མི་དྲང་མོ་ནས།
སྤྱི་ཚོགས་གང་དང་ཡུལ་ལུང་གང་དུའང་རྩོད་ཉོག་ཡོད་ལ་འཐེན་འཁྱེར་ཡང་ཡོད། ཐ་ན་མི་མང་བོ་ཞིག་ལའང་རང་ངོས་ནས་འཐེན་འཁྱེར་དང་རྩོད་ཉོག་ཡོད། འཐེན་འཁྱེར་དང་རྩོད་ཉོག་འགའ་ཤས་ཤིག་ཕན་པ་དང་ཁེ་བཟང་ཡོད་པའི་རྩོད་ཉོག་ཡིན་ལ། འགའ་ཤས་ཤིག་ཕན་པ་དང་ཁེ་བཟང་མེད་པའི་རྩོད་ཉོག་ཡིན། ང་ཚོ་བོད་ཀྱི་སྤྱི་ཚོགས་སུ་མང་བ་ནི་རྗེས་མ་འམ་གཉིས་པ་དེ་ཡིན། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་སུ་བོད་ནང་ཁུལ་དུ་གནའ་ནས་ད་བར་དུ་ཚར་རྒྱུ་མེད་པའི་རྩོད་ཉོག་དེ་ཡོད་ལ། དེའང་ཕན་པ་དང་ཁེ་བཟང་མེད་པའི་རིགས་སུ་གཏོགས། དེ་ལ་མང་བོ་ཞིག་ཡོད་དེ། ཆོལ་ཁ་དང་ཆོས་ལུགས་ནས་གཞིས་ཆགས་དང་གསར་འབྱོར་བར། དམའ་རིམ་སྤྱི་ཚོགས་དང་གཞུང་ཞབས་བར། དེ་དག་ལས་ཀྱང་རྣོ་ངར་ཅན་དང་མངོན་སུམ་དོད་པོ་ནི་སྤྱི་འཐུས་གྲོས་ཚོགས་ནང་ཡིན།
སྤྱི་འཐུས་གྲོས་ཚོགས་ནང་ནས་འུར་ཆུང་ཆུང་ཞིག་ལངས་པ་ཡིན་ན་ཕྱི་ལོག་གི་མི་མང་གིས་འུར་ཆེན་པོ་ཞིག་སྒྲོག་ངེས་ཡིན། དེ་ནི་ལོས་ཡིན་ཏེ། སྤྱི་འཐུས་གྲོགས་ཚོགས་ནི་ང་ཚོའི་ཕྱི་སྡོད་བོད་ཀྱི་མཐོ་རིམ་མི་སྣའམ་དབང་འཛིན་སྡེ་ཁག་ཡིན་པས་ཆུ་འགོ་ནས་བརྙོག་ན་མཇུག་ནས་ཀྱང་དྭངས་དཀའ་བའི་དཔེ་རེད། དྲང་མོར་བཤད་ན། སྤྱི་འཐུས་གྲོས་ཚོགས་ནི་ཆོལ་ཁ་དང་ཆོས་ལུགས་གཅིག་གྱུར་ལ་སྲུང་སྐྱོབ་དང་ལྟ་སྐྱོང་བྱེད་ས་ཞིག་མིན་པར་དེ་དག་ལ་གཏོར་བཤིག་གཏོང་ས་ཞིག་རེད། ག་དུས་ཡིན་ན་གྲོས་ཚོགས་འཚོགས་ཐེངས་རེར་ཉོག་དྲ་སྣ་ཚོགས་ཡོད་ལ། དེ་དག་ཀྱང་འཐེན་འཁྱེར་ཕྱོགས་ལྷུང་གི་བསམ་བློས་དེད་པའི་ཚོར་བ་རྣོ་ངར་ཅན་འབའ་ཞིག་ཡིན་པ་ལས་སྤྱི་དོན་དང་རྒྱུ་འབྲས་བློ་མིག་གི་ཚོར་བ་རྣོ་ངར་ཅན་ཧ་ཅང་ཉུང་ཉུང་རེད།
ཁོ་ཚོས་གྲོས་ཚོགས་ནས་སྤྱི་ལ་ཕན་པའི་བསམ་བློ་གསར་བ་ཨེ་རྙེད་ལ་མི་ལྟ་བར། ཐ་ན་གནམ་གྲུའི་འཛིན་བྱང་གི་འགྲོ་སོང་བརྩད་ནས་གཞུང་དོན་ཐག་གཅོད་ཀྱི་དུས་ཚོད་མང་བོ་ཆུད་ཟོས་སུ་བཏང་བ་མ་ཟད། དེ་ལས་འཕྲོས་ནས་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་གི་སྐད་ཆ་བྱུང་ནས་སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་མང་བོ་རང་བཞིན་གྱིས་ཁོ་ཆད་པར་བྱས་པའི་དོན་དག་ཀྱང་བྱུང་བ་ལྟ་བུ་རེད། སྤྱི་འཐུས་གྲོས་ཚོགས་ནང་གི་གནད་ཡོད་མི་སྣ་དག་ནི་འབངས་མི་སེར་གྱི་ཁ་མིག་ཡར་ལྟ་བྱེད་ས་དང་མགོ་ཟུར་རྣ་བས་ཉན་ས་ཡིན་པས་སྤྱིར་བཏང་ཡིན་ན་ཁོ་ཚོས་སྐད་ཆ་རེ་རེ་དང་སྤྱོད་ལམ་རེ་རེ་ལ་གཟབ་དགོས་པ་ནི་རང་རང་གི་ཕྲག་ན་གཡོལ་ཐབས་མེད་པའི་འགན་ཞིག་ཅི་ལ་མིན། འབངས་མི་སྟོང་ཕྲག་ཁྲི་ཕྲག་གིས་ཁྱེད་ཚོ་ལ་བལྟས་ནས་ཡོད། ཉན་ནས་ཡོད། གོང་ནས་ཐལ་ཆ་ཆེ་བའི་གཏམ་དང་སྤྱོད་པ་མངོན་ཡོང་དུས་ཕྱི་ལོག་མི་མང་བོ་ཞིག་རང་བཞིན་གྱིས་ཁོ་ཆད་དང་བློ་ཕམ་བྱུང་གི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན།
