སོག་མདའ།
རྩེ་གཞུང་རྩྭ་ཐང་ན་ཆགས་ཡོད་པའི་སྡེ་བ་འདི་ལ་དུད་ཁྱིམ་བརྒྱ་ལྷག་ཡོད་པ་དང་། མི་རབས་ནས་མི་རབས་སུ་རྟ་ནོར་ལུག་གསུམ་འཚོས་ནས་འཚོ་བ་རོལ་བཞིན་ཡོད། ལྷག་པར་སྡེ་བ་འདི་ཡི་རྟ་རྒྱུད་ནི་འབྲོག་ཡུལ་འདི་ཕྱོགས་སུ་ཧ་ཅང་སྐད་གྲགས་ཅན་ཞིག་ཡིན་ལ་སྡེ་བའི་མིང་དུའང་རྟ་རྫི་སྡེ་བ་ཞེས་ཐོགས་འདུག དུས་རབས་ཀྱི་རླབས་དང་བསྟུན་ནས་འཕོ་འགྱུར་གང་འཚམས་འགྲོ་བཞིན་པའི་རྟ་རྫི་སྡེ་བར་རླངས་འཁོར་འགྲོ་སའི་ལམ་གང་སར་འཐེན་འདུག་ལ། ཁྱིམ་ཚང་སོ་སོའི་ཐབ་ཀ་ལས་འབར་བའི་མེ་ལྕེ་དགོང་དྲོ་མི་མཐོང་མོད། གློག་སྒྲོན་གྱི་འོད་ལས་སྦྲ་གུར་གསལ་ལྷང་ངེར་མཐོང་ཐུབ་པ་མ་ཟད། ལྷས་ན་བཏགས་ཡོད་པའི་རྟ་ནོར་ལུག་གསུམ་གྱི་མཐའ་ན་ཡང་། ཁྱིམ་ཚང་ལ་ལའི་གློག་སྒྲོན་ཆུང་ཆུང་རེ་བཀར་འདུག
སྔོན་མའི་མི་རྣམས་ཀྱིས་རྒྱུན་གོན་བྱེད་པའི་གོན་པ་ལུག་པགས་ཀྱིས་བཟོས་པའི་རྩག་པ་དེང་སྐབས་གོན་མཁན་ཇེ་ཉུང་དུ་སོང་ནས། འགྱིག་གིས་བཟོས་པའི་གོན་པ་སྣ་ཚོགས་གོན་གྱི་འདུག་ལ། ཁྱིམ་ཚང་རེ་རེའི་སྒོ་འགྲམ་ན་སྦག་སྦག་འཁོར་ལོ་གཉིས་གསུམ་རེ་ཕལ་ཆེར་མེད་མི་སྲིད། དེའི་སྟབས་ཀྱིས་སྔོན་མ་ཁྲི་རྟ་ཡོད་པའི་རྟ་རྫི་སྡེ་བ་འདིར་ད་ལྟ་ཕལ་ཆེར་རྟ་རྒོད་མ་བརྒྱ་ཕྲག་ཙམ་ལས་མེད་ལ། རྟ་རྒྱུགས་འགྲན་བསྡུར་གྱི་སྐབས་སུ་མ་གཏོགས་རྟ་རྣམས་བེད་སྤྱོད་མེད་པར་གྱུར་པས། ད་ནི་རྟ་རྒོད་མ་རྣམས་འབྲོག་མི་རྣམས་ལ་དེ་ཙམ་གྱིས་བེད་སྤྱོད་མེད་པའི་རྐྱེན་གྱིས། རྒྱ་དང་ཁ་ཆེ་མང་པོ་ཡོང་ནས་རླངས་འཁོར་རླངས་འཁོར་བྱས་ནས་རྟ་ཤའི་ཆེད་དུ་ཡུལ་གཞན་ཞིག་ལ་འདྲུད་ཀྱིན་འདུག
