ཆང་སྐྱེས།
ཕྱུག་བདག་རྒྱ་མོ་ཚོའི་འཛུམ་ལ་ཆགས་ཏེ།།
སྐྱབས་འགྲོ་གདུགས་དཀར་གྱི་མགུར་དབྱངས་འཐེན་པའི།།
སྤྲུལ་བའི་སྐུ་ལོ་ཚོར་དད་པ་བྱོས་དང་།།
ལྷ་ཡུལ་དག་ཞིང་ནི་བདམ་ཀ་བྱས་ཆོག །
ཇ་ཆང་ཤ་མར་གྱི་ཚོགས་ལ་རོལ་ཏེ།།
ལྷ་མིན་མི་མིན་ལ་ཁ་ལོ་བསྒྱུར་བའི།།
སྔགས་འཆང་མཁན་པོ་ཚོར་ཞབས་ཞུ་སྒྲུབས་དང་།།
ལྷ་ཡི་བུ་མོ་ཞིག་བག་མར་གནང་སྲིད།།
ལྟག་སྒོ་ཆུང་ཆུང་ནས་འཛུམ་གྱིས་འཛུལ་ཏེ།།
མཐོན་པོའི་ཁྲི་ཐོག་ན་རྫིག་པོར་འགྱིངས་པའི།།
སྐུ་ངོ་ངོ་མ་ཚོར་ཁ་ཡག་ཤོད་དང་།།
གོ་ས་ཆུང་ཆུང་ཞིག་ཡུན་གྱིས་ཐོབ་སྲིད།།
ཕྱུག་བདག་ཨ་ཞང་གི་རྐང་པར་འཐམ་ཏེ།།
སྟོད་སྨད་བར་གསུམ་ན་རྒྱུ་ནོར་གསོག་པའི།།
ཚོང་དཔོན་རྒྱགས་པ་ཚོར་ཉེ་ཉེ་བྱོས་དང་།།
ཐུག་པ་དཀར་ཡོལ་གང་སྦྱིན་ཡང་སྲིད་མོད།།
ཤེལ་མིག་དཀར་བོ་ཞིག་སྣ་རྩེར་དཔྱངས་ཏེ།།
འབྲེལ་སྒྲ་བྱེད་སྒྲ་ལ་ཐེ་ཚོམ་ཆེ་བའི།།
དགེ་རྒན་དམ་པ་ཚོས་གསུང་བཞིན་བརྩོན་དང་།།
མི་རིགས་རིག་གནས་ལ་ཞབས་ཞུ་བསྒྲུབ་ཐུབ།།
རྒྱན་འཇོག་རྐུ་འཕྲོག་གི་ལམ་ལ་ཞུགས་ཏེ།།
གླུ་ཁང་རྩེད་ཁང་ན་ཉིན་བཞིན་འཁྱོར་བའི།།
ཞེ་མཐུན་གྲོགས་པོ་ཚོའི་ཁ་ལ་ཉོན་དང་།།
བདེ་སྐྱིད་དཔལ་བཟང་གི་ཉི་མ་ཤར་ཡོང་།།
ཕྱི་ནང་གསལ་མཐོང་གི་གོས་ཀྱིས་གཡོགས་པའི།།
གཟུགས་མཛེས་ནུ་འབུར་གྱི་ལྷ་མོ་དེ་ཚོ།།
བརྒྱ་ཤོག་བརྩེགས་མ་ཡི་མགྲོན་ལ་བོས་དང་།།
ཞག་གཅིག་ཞག་གཉིས་ལ་རུམ་ཡང་སྲིད་དཔེ།།
ཆབ་ཆའི་མགྲོན་ཁང་ཞིག་ནས་བྲིས
ནུ་འབུར་རབ་རྒྱས་མཛེས་མ་ཞིག །
མི་ཚེའི་མཉམ་རོགས་ཅིག་བྱུང་ན། །
ཕྱུག་པ་དང་མཁས་མཛངས་ངར་མི་དོགས། །
མིང་དང་གོ་ས་ངར་མི་དགོས། །
དགེ་རྒན་མཁས་པ་བསྟེན་གྱུར་ན། །
རང་ཉིད་མཁས་པའི་གོ་འཕང་ཐོབ། །
བླ་མ་རྩ་ཆེན་བསྟེན་གྱུར་ན། །
རང་ཉིད་འདི་ཕྱིའི་དོན་སྙིང་ཐོབ། །
ཆང་སྐྱེས་ཆང་ལས་སྐྱེས་གྱུརད་ཀྱང་། །
འདམ་སྐྱེས་འདམ་ལས་སྐྱེས་བཞིན། །
འདམ་གྱི་མ་གོས་པད་མ་ལྟར། །
ཆང་གིས་མ་གནོད་ཕོ་རབ་གྱིས། །
མཁས་པ་བསྟེན་ནས་རྨོངས་ལས་ཐར་སོང་ན།།
བླ་སྤྲུལ་རྒྱ་མོའི་མདུན་གྱི་གཟི་བརྗིད་དང་།།
དམངས་ངོར་དཔོན་དུ་ཆས་ནས་གཞན་ཡུལ་ན།།
ཟློས་གར་སྙིང་པོ་ཡོད་མེད་ཤེས་པར་ངེས།།