབས་ཀྱི་རིག་པ་སྐྱོ་དྲགས་པས་ཀྱང་མིན། བོད་ཞེན་གྱིས་མ་འདང་བས་ཀྱང་མིན་པར། དེ་ནི་དྲང་བདེན་མིན་པའི་ཤ་ཞེན་ཞིག་གིས་བཟོས་པའི་ནོར་འཁྲུལ་དུ་ངོས་འཛིན་བྱེད་དགོས་པ་ཞིག་ཡིན།
༼བོད་ཀྱི་སྲིད་དོན་རྒྱལ་རབས༽ནང་དྲང་འབྲེལ་མིན་པའི་ཤ་ཞེན་གྱི་དབང་གིས་དང༌། བཅོས་མིན་ཤ་ཞེན་གྱི་དབང་གིས་བསམ་བཞིན་དུ་བཟོས་པའི་ནོར་འཁྲུལ་ཆ་ཚང་ནི། རང་ཅག་གིས་ཡོ་བསྲང་བྱེད་རྒྱུའི་ཚབ་ཏུ། དགྲ་ཕྱོགས་ནས་ཡོ་བསྲང་བྱས་པ་དེ་རང་ཅག་ལ་མཚོན་ན་ངོ་ཚ་སྐྱེ་གཞི་ལས་མ་འདས། འོན་ཀྱང་རྒྱ་ཕྱོགས་ནས་སྐྱོན་འདོན་ནག་འགེལ་བྱས་པ་རྣམས་ལ་རང་ཕྱོགས་ནས་སྐྱོན་སེལ་དྲང་བདེན་འཐད་སྒྲུབ་བྱེད་རྒྱུ་ལོས་ཡོད་ཀྱང༌། དེ་ལྟར་མི་བྱེད་པར་ངོ་ཞུམ་འཕང་དམའི་སྦས་སྐུང་བྱེད་པ་ནི་དྲང་བདེན་གྱི་འཐབ་རྩོད་ཅིག་ག་ལ་ཡིན། དཻ་ཡང༌། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་རང་ཚོས་རྒྱལ་རབས་ལོ་རྒྱུས་བྲིས་པ་ཁ་ཤས་ནང་ལ་རྒྱ་ནག་གོང་མས་དབང་ཆ་ཟིན་པ་དེ་ཚོའི་གྲས་མ་བཀོད་པ་བྱས། ང་ཚོ་དང་ཕྱོགས་མཐུན་པ་དེ་རྣམས་བཀོད། མི་མཐུན་པའི་ཕྱོགས་རྣམས་མ་བཀོད་པ་དེ་འདྲ་ཁ་ཤས་ཡོང་གི་ཡོད་ས་རེད། འདི་ཚོ་ཁུངས་འཁྱོལ་ཐབས་མེད། དྲང་པོ་དྲང་བཞག་ཐོག་ལ་འགྲོ་དགོས། དཔེར་ན། ཞྭ་སྒབ་པས་བྲིས་པའི་ཡིག་ཆའི་ནང་ལ་མན་ཇུ་གོང་མས་ཚུར་ཤུགས་རྐྱེན་ཆེན་པོ་བྱུང་བ་དང༌། གོང་མ་ལ་ཕར་ཡི་གེ་ཕུལ་བའི་ནང་གོང་མར་བརྩི་བཀུར་ཤུགས་ཆེན་པོ་ཡོད་མཁན་དེ་ཚོའི་གྲས་དེབ་ནང་ལ་གསལ་པོ་མ་བཀོད་པར་བཞག་པ་ལ། བར་སྐབས་ལྷ་ས་ནས་དེའི་ལན་ཞིག་བཏོན་འདུག ལན་དེ་ཚོའི་ནང་ལ་གཞི་ནས་དེ་ཚོ་ཚང་མ་བཀོད་ཡོང་དུས་ཡག་པོ་གང་ཡང་མི་འདུག