རྟ་རྫི་སྡེ་བའི་ཨ་ཁུ་མགོན་པོ་རྫོང་ཐོག་ལ་སོང་ནས། ཁོང་གི་བུ་གསུམ་ལ་ལྷམ་འདེབས་ལོག་རུལ་གྱིས་བཏབ་པའི་ཕྱིང་མཐིལ་མའི་ལྷམ་གསུམ་ཉོས་ཡོད་ཀྱང་། ཁོང་གི་བུ་རྣམས་ཀྱིས་ལྷམ་དེ་དག་གོན་རྒྱུ་ཕར་བཞག མིག་གིས་ཀྱང་ལྟ་མཁན་མི་འདུག་པས། ཕ་རྒན་མགོན་པོས་དབུགས་རིང་དང་ལྷན་རང་ཉིད་ཀྱི་ལྷམ་ལ་ལྟ་བཞིན་འདི་ནི་ངོ་མའི་ཀོ་ལྷམ་རེད། ལོ་དྲུག་གི་སྔོན་ལ་ལྷམ་འདེབས་ལོག་རིལ་གྱིས་བཏབ་པ་རེད་ཟེར། ལྷམ་འདེབས་ལོག་རུལ་ནི་ཡུལ་འདིར་སྐད་གྲགས་ཡོད་པའི་ལྷམ་འདེབས་མཁན་ཞིག་ཡིན་ལ། གཟུགས་ཧ་ཅང་ཐུང་བའི་རྐྱེན་གྱིས་མི་ཚང་མས་ཁོ་ལ་ལྷམ་འདེབས་ལོག་རུལ་ཞེས་འབོད་ཀྱི་ཡོད་འདུག
ཨ་ཁུ་མགོན་པས་ད་རུང་ཡིན་ཡང་ལོ་ལྔ་དང་དྲུག་ལ་གོན་ཐུབ་ཟེར་བཞིན། རྒན་མོ་དབང་མོ་ལ་ང་ལ་ཞག་ཅིག་ཕྱིན་ཟེར་པས། རྒན་མོས་ཀྱང་མར་རྒྱུད་ཀྱི་ཐགས་ཆའི་འོག་ནས། ཞག་ཧ་ཅང་རྙིང་བ་མདོག་ཕལ་ཆེར་ལྗང་ཁུ་ལོག་ཡོད་པ་ཞིག་ཁོང་ལ་སྤྲད་པས་ཞག་དེ་ལག་པར་ཅུང་བྱུགས་ནས་མེ་འོད་ལ་བསྲོས་ཏེ་ལྷམ་གྱི་སྟེང་ལ་བསྐུ་བཞིན་འདུག་ལ། ཁོང་ནི་རྩྭ་ཐང་གི་འབྲོག་མྱི་རྣལ་མ་ཞིག་ཡིན་པའང་ངང་གིས་ཤེས་ཐུབ། ལྷག་པར་ན་ནིང་ནས་བཟུང་འབྲོག་པ་གྲོང་བརྡལ་ཅན་ལ་བསྒྱུར་རྒྱུའི་སྲིད་ཇུས་ཏེ་མགོ་བརྩམས་པ་ནས་བཟུང་། རྟ་རྫི་སྡེ་བའི་ཁྱིམ་ཚང་ཁ་ཤས་ཀྱིས་ཕྱུགས་རིགས་རྟ་ནོར་ལུག་གསུམ་ཡོད་ཚད་རྒྱ་ཁ་ཆེ་སོགས་ལ་བཙོང་ནས་འབྲོག་པའི་སྦྲ་གུར་སོགས་བསྡུ་གསོག་བརྒྱབ་ཅིང་། རྒྱལ་ཁབ་ཀྱིས་སྤྲད་པའི་སྒོར་ཕྱེད་དང་རང་གིས་ཕྱེད་ཀ་ཕྱིན་ནས་ཉོས་པའི་རྫོང་ཐོག་ཏུ་ཡོད་པའི་ཁང་པའི་ནང་དུ་གནས་སྤོས་བྱས་འདུག
ཡིན་ན་ཡང་རྒྱལ་ཁབ་ཀྱིས་བཟོས་པའི་ཁང་པ་དེ་དག་ཟླ་འགའ་ལས་འགོར་མེད་ཀྱང་ཆར་ཞོད་ཆེན་པོའི་སྐབས་སུ་ཁང་པ་དེ་དག་ལས་ཐིགས་ཆུ་ཕྱོགས་ཡར་མར་ནས་ཟགས་ཤིང་། ཁང་པ་བཟོ་བྱེད་ཀྱི་རྒྱུ་ཆ་ཧ་ཅང་ཞན་པས་འབྲོག་མི་རྣམས་ཀྱིས་སྲིད་གཞུང་ལ་ཐེངས་ཁ་ཤས་སྙན་ཞུ་ཕུལ་ནས། ཁང་པ་དག་བཟོས་བཅོས་རྒྱག་དགོས་པའི་སྙན་ཞུ་ཐེངས་ཁ་ཤས་བཏང་ཡང་ཡ་ལན་ཙམ་ཡང་མ་