རྩོད་ཉོག་ལ་རིགས་གཉིས་བཀར་རྒྱུ་ཡོད་པའི་དང་པོ་ཁེ་བཟང་ཡོད་པའི་རྩོད་ཉོག་ནི། དཔེར་ན། བོད་རང་བཙན་རྩོད་པ་ནི་བོད་སྤྱི་བའི་ཁེ་ཕན་རྩོད་པ་ཡིན་པས་ཁེ་བཟང་ཡོད་པའི་རྩོད་ཉོག་ཡིན། བོད་ཀྱི་རྩྭ་ས་རྩོད་པ་ནི་ཕྱོགས་གཅིག་ལ་རྩྭ་ས་ཆེ་རུ་འགྲོ་བའི་སྡེ་བ་གང་ཞིག་གི་འཚོ་རྟེན་ལ་འབྲེལ་བ་ཡོད་པས་ཁེ་བཟང་ཡོད་པའི་རྩོད་ཉོག་ཡིན། ལུག་གཅིག་ཁོའི་རེད་ངའི་རེད་གི་རྩོད་ཉོག་དེ་བརྩད་ནས་ཐོབ་ན་ལུག་གཅིག་ཐོབ་པའི་ཁེ་བཟང་ཡོད་པས་དེའང་ཁེ་བཟང་ཡོད་པའི་རྩོད་ཉོག་ཡིན། དེ་ལྟར་ཁེ་བཟང་ཆེ་མ་ཆུང་གསུམ་ཡོད་པའི་རིགས་དེ་བརྩད་ཀྱང་ཆོག་ལ་བརྩད་ནའང་དོན་སྙིང་ཡང་ཡོད་པར་བསམ།
གཉིས་པ་ཁེ་བཟང་མེད་པའི་རྩོད་ཉོག་དང་འཐེན་འཁྱེར་ནི། སང་ཉིན་རྩྭ་ས་གཞུང་བཞེས་གཏོང་གི་ཡོད་ནའང་དེ་རིང་རྩྭ་ས་བརྩད་ནས་དོན་རྐྱེན་བཟོ་བ་ལྟ་བུ་དང། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་འདིར་སུ་ཞིག་སྲིད་སྐྱོང་ལ་འདུག་མིན་གྱི་ཆོལ་ཁའི་འཐེན་འཁྱེར་དང་སུ་ཞིག་སྤྱི་འཐུས་སུ་འདེམས་མིན་གྱི་ཆོལ་ཁ་བྱེ་བྲག་པའི་འཐེན་འཁྱེར། ཐ་ན་བོད་ཀྱི་མཛངས་མ་སུ་ཞིག་ཆོལ་ཁ་གང་ཞིག་གི་ཡིན་མིན་གྱི་འཐེན་འཁེྱར་དང་དེ་བོད་པ་ཡིན་མིན་གྱི་རྩོད་ཉོག་དག་ནི་ཁེ་བཟང་མེད་པའི་རིགས་སུ་གཏོགས།
དེ་དག་ལ་འཐེན་འཁྱེར་དང་ཕྱོགས་སུ་སོང་བས་དགེ་མཚན་དང་ཁེ་བཟང་གང་ཡང་མེད་པ། དཔེར་ན། ༸གོང་ས་ལྔ་བ་ཆེན་མོ་དབུས་གཙང་ཆོས་ཀྱི་ཆོལ་ཁར་འཁྲུངས་པས་ཆོས་ཀྱི་ཆོལ་ཁ་ལ་ཆོལ་ཁ་གཞན་གཉིས་དང་མ་འདྲ་བའི་དགེ་མཚན་དང་ཁེ་བཟང་སོགས་ཕན་པ་ཅི་ཡང་མེད་པ་ལྟ་བུ་དང། ༸རྒྱལ་དབང་བདུན་པ་ཆེན་པོ་ཁམས་ཕྱོགས་སུ་འཁྲུངས་པས་ཁམས་པ་མི་ཡི་ཆོལ་ཁ་ལའང་ཆོལ་ཁ་གཞན་གཉིས་དང་མ་འདྲ་བའི་ཁེ་བཟང་དང་དགེ་མཚན་ཅི་ཡང་མེད་པ་ལྟ་བུ། ༸གོང་ས་བཅུ་བཞི་ཆེན་པོ་མདོ་སྨད་རྟ་ཡི་ཆོལ་ཁ་ལ་འཁྲུངས་པས་རྟ་ཡི་ཆོལ་ཁ་ལ་ཆོལ་ཁ་གཞན་གཉིས་དང་མ་འདྲ་བའི་ཁེ་བཟང་དང་དགེ་མཚན་ཅི་ཞིག་ཡོད་གི ཅི་ཡང་མེད་པ་ང་ཚོ་ཆོལ་གསུམ་བོད་མི་ཚང་མས་མཐོང་བ་མངོན་སུམ་ཡིན་བཞིན་དུ་ཅིའི་ཕྱིར་འདི་ལ་དེ་འདྲའི་ཚོར་བ་རྣོན་པོས་གཅིག་རྒྱབ་གཅིག་ལངས་བྱེད་དགོས་པ་རེད།
ངས་འདང་ཅི་ལྟར་བརྒྱབ་ཀྱང་ངས་ངོ་མ་མི་ཤེས་གི དཀོན་མཆོག་གསུམ་ངས་ངོ་མ་མི་ཤེས་གི དེ་ནས་མར་ལ་ཤོག་དང། ཟམ་གདོང་རིན་པོ་ཆེ་ཁམས་ནས་རེད། བཀའ་བློན་ལ་བཞུགས་མྱོང་ནི་རེད། ཁམས་པ་ཚོ་ལ་ཕན་ག་རེ་ཐོགས་སོང། དེའི་རྗེེས་ལ་བློ་བཟང་སེང་གེ་ཁམས་ནས་རེད། ཚ་ཚ་འུར་འུར་གྱི་ཁྲོད་ནས་སྲིད་སྐྱོང་ཐོབ་པ་མ་ཟད་སྲིད་སྐྱོང་ལས་ཐོགས་པ་རེད། ཁམས་པ་ཚོ་ལ་དམིགས་བསལ་གྱིས་ཁེ་བཟང་ག་རེ་རག་གི་འདུག དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མདོ་སྨད་ཀྱི་རེད། མདོ་སྨད་ལ་ཕན་པ་དང་ཁེ་བཟང་ཅི་ཞིག་ཡོད་གི
འདི་དག་ལ་འཐེན་འཁྱེར་དང་རྩོད་ཉོག་ཅི་ལྟར་བྱས་ཀྱང་སུ་གང་ལའང་ཕན་པ་ཡོད་ནི་མ་རེད། ཕན་པ་མེད་པ་དེ་ངས་མི་བཤད་གཡག་གིས་བཤད་ཡོང་ཞེས་པ་ནང་བཞིན་ང་ལྟ་བུ་ཞིག་གིས་བཤད་དགོས་ནི་ཞིག་མ་རེད། དངོས་ཡོད་མངོན་སུམ་གྱིས་བཤད་མི་དགོས་བཤམས་བཞག་ཡོད་པ་དེ་རེད། དོན་དག་འདིའི་རིགས་ང་ལྟ་བུའི་བློ་གཟུ་བོར་གནས་པའི་མི་དྲང་མོ་དག་གིས་མ་གཏོགས་མཐོང་མི་ཐུབ་ལ་སྤྱི་ཚོགས་འདིར་སྤྱི་དོན་བསམ་མཁན་དང་གཟུ་བོར་གནས་མཁན་ཉུང་དྲག་པས་ཡ་ང་ཞིང་ཡིད་མུག་པའི་དགོས་མེད་ཀྱི་འཐེན་འཁྱེར་དང་རྩོད་ཉོག་དེ་དག་འབྱུང་དང་འབྱུང་བཞིན་ཡོད་པ་རེད།
མི་སུ་ཞིག་སྲིད་སྐྱོང་ངམ་སྤྱི་འཐུས་སུ་བཞེངས་ན་དེ་ལ་འོས་འཕེན་མཁན་རང་རང་གི་ངོས་ནས་ཕྱོགས་སུ་ལྷུང་བའི་ཀུན་སློང་མེད་པར་རྒྱུ་མཚན་ངེས་ཅན་ཞིག་གིས་འདེམས་པ་ཡིན་ན་འོས་ཤོག་དོན་དང་ལྡན་པ་རེད་ཅེས་ཟེར་ཆོག་ལ་སྤྱི་དོན་ལ་བསམ་བློ་བཏང་ནས་རང་རང་གི་འགན་འཁྲི་དང་ཐོབ་ཐང་ལ་བརྩི་འཇོག་བྱས་པ་རེད་ཅེས་ཀྱང་ཟེར་ཆོག
ཡིན་ནའང་། ང་ལ་མཚོན་ན་བསམ་བློ་དེ་འདྲ་ཁུར་ནས་རང་རང་གི་ཐོབ་ཐང་ལེན་མཁན་ཧ་ཅང་ཧ་ཅང་ཉུང་ཉུང་ཡིན་རྒྱུ་རེད་བསམ་པ་དང་བརྒྱ་ཆའི་བརྒྱུད་ཅུ་དགུ་བཅུ་འཐེན་འཁྱེར་ཕྱོགས་ལྷུང་གི་ལམ་དུ་འགྲོ་བ་མ་ཟད། ད་དུང་ལོ་མང་བོའི་རིང་ལ་དེ་ལྟར་འགྲོ་རྒྱུ་རེད་བསམ་གི
དྲང་མོར་བཤད་ན། ཆོལ་ཁ་གང་ཞིག་གི་མི་སུ་ཞིག་ལ་སྲིད་སྐྱོང་གི་ཆོ་ལོ་རག་ཀྱང་ཆོལ་ཁ་གཞན་གཉིས་དང་མ་འདྲ་བར་དམིགས་བསལ་གྱིས་ཆོལ་ཁ་དེ་ལ་ཕན་སྐར་མ་གང་ཡང་ཐོགས་གི་མ་རེད། ཕན་པ་ཞིག་ཐོག་ན་ཆོལ་གསུམ་བོད་མི་ཡོངས་ལ་ཕན་ཐོགས་གི་རེད། དེ་ནི་དངོས་ཡོད་གནས་ཚུལ་ཡིན་ཏེ། ༸རྒྱལ་བ་ཡབ་སྲས་གསུམ་གཙོ་བྱས་པའི་སྔོན་བྱོན་གྱི་བོད་ཀྱི་མཁས་དབང་དག་དང། ཉེ་རབས་ཀྱི་དགེ་འདུན་ཆོས་འཕེལ་དང་། དུང་དཀར་བློ་བཟང་འཕྲིན་ལས། དོན་གྲུབ་རྒྱལ། སྙན་ཤུལ་མཁྱེན་རབ་འོད་གསལ་སོགས་བོད་ཀྱི་མཁས་པ་དེ་དག་གིས་བོད་སྤྱི་ལ་བཞག་པའི་བྱས་རྗེས་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་དེ་དག་རེད།