སྐབས་དེར་ཞྭ་སྒབ་པ་དང་བཀའ་མོལ་བྱུང༌། རྩིས་དཔོན་ཞྭ་སྒབ་པ་གཤེགས་འགྲོ་མཁན་དེ་དངོས་གནས་ལྷག་བསམ་ཅན་རེད། ཞྭ་སྒབ་པར་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་བཀོད་ན་ཡག་པོ་འདུག་ཅེས་སྐད་ཆ་བྱུང༌། སྐབས་དེར་ཞྭ་སྒབ་པས་རྣམ་ཐར་ཆ་ཚང་བཀོད་ན་དེ་ཚོའི་ནང་ལ་རྒྱ་ནག་གོང་མ་དང་འབྲེལ་བ་གནང་བ་དེ་ཚོའི་གྲས་ཤུགས་ཆེན་པོ་བཀོད་ཡོད་པས་ཡག་པོ་བྱས་ཨེ་ཡོང་གསུང་གི་འདུག དེ་དུས་ཞུ་རྒྱུ་བྱུང༌། རྣམ་ཐར་དཔར་གཞི་ངོ་མ་རྣམས་བོད་ལ་ཡོད། རྒྱ་མིའི་ལག་པར་སླེབས་ཚར་བ་རེད། ང་ཚོས་རྒྱས་བསྡུས་བཟོ་གིན་བསྡད་ན་དགོས་པ་ཨེ་ཡོད་ཞུ་རྒྱུ་བྱུང༌། དངོས་ཡོད་གནས་ཚུལ་ཇི་བྱུང་ང་ཚོས་བཤད་རྒྱུ་རེད་མ་གཏོགས། དངོས་ཡོད་གནས་ཚུལ་བཀབ་ནས་ཁུངས་འཁྱོལ་ཐབས་མེད། ཡིན་ནའང་དེ་རྣམས་ཡོང་སྟངས་ལ་ང་ཚོས་འགྲེལ་བཤད་རྒྱག་རྒྱུ་ཡོད།ཎཎབྱབྱཅེས་བཀའ་སློབ་སྤྱི་རྒྱན་དུ་བསྩལ་ཡོད།
དེ་བས་སྐུ་ངོ་ཞིག་གི་གསུང་རྩོམ་དང་བླ་ཆེན་ཞིག་གི་བཀའ་རྩོམ་གང་ཡིན་ཡང༌། ཞིབ་འཇུག་གི་ལམ་ནས་རིན་ཐང་ལྕི་ཡང་གཞལ་དགོས་པ་གལ་ཆེན་དུ་འདུག་སྙམ།
ངའི་གོ་ཐོས་ལ་སྐུ་ངོ་ཞྭ་སྒབ་པ་མཆོག་གི་ཐུགས་ཕམ་ཆེ་ཤོས་ཤིག་གནང་བ་ནི་རྡ་ས་གཞུང་ནས་ཡུ་རོབ་བགྲོས་ཆོགས་སུ་རང་བཙན་བློས་བཏང་གི་གསལ་བསྒྲགས་གནང་བ་དེ་ལ་ཁོང་ནས་ང་ཤི་ཁར་གནས་ཚུལ་འདི་མ་གོ་ན་ཆོག་པ་གསུངས་ཏེ་རྡ་སར་ཞལ་པར་གནང་བ་དང་། ཡང་ཁོང་གིས་ཐུགས་ཕམ་གནང་ས་གཞན་ཞིག་ནི་རྡ་ས་གཞུང་ནས་རྒྱལ་སྤྱིའི་ནང་བོད་དོན་འབོད་བསྐུལ་མཚམས་བཞག་གནང་བ་དེ་ཡིན་པ་རེད།
ཁོང་ནི་ཨ་མདོ་དགེ་འདུན་ཆོས་འཕེལ་བཙོན་ནས་༸ཐྲྤཀློད་གྲོལ་སྐབས་ཀྱི་ལས་འཁུར་པ་གཙོ་བོ་ཡིན་པ་དང་། ཁོང་གི་རྒྱལ་རབས་ནང་གི་གནད་དོན་མང་པོ་ཞིག་དགེ་འདུན་ཆོས་འཕེལ་གྱི་ཡིག་ཚོགས་གཏོར་བ་ནས་བླངས་ཚུལ་ཡང་བཤོད་མཁན་ཡོད་པ་བདེན་མིན་ཆ་གསལ་པོ་མ་འཚལ།