བྱས་པས། འབྲོག་པ་རྣམས་ཀྱིས་རོགས་སྐྱོར་ཞེས་པ་ཁ་ཙམ་ལས་དོན་ལ་གང་ཡང་མེད་པའི་ངེས་ཤེས་སྐྱེས་འདུག་ལ། གསར་འགྱུར་གསར་བ་གཞན་ཞིག་ཡོད་པ་ནི་རྫོང་སྤོས་བསྟན་འཛིན་ཚང་གི་བུ་བློ་བཟང་དོན་འགྲུབ་ཀྱིས་གཡུ་ཉིན་སྡེ་བ་ནས་ཁྱིམ་ཚང་ཞིག་གི་འབྲི་གཡག་སྲོག་བླུ་ཁ་མཐོ་གཉིས་ཡོད་པ་བརྐུས་ནས་བཤས་པ་དང་། དེ་མིན་གཡས་གཡོན་གྱི་ཁྱིམ་མཚེས་དང་། དེ་མིན་འབྲོག་ཁུལ་གྱི་ཁྱིམ་ཚང་ཚོས་དགུན་སའི་ཤུལ་དུ་བཞག་ཡོད་པའི་ཅ་ལག་གང་མང་རྐུན་ལ་ཤོར་བ་དེའང་ཁོ་ཡིན་པ་ཤེས་ནས། ད་ལྟ་རྫོང་མི་དམངས་ཁྲིམས་ཁང་དུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག
དེ་མིན་ད་ལྟ་སྡེ་བ་འདིའི་གཞོན་སྐྱེས་རྣམས་ལས་མེད་དུ་ཆགས་ནས་རྐུ་འཕྲོག་བཅོམ་གསུམ་དང་། རྒྱལ་འགུག་མ་ཅང་སོགས་ལ་མགོ་འཁོར་ནས་རྒྱག་རེས་དང་རྡུང་རེས་བྱས་ནས་མི་གསོད་འཕྲོག་སྦྱོར་གྱི་དོན་རྐྱེན་མང་པོ་འབུད་ཀྱིན་ཡོད་པ་མ་ཟད། གསར་བུ་རྐྱལ་སྟོང་འགའ་རེ་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་སོང་ནས་གཞང་བཙོང་ཁང་གི་བུ་མོ་འདྲ་མིན་ལ་འགྲོགས་ནས་དྲག་རྒྱུ་མེད་པའི་ན་ཚ་དེ་འདྲ་བྱུང་སྟེ། ཉིན་གཉིས་ཀྱི་སྔོན་ལ་ནོར་དགའ་སང་གི་བུ་ཚེ་རིང་དང་དཔེ་ལེགས་ཚང་གི་བུ་ལོ་བཀྲ་གཉིས་སྨན་ཁང་གིས་ཀྱང་ཐབས་ཤེས་མ་རྙེད་པར་འདས་གྲོངས་སུ་གྱུར་པའི་གསར་འགྱུར་ཡང་ཁྱབ་བཞིན་འདུག
ཉིན་འགའི་སྔོན་ལ་རྟ་རྫི་སྡེ་བའི་རྫོང་སྤོས་ཁྱིམ་ཚང་གི་རྒན་པོ་དག་མཉམ་གཅིག་ཏུ་འཚོགས་ནས། ཡང་བསྐྱར་རྫོང་མི་དམངས་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་ཁང་བ་ཞིག་གསོ་དང་རོགས་དངུལ་དུས་ལྟར་སྤྲོད་དགོས་པའི་རེ་འདུན་ཞུས་ཀྱང་། རྫོང་སྲིད་གཞུང་ནས་དེ་ལ་ཡ་ལན་ཙམ་ཡང་བྱས་མེད་ལ། ད་དུང་དེ་ལས་ལྡོག་སྟེ་ཆབ་སྲིད་ཀྱི་གནད་འགག་ཡོད་ཚུལ་བརྗོད་སྟབས། རྟ་རྫི་སྡེ་བའི་རྫོང་སྤོས་ཁྱིམ་ཚང་རྣམས་རྫོང་ཐོག་ཏུ་གནས་སྡོད་མ་བྱས་པར་ཁྱིམ་ཚང་རེ་རེ་བྱས་ནས་ཕྱིར་རྩྭ་ཐང་གི་འབྲོག་ཡུལ་ལ་ཕྱིར་སྤོ་བཞིན་འདུག