ངས་ཅི་ཞིག་བཤད་གི་ཡོད་ཟེར་ན། བོད་པ་མཁས་པ་དང་འཇོན་པོ། ལ་རྒྱ་ཅན་དང་སྤྱི་སེམས་ཅན་ཞིག་གང་ན་ཡོད་ཀྱང་བོད་སྤྱི་ལ་ཕན་ཐོགས་གི་རེད་ཟེར་གི་ཡོད། དེའི་རྐྱེན་གྱིས་མི་དེ་འདྲ་ཞིག་གང་ན་ཡོད་ན་དེ་ལ་རེ་བ་དང་ཡིད་ཆེས་ཀྱིས་གཙུགས་སུ་བཀུར་རིགས་ལ་བཀུར་ཀྱང་དགོས་ཞེས་སེམས་གཏམ་དྲོན་མོ་ཞིག་བཤད་གི་ཡོད། གལ་ཏེ་སྲིད་སྐྱོང་གང་དེས་ཆོལ་ཁ་གཞན་གཉིས་དང་མ་འདྲ་བའི་སྒོ་ནས་རང་གི་ཆོལ་ཁ་དང་ལུང་ཚན་གཉེན་ཉེ་སོགས་ཀྱི་སྐོར་ལ་དབང་ཚད་སྒེར་སྤྱོད་ཀྱིས་ལྟ་སྐྱོང་གིས་ཕན་བཏགས་པའི་ལས་བྱས་པ་ཡིན་ན་སྲིད་སྐྱོང་གང་དེས་ཞབས་འདྲེན་དང་ངོ་ཚ་ཡིན་ལ་འབངས་མི་སེར་གྱིས་ཀྱང་ལྟ་སྟངས་ཡག་པོ་མི་འཛིན་པར་ཁོ་རང་གི་མིང་དང་སྙན་གྲགས་གོ་ཐོབ་སོགས་མེད་པར་བྱས་པ་མ་ཟད་བཀྲུས་ཀྱང་དག་ཐབས་མེད་པའི་ནག་ཉེས་བསགས་པ་ཡིན།
དེའི་རྐྱེན་གྱིས་སྲིད་སྐྱོང་དང་སྤྱི་འཐུས་སོགས་ལ་འོས་འཕེན་ཚེ་འདེམས་བྱའི་མི་དེའི་ལོ་རྒྱུས་དང་གནས་བབ་སོགས་ལ་རང་ངོས་ནས་གང་ཐུབ་ཀྱིས་རྩད་གཅོད་དང་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན། རྒྱུ་དངོས་ཀྱི་དབང་དུ་མི་འགྲོ་བ། ངོ་སོའི་དབང་དུ་མི་འགྲོ་བ། ལུང་ཚན་དང་གཉེན་ཉེ་གྲོགས་པོ་སོགས་ཀྱི་དབང་དུ་མི་འགྲོ་བར་རང་ངོས་ནས་འདེམས་པ་ནི་ཆེས་དྲང་ཞིང་ཚད་དང་ལྡན་པའོ། དེ་ནི་སྤྱི་དོན་ཁུར་དུ་བླངས་པ་ཡིན་ལ་རང་ཉིད་ཀྱི་ཁེ་དབང་ལ་ལོངས་སུ་སྤྱད་པའང་ཡིན། མི་སུ་ཡིན་ཡང་རང་ཉིད་ནི་ནམ་ཡང་རང་ཉིད་བྱེད་པ་ལས་གཞན་ཞིག་བྱ་འདོད་མེད། གལ་ཏེ་ཡོད་ན་དེ་ནི་བྲན་གཤིས་མཐུག་མཁན་དང་རང་ཚུགས་མེད་མཁན་ཡིན་པས། བསམ་བློ་ཡག་པོ་ཞིག་བཏང་སྟེ་རང་གི་ཁེ་དབང་ལ་རང་གི་ལོངས་སུ་སྤྱོད་རོགས་ཟེར་བ་ཡིན།
ཕལ་ཆེར་ཁོ་རང་མ་གཏོགས་དྲང་པོ་མེད་འདྲ་བཤད་འདུག་གདའ། ཧཧཧཧཧཧ་་་་་་་་དངོས་གནས་ཡིན་རྒྱུ་རེད། ག་རེ་བསམ་ན་རང་དབང་རེད་དོ།
མི་དྲང་མོ་ལགས་ ག་རེ་བཤད་ནའི་རང་དབང་རེད་ ཡིན་ནའི་ཀློག་ན་གོ་ཡས་དང་ དོན་བདག་ཡོད་པ་ཞིག་བྲིས་དགོས། ཁྱེད་རང་གིས་བྲིས་པ་དེ་དེང་སང་གི་དངོས་ཡོད་གནས་ཚུལ་དངམཐུན་གི་མིན་འདུག་ དིང་སངས་ཆོལ་ཁ་ཆོས་ལུགས་བཤད་མཁན་ཡོ་མ་རེད་ དེ་ལོ་ཉི་ཤུའི་གོང་གི་གནས་ཚུལ་རེད། དིང་སང་མི་ཚང་མ་ལམ་དབུ་མ་དང་རངབཙན་། ཤེས་ཡོན་དང་ བྱོན་ཐང་བཤད་གི་ཡོ་རེད་འོ།
མི་དྲང་མོ་ལེགས་ཀྱིས་རང་ཉིད་བསམ་ཚུལ་རྩོམ་ཡིག་བཀོད་པ་རགས་ཙམ་བཀླགས། རང་གིས་མཐོང་ཚུལ་བྲིས་པར་ལེགས་སོ།
སྐབས་འབབས་ཀྱི་ཉོག་ཅེས་པའི་སྒྲ་ལ་རྩོད་རྙོག་བསླང་དགོས་ཏེ། དེ་ཡང་ཉོག་ནི་རྩོམ་ཡིག་འདི་འབྲི་བ་པོ་ཙམ་མ་ཡིན་པར་ཁ་སྐད་གཙོ་བོར་བྱེད་པ་ལས་བྱུང་། གལ་ཏེ་མཁས་པས་བྲིས་པའི་ཡི་གེ་རྗེས་སུ་འབྲངས་ན། རྙོག་ཅེས་དགོས་ཏེ། དག་ཡིག་ཟ་མ་ཏོག་ན།