ཞྭ་སྒབ་པའི་རྒྱལ་རབས་འདི་དགེ་མཚན་ཉེས་སྐྱོན་གཉིས་ལྡན་ཞིག་ཡིན་ཡང་རྩ་བའི་ཆ་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནད་གསང་མང་པོ་གསལ་འདོན་བྱས་ཡོད་པ་གོང་གི་རྩོམ་དུམ་འདིས་ཀྱང་ཤེས་ཐུབ། འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས་རྩོམ་པ་ཡིན་ཟེར་བ་འདི་ལ་རྒྱུ་མཚན་ཞིག་ངེས་པར་འདུག་དྲན་གྱིན་ཡོད། དགེ་འདུན་ཆོས་འཕེལ་གློད་གྲོལ་བཏང་མཁན་ཡིན་ཟེར་བ་ནི་བདེན་དོན་ཞིག་མ་ཡིན་ཏེ་སྐུ་ངོ་ཁོང་བློ་འབྱེད་བསམ་བློ་ཅན་ལ་ཧ་ཅང་སྡང་མཁན་ཞིག་ཡིན་པ་ནི་ལུང་ཤར་བའི་ལོ་རྒྱུས་ཐོག་ནས་ཤེས་ནུས་པ་འདིའོ
སྐྱེས་སར་༸ཐྲྤཀླུ་སྒྲུབ་ལགས་ཀྱིས་རྩོམ་ཡིག་འདི་གཉིས་འགྲེམ་གཏོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདིར་བཤད་འདོད་པ་གཅིག་ནི་སྲིད་དོན་རྒྱལ་རབས་འདི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་ཤིག་ལས་བརྐུ་བཤུ་བྱས་པར་གླེང་བ་དེ་བདེན་པ་མིན་ཚུལ་དེ་ཡིན། དགེ་འདུན་ཆོས་འཕེལ་གྱིས་ཧོར་ཁང་བསོད་ནམས་དཔལ་འབར་ལ་སྤྲིངས་པའི་འཕྲིན་ཡིག་རེ་ཟུང་ལས་རྒྱལ་རབས་དེབ་དཀར་ད་ལྟ་མཇལ་དུ་ཡོད་པ་དེ་རང་ལས་རྩོམ་མ་ཐུབ་ཚུལ་བྲིས་འདུག དེབ་དཀར་ད་ལྟ་མཇལ་དུ་ཡོད་པ་འདི་ཡང་དུས་འགྱུར་མ་བྱུང་སྔོན་དུ་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་འགན་ཁུར་ཏེ་ཁམས་ཆབ་མདོར་དཔར་དུ་བསྐྲུན་ཟིན། སྲིད་དོན་རྒྱལ་རབས་ཀྱི་བརྗོད་བྱ་འཁྲུག་ཤོས་ཁག་སྟེ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པའི་དུས་ཀྱི་གནས་ཚུལ་མང་པོ་ཞིག་ཞ་སྒབ་པ་རང་ཉིད་ཀྱི་མྱོང་བ་དང་སྦྲེལ་ཏེ་གླེང་ཡོད་པས་དེ་དགེ་འདུན་ཆོསའཕེལ་དང་འབྲེལ་བ་མེད་པ་ངེས་ཅན་རེད། མང་པོ་ཞིག་ནི་དགེ་ཆོས་ལྷ་སར་སྐུ་མཚམས་ལ་བཞུགས་ཡོད་དུས་ཡས་མས་དང་འཇིག་རྟེན་འདིའི་ཕ་རོལ་གྱི་འཇིག་རྟེན་སྐད་གྲགས་ཅན་དེར་གཤེགས་ཟིན་རྗེས་སུ་བྱུང་བ་དེ་དག་གླེང་ཡོད་སྟབས་དེ་ལས་ཀྱང་འབྲེལ་བ་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དགེ་ཆོས་ཀྱི་གསུང་རྩོམ་གཅེས་བཏུས་དེའི་གཞུག་ཏུ་དགེ་ཆོས་གསུང་རྩོམ་གྱི་མཚན་བྱང་མང་པོ་ཞིག་འཁོད་འདུག་ཀྱང་སྲིད་དོན་རྒྱལ་རབས་ལས་གཞན་པའི་རྒྱལ་རབས་ཡིག་ཆ་ཡོད་ཚུལ་ནི་མི་འདུག
ཞ་སྒབ་པ་ནི་དེའི་སྐབས་ཀྱི་སྡེ་པ་གཞུང་གི་སྐུ་དྲག་གི་གྲལ་ནས་མཐོང་ཐོས་ཤེས་རྒྱ་ཆེ་གྲས་ཤིག་ཡིན་པ་དང་སྲིད་དོན་རྒྱལ་རབས་ཀྱི་ཞོར་འཕྲོས་གླེང་མོལ་གང་ས་ནས་བལྟས་ཀྱང་ཁོང་གསར་བརྗེ་པར་སྡང་ཞེས་པ་དེ་ཡང་དེ་ཙམ་མི་བདེན་སྙམ།
རྒྱ་མིའི་གཞུང་འབྲེལ་ཡིག་ཆ་ལས་སྲིད་དོན་རྒྱལ་རབས་ནི་ལོ་རྒྱུས་རྫུན་བཟོའི་ནག་ཉེས་ཙམ་མ་ཟད་བོད་རང་བཙན་གྱི་རིག་པའི་གཞུང་ལུགས་ཤིག་ཀྱང་རེད་ཅེས་བརྗོད་འདུག རང་རེའི་ལོ་རྒྱུས་ཡིག་ཆ་ཞིག་ལ་སྲིད་དོན་རྒྱལ་རབས་འདྲ་བའི་རྒྱ་ནག་གི་སེམས་ལ་གནོད་མཁན་ད་ལྟ་བར་དུ་མ་བྱུང་བ་ལྟ་བུ་འདུག་པས་དེ་ལྟ་བུའི་གནད་འགག་ཅན་ཞིག་ཅི་ཡིན་ནམ་ཡང་སྙམ།
ཞྭ་སྒབ་པ་ཆེན་པོའི་དེབ་དེ་ཨིན་སྐད་ནས་བོད་སྐད་དུ་བསྒྱུར་བ་བཞིན་༧གོང་ས་མཆོག་དང་རྡ་ས་གཞུང་ནས་༧རྒྱལ་བ་རིན་པོ་ཆེའི་མཛད་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པ་དེབ་དེ་བོད་སྐད་ཐོག་བསྒྱུར་ཏེ་བོད་མི་རྣམས་ནས་༸ཐྲྤཀློག་ཐུབ་པ་ཞིག་ད་བར་བཟོ་མ་ཐུབ་པ་གང་ཡིན་ནམ། བོད་མི་རྣམས་༧གོང་ས་མཆོག་གི་གསུང་ཆོས་མ་གཏོགསཁོང་གི་ཆབ་སྲིད་ཐོག་གི་ཕྱག་ལེན་སྐོར་ཤེས་མི་ཆོག་པ་ནི་ཡིན་གྱི་མ་རེད། དེབ་དེའི་ནང་བཙན་བྱོལ་ནང་གི་བོད་ཀྱི་ཆབ་སྲིད་འགྱུར་བགྲོད་ཀྱི་གནས་ཚུལ་གལ་ཆེ་མང་པོ་བཀོད་ཡོད་པ་བོད་མི་ཚང་མས་ངེས་པར་ཤེས་དགོས་པ་ཞིག་ཏུ་མཐོང་།