རེད། འབྲོག་ས་ནས་གྲོང་ཁྱེར་ལ་སྤོས་ཚར་མཁན་ཚོས་དེང་སྐབས་དཀའ་ལས་ཆེན་པོ་ཞིག་མྱོང་གིན་འདུག་ཟེར། རྒྱ་གཞུང་གི་ཁ་སྙན་མགོ་སྐོར་གྱི་རོགས་དངུལ་ཧ་ཅང་ཉུང་ཉུང་དེས་ཅིར་ཡང་མི་འདང་བའི་ཁར། རོགས་དངུལ་ཐེབས་ཆག་དེ་ཡང་གནས་སྐབས་ཤིག་གི་རིང་ལས་མེད་པ་དང་། རོགས་དངུལ་དེ་ནས་ཀྱང་རྒྱ་རིགས་ལས་བྱེད་དང་བོད་རིགས་ལས་བྱེད་པ་བར་ཁེ་ཟ་མཁན་ཚོས་ལྐོག་ཟས་ལ་བརྟེན་ནས། མཐར་འབྲོག་པ་ཚོའི་ལག་པར་འབབ་རྒྱུ་ནི་རྒྱ་སྒོར་བརྒྱ་གྲངས་སུམ་བཞི་ཙམ་ལས་མི་འདུག་ཟེར།
དུས་མཚུངས་སོ་སོ་ལ་སྔོན་གྱི་འབྲོག་ས་ལྟར་གྱི་རང་བདག་གི་འཚོ་བའི་ཐོན་ཁུངས་ཤིག་གཏན་མེད་གྱུར་པའི་ཁར། འཕྲལ་སེལ་གྱི་ཞོར་ལས་ཙམ་ཡང་རྙེད་རེག་དཀའ་བར་གྱུར་ཏེ། མཐར་འུ་ཐུག་གི་ལས་ངན་རིགས་རྐུ་འཕྲོག་སློང་གསུམ་བྱེད་མཁན་གྱི་འབྲོག་པ་གཞོན་སྐྱེས་ཧ་ཅང་མང་པོ་འདུག་ཟེར། གནས་ཚུལ་དེ་དག་གོ་ཡོང་དུས་སེམས་པ་ཧ་ཅང་གི་སྐྱོ་གཞི་ཞིག་རེད།
འབྲོག་ས་ནས་གྲོང་ནང་གནས་སྤོས་བྱས་པའི་ཁྱིམ་ཚང་རྣམས་ལ་རྒྱ་གཞུང་གིས་རོགས་སྐྱོར་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པའི་སྐབས་འདིར་གནས་སྤོས་བྱས་པའི་ཁྱིམ་ཚང་དེ་དག་ལ་དཀའ་ངལ་ཇེ་ཆེ་ནས་ཇེ་ཆེར་གྱུར་བར་བརྟེན། འབྲོག་མོ་གང་མང་ཞིག་གིས་ད་ལྟ་གཞང་བཙོང་སྟེ། འཚོ་ཐབས་སྐྱེལ་བཞིན་ཡོད་པ་རེད། ང་ཚོའི་མཐོ་སྒང་རྩྭ་ཐང་གི་འབྲོག་མོ་ཚོར་འཕྲོད་བསྟེན་གྱི་ཉམས་མྱོང་དང་རྒྱུན་ཤེས་ཅི་ཡོད་ནི་ཀུན་གྱིས་ཤེས་གསལ་དེར་བརྟེན། མཐར་ང་ཚོའི་བོད་ཡུལ་འདི་ཨེ་ཙིའི་ན་ཚའི་བསྟི་གནས་ཆེ་ཤོས་ཤིག་ཏུ་འགྱུར་ངེས་རེད།