་
སྔོན་གྱི་ནོར་རྙིང་ཆུའི་རྙོག་མ།
་
ཞེས་དང་། ཐུན་དྲུག་རྣལ་འབྱོར་གྱི་འདོན་པ་ན།
་
རྙོག་པར་མི་འགྱུར་དེ་ལྟར་བྱ།
་
ཞེས་གསུངས་སོ།
ཅི་ཟེར། རྒན་ལ་དྭགས་པས། དྲང་མོ་‚ལགས‚མི་ཟེར་བར་དྲང་མོ་‚ལེགས་‚ཟེར། སྐབས་‚བབས་‚མི་ཟེར་བར་སྐབས་‚འབབས་‚ཟེར། འདི་མཁས་པ་སུའི་ལུགས་རེད།
’རྙོག་’དང་‚ཉོག‚ནི་རྩོམ་པ་པོའི་བརྗོད་འདོད་གང་ཡིན་པ་ལ་ལྟོས་པ་ཡིན། ཕྲལ་དང་བྲལ། འབེབས་དང་འབབ། བབས་དང་ཕབ། འགག་དང་བཀག། བཀང་དང་གང་། བཤིག་དང་ཞིག བསྐོར་དང་འཁོར་སོགས་ཀྱིས་མཚོན་བྱེད་འབྲེལ་བྱེད་མེད་གང་ཡིན་ལ་བལྟས་ཏེ་སོ་སོར་སྦྱར་བར་བྱ་བ་ཉིད་དོ། །
ཁྱེད་ལྟར་ན། ‚སྙོག་‚ཀྱང་བྲི་མི་རུང་བ་འདྲ་སྟེ། ‚རྙོག་‚གཅིག་པུ་དག་མཐའ་ལ་འཇོག་པས་སོ། །འོན་ཀྱང་དེ་གཉིས་གདམ་ང་རེད། །
ཉོག་ཡིན་ན། སུས་ཀྱང་མ་བྱས་པ་རེད། མིས་བཟོས་ཙ་ན། རྩོད་རྙོག་ཅེས་བྲིས་དགོས་པ་རེད།
ཨ་ཁུ་ནོེར་བུ་ལགས། ཁྱོད་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་འཐེན་འཁྱེར་དང་རྩོད་རྙོག་ནི་ངོ་མ་མ་ཤེས་པ་རེད་དམ་ཡང་ན་མ་ཤེས་ཁུལ་བྱས་པ་ཡིན། འདི་ལ་དཔེ་མཚོན་མང་བོ་ཞིག་མི་དགོས་ཏེ་ཁ་དང་གི་ཇོ་ནང་ཆོས་བརྒྱུད་དང་འབྲེལ་བའི་གྲོས་ཚོགས་ནང་གི་མི་དེ་ཚོས་བྱེད་སྟངས་ལ་གཅིག་ལྟོས་དང་ཧ་གོ་གི་མི་འདུག་གམ།
མི་དྲང་མོ་ལས། མི་དྲང་པོ་དག་པ་རེད།
ལྔ་བ་ལས། ལྔ་པ་དག་པ་རེད།
ཁམས་ཉོག་ཟེར། ཁམས་རྙོག་མི་ཟེར། བརྩད་བརྩད་ནས་ཉོག་སོང་ཟེར། བརྩད་བརྩད་ནས་རྙོག་སོང་མི་ཟེར། བཅགས་ནས་ཆག་སོང་ཟེར། བཅགས་ནས་བཅགས་སོང་མི་ཟེར།
བོད་ཕྱི་རོལ་ན། ལྔ་བ་མི་བྲི་བར་ལྔ་པ་ཞེས་སུ་འབྲི་མཁན་མང་མོད། རྒྱུ་མཚན་བགྲང་དུ་མེད། དེ་བས་ལྔ་བ་ཞེས་བྲི་ན། རྟགས་འཇུག་རྩ་བར། མོ་ཡིས་མོ་ཡི་མིང་མཐའ་དྲངས། །ཞེས་གསུངས་པ་ལྟར་རྟགས་མཚུངས་ཀྱི་འགྲེལ་འགྲོ་བ་རེད་དོ། །
བོད་སྐད་སྦྱོང་ཞིང་འབྲི་བ་དག་གིས་ལགས་དང་། ལེགས་ཀྱི་ཁྱད་པར་ཤེས་དགོས།
ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། ཅེས་པར་ཁ་སྐད་བཙན་པས་ལགས་པར་མཆོད། ཅེས་དང་། ལེགས་སོ་ལེགས་སོ། ཞེས་པར་ལགས་སོ་ལགས་སོ། ཞེས་དགོས་སམ།
་
སྐབས་‚བབས་‚མི་ཟེར་བར་སྐབས་‚འབབས་‚ཟེར། འདི་རྣམས་ལོ་ཡག་ལེགས་ཀྱིས་སླར་ཡང་ཁ་མཚོན་ཆོད་པ་ཞིག་འབྲི་བར་མཛོད།
ཕྲལ་དང་བྲལ། འབེབས་དང་འབབ། བབས་དང་ཕབ། འགག་དང་བཀག། བཀང་དང་གང་། བཤིག་དང་ཞིག བསྐོར་དང་འཁོར་སོགས་གོ་བ་ཡོད་པ་ལེགས་པ་ཞིག་ཡིན་འདུག དེ་ཡང་འདི་ཉིད་ཡུལ་ཡོད་བྱ་ཚིག་དང་། འདི་ཉིད་ཡུལ་མེད་བྱ་ཚིག་ཡིན་ཞེས་དབྱེ་བ་འབྱེད་དགོས་།