དགེ་ཆོས་སྨྱོན་པས་སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱལ་རབས་ལས་འབྲི་མ་ཐུབ་པར་བཙོན་ལ་འགྲོ་དགོས་བྱུང་བ་ཞིག་ནས། སྲིད་དོན་རྒྱལ་རབས་ལྟ་བུའི་དེབ་ལུག་རོ་འདྲ་བ་དེ་འདྲ་ཆེན་པོ་ཞིག་འབྲི་བའི་དུས་ཚོད་ག་ལ་ཡོད། དེབ་དཀར་མཇུག་གི་ཤོ་ལོ་ཀ་དེ་ཡང་ཁོང་གིས་བཙོན་ཁང་ནང་ནས་བྲིས་ཏེ་དེབ་དཀར་གྱི་མཇུག་ཏུ་བཀོད་རྒྱུར་བསྐུར་བ་མ་ཡིན་ནམ། དེ་ནི་རང་གི་རྒྱལ་རབས་དེ་མཇུག་རྫོགས་པར་བྱས་པའི་རྫོགས་ཚིག་ཅིག་དང་། ཚིག་རྐང་བཞི་བོ་དེ་ནི་བཞི་ཤད་ཅིག་ཡིན་པ་རེད།
ཁོང་བཙོན་གྲོལ་ཐོབ་པའི་རྗེས་སུ་གཞུང་ནས་དེབ་དཀར་མུ་མཐུད་པའམ་བོད་ཀྱི་རྒྱལ་རབས་ཤིག་འབྲི་རྒྱུར་འབོད་སྐུལ་བྱས་སྐབས་ཀྱང་ཁོང་ནས་ངོས་ལེན་མ་བྱས་པ་མ་ཟད་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཁུག་མ་གཅིག་གམ་གཉིས་ཡོད་པ་དེ་ཡང་མ་བླངས་པ་མ་ཡིན་ནམ། ཡིན་ན་ཡང་། དཔྱད་གཞིའི་ཡིག་ཆ་དེ་ཚོ་རྗེས་སུ་སུའི་ལག་པར་ཕྱིན་པ་རེད། ཡིག་ཆ་དེ་ཚོ་ཆ་ཚང་མིན་ན་ཡང་འགའ་ཤས་ཤིག་ཞྭ་སྒབ་པའི་ལག་པར་རེག་ཡོད་སྲིད། མ་གཞི་དགེ་ཆོས་ཀྱི་ཚིག་འགྲོས་དང་སྲིད་དོན་རྒྱལ་རབས་ཀྱི་ཚིག་འགྲོས་གཉིས་ཁྱོན་ནས་མཐུན་གྱི་མི་འདུག
སྲིད་དོན་རྒྱལ་རབས་དགེ་ཆོས་ཀྱིས་ཕྱག་གིས་བྲིས་མེད་པ་ཕྱག་གཉིས་ཀྱིས་གསལ་བོ་བཟོས་འདུག འོན་ཀྱང་ཁོང་གིས་སྐུ་ངལ་ཆེན་པོས་གསོག་སྒྲུབ་བྱས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཁུག་མ་གང་ཡོད་པ་དང་། བོད་གཞུང་གིས་ཁོང་བཙོན་དུ་ཡོད་སྐབས་ཀྱང་ཡིག་ཆ་དེ་གཅེས་ཉར་བྱས་པ་མ་ཟད། བཙོན་གྲོལ་རྗེས་དགེ་ཆོས་ལ་ཕྱིར་སློག་ནས་རྩོམ་སྐུལ་གནང་སྟངས་སོགས་ལ་ལྟོས་ན། གཞུང་གིས་ཡིག་ཆ་དེའི་རིན་ཐང་ཤེས་ནས་བདག་གཅེས་དང་རྩ་ཆེ་བྱེད་ཀྱི་ཡོད་པ་རྟོགས་སླ་བས། དགེ་ཆོས་ཀྱིས་ངོས་ལེན་མ་གནང་བ་དང་གཞུང་གིས་ཀྱང་ད་ཡིག་ཆ་འདིས་ཕན་ཐོགས་ས་མ་རེད། འདི་མ་གཡུག་ཤོག་ཟེར་ནས་མར་གཡུག་བཞག་པའི་ལོ་རྒྱུས་མི་འདུག་པས། ཧ་ལམ་ཡིག་ཆ་འགོ་འདྲེས་མ་དེ་ཕྱིར་ཡར་ལ་ཁྱེར་སོང་བ་འདྲ། ད་དུང་ཡིག་ཆ་དེ་འཕྲོ་བརློག་ཏུ་མི་འགྲོ་རྒྱུའི་བསམ་བློ་བཏང་ཡོད་ཤག་རེད། དེ་ཕྱིར་སྲིད་དོན་རྒྱབ་རབས་ནང་དགེ་ཆོས་ཀྱི་རྒྱུ་ཆ་བེད་སྤྱོད་བཏང་ཡོད་པའི་རྒྱུ་མཚན་འདང་ངེས་ཡོད་པ་རེད།
ལོ་ངོ་བཅུ་གྲངས་སྔོན་དུ་ལྷ་ས་ནས་སྲིད་དོན་རྒྱལ་རབས་ཀྱི་འཁྱོག་བཟོ་ཐེར་འདོན་བྱེད་པའི་ཤེལ་དཀར་མེ་ལོང་ཞེས་པའི་དེབ་ཅིག་ཆབ་སྤེལ་སོགས་ཀྱིས་རྩོམ་སྒྲིག་བྱས་འདུག་པ་དེའི་ནང་དུ། སྲིད་དོན་རྒྱལ་རབས་ཀྱིས་ཕྱེད་ཀ་རེ་ལས་དྲངས་མེད་པའི་ལོ་རྒྱུས་ཡིག་ཚགས་བརྒྱ་ཕྲག་བརྒལ་བའི་ལུང་ཡོངས་རྫོགས་རེ་བཀོད་འདུག་པས། དེབ་དེ་བཀླགས་པ་ནས་བཟུང་སྟེ་སྲིད་དོན་རྒྱལ་རབས་ཀྱི་མུན་ནག་དང་འོད་གསལ་གྱི་ཕྱོགས་གཉིས་ཀ་མཐོང་སོང་། ཁྱེད་རྣམ་པས་ཀྱང་དེབ་དེ་གཅིག་བཀླགས་རྗེས་ད་གཟོད་སྲིད་དོན་རྒྱལ་རབས་ལ་སྡོམ་ཚིག་རེ་བཞག་ན་ད་དུང་འཕྱི་དྲགས་མི་འདུག ལྷ་སའི་དེབ་དེའི་ནང་གི་ལུང་འདྲེན་ཁག་ནི་བོད་ཡིག་ཏུ་ཡོད་པའི་ལོ་རྒྱུས་ཁག་ཅིག་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་ཞྭ་སྒབ་པའི་སྨྱུག་འོག་ནས་གང་འདོད་དུ་བཟོ་བཅོས་རྒྱག་ཆོག་ཆོག་ཅིག་ག་ལ་ཡིན།
དཔེ་མཚོན་ཞིག་ནི། གོར་བོད་དམག་འཁྲུག་གི་གནས་བབ་དེ་ཞྭ་སྒབ་པས་རབ་རིབ་ཅིག་བྲིས་ཡོད་པ་ལ། ཤེལ་དཀར་མེ་ལོང་གིས་སྐབས་དེའི་ལོ་རྒྱུས་མི་སྣ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རང་རྣམ་ལ་རྒྱབ་རྟེན་བཅོལ་ནས་ལོ་རྒྱུས་དངོས་མ་ཞིབ་འབྲི་བྱས་ཏེ་སྐུ་ཞབས་ཞྭ་སྒབ་པ་འབྲོ་ས་སྐུང་ས་མེད་པ་ཞིག་བཟོས་འདུག