’རྙོག་’དང་‚ཉོག‚ནི་རྩོམ་པ་པོའི་བརྗོད་འདོད་གང་ཡིན་པ་ལ་ལྟོས་པ་ཡིན། དེ་ལྟར་ཡིན་ན། ཞ་ལུ་ལོ་ཙ་པ་ཆོས་སྐྱོང་བཟང་པོ་སོགས་ཀྱིས་འབད་པ་ཆེན་པོས་དག་ཡིག་བརྩམས་པའི་དགོས་པ་དོན་མེད་དུ་འགྱུར་རོ།
དང་པོ།
གཉིས་པ།
གསུམ་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དགུ་པ།
བཅུ་པ་ཞེས་བྲིས་ན། བརྗོད་བདེ་བྲི་རླ། ཤེས་སླ་བ་མི་འདུག་གམ།
ད་དུང།
རྐང་པ། ངང་པ། ཁང་པ། ཀ་པ། ཁ་པ། ག་པ་སོགས་ལས། རྐང་བ། ངང་བ། ཁང་བ། ཀ་བ། ཁ་བ། ག་བ་སོགས་འབྲི་སྲོལ་མེད།
ཀ་བ་ཟེར་ན། གདུང་སྟེགས་ཀྱི་དོན་བྱེད་ནུས་པ་ལ་གོ ཀ་པ་ཞེས་པ་ནི་ཀ་ཡི་སྡེ་ཚན་གོ་དགོས་པས། རྟགས་མཚུངས་འདྲེན་ནས། མཐའ་འཇུག་བརྗོད་བདེ་འདྲེན་པ་འདི་ཉིད། དཔེ་རྙིང་དང་ཁུངས་དག་པ་དང་། བོད་ཀྱི་རང་བཞིན་གྱི་སྐད་ལུགས་དང་མཐུན་ཆེ་བ་ཡོད་རེད།
ཨ་ལས་ ཁྱེད་ཀྱི་ཇོ་ནང་གི་སྐོར་ལ་བཤད་ཀྱི་ཡོད་པ་ཤེས་མ་བྱུང་ ཇོ་ནང་ལ་ཐོབ་ཐང་གཅིག་པ་དགོས་དང་དགོས་ འོན་ཀྱང་ཆོས་རྒྱུད་ཀྱི་སྤྱི་མཐུས་ལོ་ཤས་རྗེས་མེད་པ་ཆག་རྒྱུ་ཡིན་པས་ཐུགས་འཕྲལ་གནང་དགོས་མི་འདུག་།
རྒན་ལ་དྭགས་པས་ “ཡུལ་ཡོད་བྱ་ཚིག་དང་། ཡུལ་མེད་བྱ་ཚིག” ཅེས་བརྗོད་པ་འདིར་སྔར་ནས་དོ་སྣང་བྱུང་ལ། འདིའི་སྐོར་ལ་ལྗགས་རྩོམ་དེ་འདྲ་ཡོད་ན། ཁ་བརྡ་དྲ་དེབ་ཀྱི་ཐོག་ཏུ་འཇོག་རོགས་ཞུ།
རྒན་ལ་དྭགས་པས་ད་རྟགས་འཇུག་ཁྲིད་ན་ཡག་པོ་འདུག་གདའ།
སྐད་ཆ་གསེར་འདྲ་ཞིག་བཤད་འདུག འོན་ཀྱང་དྲང་གཏམ་བཤད་ན་མི་མི་དགའ། བེར་ཀ་འཕྱར་ན་ཁྱི་མི་དགའ་ཟེར་བ་ལྟར་སྐད་ཆ་འདི་འདྲ་ལ་དགའ་མཁན་ཉུང་རྒྱུ་རེད།
བོད་བརྡ་སྤྲོད་ན། བྱེད་པ་པོ་བདག་གཞན་བྱ་བའི་ཡུལ་དང་འབྲེལ་མ་འབྲེལ་ཞེས་དོན་ལ་གོ་བ་རྒྱབ་ཐུབ་པ་མེད་པས། ལེགས་སྦྱར་དང་། ཡིན་སྐད་ལ་བསྟོས་ཏེ། ཡུལ་ཡོད་དང་ཡུལ་མེད་ཅེས་པ་ཡོད། བྱ་བ་གང་ཡིན་ཡུལ་ཡོད་དང་ཡུལ་མེད་གཉིས་སྐད་རིགས་ཀུན་ལ་ཡོད་པ་ཞིག་སྟེ། དེ་ཡང་བྱ་བ་གང་ལ་ཐད་ཀར་ཡུལ་ཡོད་པ་ཞིག་ཡིན་ན། དྲི་བ་ཞིག་འོང་། དཔེར་ན། འཐུང་ལྟ་བུ་མཚོན་ན། ངས་འཐུང་། ཟེར་བ་ན། ཁྱོད་ཀྱིས་ཅི་འཐུང་། ཞེས་དྲི་བ་འབྱུང་ཐུབ། དེས་ན། འཐུང་བ་ཡུལ་ཡོད་བྱ་ཚིག་དང་། ང་འགྲོ་ཟེར་བ་ན། ཁྱོད་གང་དུ་འགྲོ། ཞེས་པ་ལ་ང་བོད་དུ་འགྲོ་ཟེར་བ་ལྟ་བུ། ལ་དོན་མེད་པར་ཐད་ཀར་ཡུལ་མེད་པས། འགྲོ་བ་ཞེས་པ་ཡུལ་མེད་བྱ་ཚིག་ཡིན་དགོས། དེ་ཡང་ལེགས་སྦྱར་ལྟར་རྣམ་དབྱེ་བདུན་བཤད་པ་ན། རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཞེས་པ་ཡུལ་མེད་བྱ་ཚིག་བྱེད་པ་པོ་ལ་འགྲིག་ཀྱང་། ཡུལ་ཡོད་བྱ་ཚིག་ལ་རྗེས་འཇུག་འ་དང་། དབྱངས་མཐའ་ཅན་གྱི་མིང་ཚིག་ལ་ཐད་ཀར་སའམ་ཡིས་ཞེས་པ་དང་། གཞན་རྗེས་འཇུག་དགུ་ལ་ས་ཡིག་ཀྱི་དང་། གི