ཞ་སྒབ་པས་མ་རྟོགས་པ་དང་། ལོག་པར་རྟོགས་པ། ཕྱོགས་ཙམ་རྟོགས་པ། ཡང་དག་པར་མ་རྟོགས་པ་མང་དུ་ཡོད་སྲིད་ལ། ལྷག་པར་ཡང་སྐབས་དེ་དུས་ལ་མཚོན་ན་སྐུ་ངོ་མགོ་ལེབ་ཁོང་ནི་ལོ་རྒྱུས་དྲང་གཏམ་ཁོ་ན་འཆད་པའི་རང་དབང་དང་བྲལ་ཏེ་ཆབ་སྲིད་ཀྱི་ལས་སྣེ་དང་རྒྱལ་ཞེན་གྱི་ལྟ་བ་བཅས་ཀྱིས་སྟེང་ནས་མནན་ཅིང་འོག་ནས་བཀྱག་ཡོང་གི་ཡོད་སྟབས་དོན་གནད་མང་པོ་ཞིག་མ་མཁྱེན་པ་མ་ཡིན་ཞིང་མ་མཁྱེན་ཁུལ་བྱས་པ་རེད། ངས་ཀྱང་རྒྱ་ནག་གི་ཕྱོགས་ནས་སྲིད་དོན་རྒྱལ་རབས་ཀྱི་གདོང་ལེན་དུ་གཟས་པའི་དེབ་རྒྱལ་རབས་གཡུ་ཡི་ཕྲེང་བ་དང་། ཞ་སྒབ་པའི་སྲིད་དོན་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་དངོས། ལྷག་པར་ཡང་བོད་ཀྱི་ལོ་རྒྱུས་གོ་བབ་དེབ་སྟོད་སྨད་གཉིས་བཅས་ལ་ལྟ་༸ཐྲྤཀློག་ཞིབ་ཚགས་སུ་བགྱིས་ཁུལ་བྱས་རྗེས་གཞི་ནས་སྲིད་དོན་རྒྱལ་རབས་ཀྱི་རྗིད་ཚད་དེ་ནམ་ཡང་ངའི་སེམས་གཏིང་དུ་རྗིད་ཏིག་གེར་གནས་པ་བྱུང་།
འཛམ་གླིང་ཟེར་བ་དེས་རྒྱལ་བ་རིན་པོ་ཆེའི་བརྩམས་པའི་ག་གེ་མོ་ཞིག་བོད་སྐད་དུ་མ་བསྒྱུར་པར་གཞན་ལ་ལེ་བརྡ་ཤ་སྟག་བྱ་རྒྱུ་ལ་དགོས་ཕན་གང་ཡང་མེད། དེ་གནད་འགག་ཆེན་པོ་དེ་འདྲ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་ནཁྱོད་ཀྱིས་སྒྱུར་ཤོག མ་བྱུང་ན་ཡང་ཁྱོད་ཀྱིས་བཤད་པའི་གནད་འགག་ཆེ་གྲས་དེ་ཚོ་གནད་བསྡུས་ཤིག་འདིར་ངོ་སྤྲོད་གནང་རོགས། ཁྱོད་ཀྱིས་རྡ་ས་གཞུང་ཞེས་པ་གང་ཞིག་ལ་འབོད་ཀྱིན་ཡོད། རྡ་ཤོད་དང་ཀ་ཅ་རི་སོགས་སུ་ཡོད་པའི་རྒྱ་གར་གཞུང་གི་ས་གནས་ལས་ཁུངས་དེ་ཚོར་བརྗོད་པ་ཡིན་ནམ། དེ་མིན་གངས་ཅན་སྐྱིད་གཤོང་དུ་ཡོད་པའི་བོད་གཞུང་ལ་ཟེར་བ་ཡིན་ན་དེའི་ཚིག་དོན་ལ་དོགས་སློང་ཁ་ཤས་ཡོད།