གྱི་བཅས་བྱུང་སྟེ། དཔེར་ན། ཀྱིས་དང་། གིས། གྱིས་ཞེས་པ་ཡིན་འདུག བདག་གིས་ཟན་ཟ། ཚེ་རིང་གིས་ཇ་འཐུང་། དོན་ཡོད་ཀྱིས་ཆུ་འཐུང་། རྒྱལ་མཚན་གྱིས་དཔེ་ཆ་ཀློག དོན་གྲུབ་ཀྱིས་ཡི་གེ་ཀློག སྨོན་ལམ་གྱིས་བདེན་པ་རྟོགས། ནམ་མཁས་ཞོ་འཐུང་། ཡང་ན། ནམ་མཁའ་ཡིས་ཞོ་འཐུང་། རྗེས་འཇུག་འ་ལ་ཚིག་ས་ཡིག་འབྱུང་བ་ན་འ་ཡིག་དེ་མེད་པར་སོང་ངོ་། དཔལ་འབྱོར་གྱི་ལས་བྱེད། རྣམ་རྒྱལ་གྱིས་ཚོང་རྒྱབ། དམ་ཆོས་ཀྱིས་དགེ་ཕྲུག་སྐྱོང་། བུ་ཚས་ཕ་མར་ལྟ། བུ་ཚ་ཡིས་ཕ་མར་ལྟ། ལྕགས་རིས་དགྲ་འགོག ལྕགས་རི་ཡིས་དགྲ་འགོག གཡུས་གདོང་མཛེས། གཡུ་ཡིས་་གདོང་མཛེས། སྡེ་དགེས་རིག་པ་སྤེལ། སྡེ་དགེ་ཡིས་རིག་པ་སྤེལ། ཡ་དོས་གྲོགས་བྱེད། ཡ་དོ་ཡིས་གྲོགས་བྱེད། ཅེས་པ་ལྟ་བུ་ཡུལ་ཡོད་བྱ་ཚིག་རྣམ་དབྱེ་དང་པོ་སྟོན་པ་འཇུག
བདག་གིས་ཐུར་མས་་ཟན་ཟ། ཚེ་རིང་གིས་ཕོར་པས་ཇ་འཐུང་། དོན་ཡོད་ཀྱིས་ལག་པས་ཆུ་འཐུང་། གཉིས་པ་ཐུར་མས་དང་། ཕོར་པས་དང་། ལག་པས་ཞེས་པ་རྣམ་དབྱེ་གསུམ་པར་འདོད་དགོས་ཀྱང་། འདི་དག་གི་སྐོར་ལ་བོད་སྐད་དུ་ཞིབ་པར་མ་མཐོང་བས། བདག་རང་མུན་འཐོམས་ལྟ་བུ་ཡིན།
འོན་ཀྱང་། ཤེས་རབ་སྙིང་པོ་ན།” དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །”ཚིག་བརྗོད་འདིར། “སངས་རྒྱས་ཀྱི་མཐུས། “རྣམ་དབྱེ་གསུམ་པ་དང་། “ཤཱ་རིའི་བུས། “་ཞེས་པ་ལ་ལེགས་སྦྱར་སྐད་ན། རྣམ་བྱེ་དང་པོ་མཆིས་སོ།
ཀ་རྡོར་ལགས། འདི་ལྟར་ཏེ།
དང་པོ། གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ། བདུནད་པ། བརྒྱད་པ། དགུ་བ། བཅུ་བ་ཞེས་སུ་འབྲི།
འདིའི་སྐབས། དང་པོ་དང་གསུམ་པ་གཉིས་ཁོ་ན་བརྗོད་བདེ་དང་གཞན་རྣམས་རྟགས་མཚུངས་སུ་བྱས་པའོ།།
འདི་ནི་རང་ལུགས་ཙམ་ཡིན། སྤྱིར་བཏང་ བརྗོད་བདེའི་དབང་དུ་འགྲོ་ཆེས་ན། མིང་མཐའི་པ་བ་དང་བདག་སྒྲའི་པ་བའི་སྦྱོར་ཚུལ་དག་གཅིག་གྱུར་ཞིག་གཏན་ནས་འོངས་མི་སྲིད་དེ། མདོ་སྟོད་ལ་བརྗོད་བདེ་བ་དག་མདོ་སྨད་ལ་མི་བདེ་བ་དང་། མདོ་སྟོད་སྨད་ལ་མི་བརྗོད་བདེ་བ་དག་དབུས་པ་ལ་བདེ་བ་སོགས། གོམས་སྟོབས་ཀྱིས་གཅིག་ལ་རོ་ཞིམ་པ་གཅིག་ལ་མི་ཞིམ་པའི་ཁྱད་ཀྱིས་གཞི་གཅིག་ཏུ་འབབ་དཀའ་འོ།།
དེ་ལ་རྒན་ལ་དྭགས་པས། ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། ཅེས་པར། སྐབས་འདི་ལྟ་བུ་ལ། ལེགས་ལས་ལགས་ང་ཡང་མི་འདོད། རྒྱུ་མཚན་ནི། ལགས་ནི་ཡིན་ནམ་རེད་ཀྱི་དོན་ཏེ། །མ་ཡིན་པ་བཅད་པའི་སྒྲ་ཡིན་པས་སྐབས་འདིར་ག་ལ་འགྲོ།