སྤོབས་པ་ཁྱེད་ཨིན་སྐད་ཐོག་༸ཐྲྤཀློག་ཐུབ་ཀྱི་མེད་པ་འདྲ། མ་ཟད་ཁྱེད་ཀྱི་སྤྱིར་ལྟངས་ཤེས་བྱའི་གནས་ཚད་ཀྱང་དམའ་བོ་ཡིན་ཚོད་འདུག དེབ་རྣམས་གང་དྲན་ནས་བསྒྱུར་རྒྱུ་དང་སྙིང་དོན་ཚིག་ཁ་ཤས་ནང་བཀོད་ཟེར་བ་དང་། རྡ་ས་གཞུང་གང་རེད་ཟེར་བ་སོགས་ཀྱི་བཀའ་མོལ་ནི་དེང་རབས་ཡར་མཐོན་གྱི་རྣམ་པ་གསལ་གྱི་མི་འདུག་ལ་དྲ་རྒྱའི་ས་ཆ་བཀག་རོགས་ཙམ་རེད། རྒྱལ་བ་རིན་པོ་ཆེའི་མཛད་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པ་དེའི་རྒྱ་བོད་འབྲེལ་མོར་སྐོར་རྒྱས་པོ་ཡོད་པ་མ་ཟད་གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་སྐོར་གྱི་གནས་ཚུལ་ཞིབ་ཁྲ་ཡོད་པ་དེ་ཁྱེད་ལྟ་བུའི་བོད་མི་དམངས་ནས་༸ཐྲྤཀློག་ཐུབ་ན་ཅི་མ་རུངསྙམ་ནས་ལྷག་བསམ་གྱིས་བཤད་པ་ཡིན།
གལ་ཏེ་ཨིན་ཡིག་ཤེས་མཁན་ཞིག་ཡིན་ན་རྒྱལ་ཁབ་ཉམས་དམའ་བའི་དུས་སྐབས་སུ་མི་དམངས་ཀྱི་བསམ་བློ་གཏོང་སྟངས་དེང་རབས་ཅན་ཁ་ཡོད་ལག་ཡོད་དེ་གང་འདྲ་ཞིག་དགོས་མིན་གཤམ་གྱི་ཁ་སྦྱང་འོག་བལ་པོའི་སྲིད་བློན་གསར་པའི་དྲི་ལན་ལ་གཟིགས་ན་ཡག་མོ་འདུག
http://news.bbc.co.uk/2/hi/south_asia/7596523.stm
འཛམ་གླིང་ལ་ཟློ་བ། ངའི་ཤེས་ཚད་དམའ་བོ་ཡིན་ཞིང་དབྱིན་ཇིའི་སྐད་ཡིག་ཚིག་གཅིག་ཀྱང་མི་ཤེས། ཁྱོད་ཀྱི་ཀྱིས་དེབ་གང་བྱུང་དུ་སྒྱུར་མི་རུང་བ་གོ་ཡོད་ན་རྒྱལ་བ་རིན་པོ་ཆེའི་བརྩམས་དེབ་དེ་བསྒྱུར་མི་འདུག་ཅེས་འཁང་ར་ཅིའི་ཕྱིར་བྱས་པ་ཡིན། ཁྱོད་ཀྱིས་རྡ་ས་གཞུང་ཞེས་ཚིག་དོན་ལ་གོ་དོན་གང་ཡང་མེད་པའི་ཚིག་སྦྱོར་སྤེལ་སྟངས་ལས་ཁྱོད་ཀྱང་ཤེས་ཚད་མཐོན་པོ་ཞིག་མིན་པ་འདྲ། དྲི་བ་དང་དོགས་གཅོད་མི་འགྲོ་ལུགས་ལ་བལྟས་ན་དེང་རབས་ཀྱི་ཤེས་ཡོན་དང་ལྟ་རྒྱ་མཐོང་རྒྱ་ཆེན་པོར་ཞལ་གྱིས་འཆེས་པ་དེ་ཡང་འབྲུག་གི་ཚོད་ཀྱི་ཆར་མེད་པ་འདྲ། མ་གཞི་མི་ཁྱོད་གང་ཞིག་གི་འདོད་པ་མ་གང་བ་མི་ཤེས་ཀྱང་སྡུག་ཡུས་ཚང་མ་བོད་གཞུང་དམངས་ལ་འགེལ་འདོད་ཡོད་པ་འདྲ་བས་ཁྱོད་འདྲ་བའི་མིའི་རིགས་ལ་ང་ཞེད་ཀྱིན་འདུག