སྤྱིར་ཡང་འདི་ལྟ་བུ་ནི་ཚིག་སྔ་ཕྱི་ལ་ལྟོས་ཏེ། ལེགས་སོ་དགོས་ས་ལེགས་སོ་དང་། ལགས་སོ་དགོས་ས་ལ་ལགས་སོ་བྲི་དགོས་ཏེ། དོན་མི་འདྲ་བ་རེ་ཡོད་པས་སོ།། དཔེར་ན། བཤེས་སྤྲིངས་སུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞེ་རྟེན་ལགས་པར་གསུང་། །ཞེས་པའི་སྐབས་སུ། ལགས་ཕྱིས་ཏེ་ལེགས་བྲི་ན་ནོར་བ་ཆེན་པའོ། ལེགས་ནི་བཟང་དང་དོན་འདྲ་སྟེ། ངན་པའི་ལྡོག་ཕྱོགས་ཙམ་ལས། མ་ཡིན་པ་རྣམ་བཅད་ཀྱི་སྒྲ་ལ་ནམ་དུ་ཡང་མི་འཇུག་གོ།
༼དགོངས་དག ཁ་པར་ནས་གཏགས་ནོར་མང་པོ་ཤོར་འདུག་པས་བསྐྱར་དུ་བཏང་བ་ཡིན།༽
ཀ་རྡོར་ལགས། འདི་ལྟར་ཏེ།
དང་པོ། གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ། བདུནད་པ། བརྒྱད་པ། དགུ་བ། བཅུ་བ་ཞེས་སུ་འབྲི།
འདིའི་སྐབས། དང་པོ་དང་གསུམ་པ་གཉིས་ཁོ་ན་བརྗོད་བདེ་དང་གཞན་རྣམས་རྟགས་མཚུངས་སུ་བྱས་པའོ།།
འདི་ནི་རང་ལུགས་ཙམ་ཡིན། སྤྱིར་བཏང་ བརྗོད་བདེའི་དབང་དུ་འགྲོ་ཆེས་ན། མིང་མཐའི་པ་བ་དང་བདག་སྒྲའི་པ་བའི་སྦྱོར་ཚུལ་དག་གཅིག་གྱུར་ཅིག་གཏན་ནས་འོངས་མི་སྲིད་དེ། མདོ་སྟོད་ལ་བརྗོད་བདེ་བ་དག་མདོ་སྨད་ལ་མི་བདེ་བ་དང་། མདོ་སྟོད་སྨད་ལ་བརྗོད་མི་བདེ་བ་དག་དབུས་པ་ལ་བདེ་བ་སོགས། གོམས་སྟོབས་ཀྱིས་གཅིག་ལ་རོ་ཞིམ་པ་གཅིག་ལ་མི་ཞིམ་པའི་ཁྱད་ཀྱིས་གཞི་གཅིག་ཏུ་འབབ་དཀའ་འོ།།
དེ་ལ་རྒན་ལ་དྭགས་པས། ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་པར། སྐབས་འདི་ལྟ་བུ་ལ། ལེགས་ལས་ལགས་ང་ཡང་མི་འདོད། རྒྱུ་མཚན་ནི། ལགས་ནི་ཡིན་ནམ་རེད་ཀྱི་དོན་ཏེ། །མ་ཡིན་པ་བཅད་པའི་སྒྲ་ཡིན་པས་སྐབས་འདིར་ག་ལ་འགྲོ།
སྤྱིར་ཡང་འདི་ལྟ་བུ་ནི་ཚིག་སྔ་ཕྱི་ལ་ལྟོས་ཏེ། ལེགས་སོ་དགོས་ས་ལ་ལེགས་སོ་དང་། ལགས་སོ་དགོས་ས་ལ་ལགས་སོ་བྲི་དགོས་ཏེ། དོན་མི་འདྲ་བ་རེ་ཡོད་པས་སོ།། དཔེར་ན། བཤེས་སྤྲིངས་སུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞེ་རྟེན་ལགས་པར་གསུངས།།ཞེས་པའི་སྐབས་སུ། ལགས་ཕྱིས་ཏེ་ལེགས་བྲི་ན་ནོར་བ་ཆེན་པོའོ། ལེགས་ནི་བཟང་དང་དོན་འདྲ་སྟེ། ངན་པའི་ལྡོག་ཕྱོགས་ཙམ་ལས། མ་ཡིན་པ་རྣམ་བཅད་ཀྱི་སྒྲ་ལ་ནམ་དུ་ཡང་མི་འཇུག་གོ།
དགོངས་དག བདག་སྒྲའི་པ་བ་དང་། མིང་མཐའི་པ་བའི་སྦྱོར་ཚུལ་ཐད། རང་ལ་ནི་རང་ལུགས་ཅང་མེད་དེ། ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན་དང་། སྣམ་གླིང་པཎ་ཆེན་དང་། དཔལ་ཁང་ལོ་ཙཱ་བ་སོགས་ཀྱི་སྒྲའི་བསྟན་བཅོས་རྣམས་སུ་བསྟན་པ་རྣམས་ཡིད་ལ་ཤིན་ཏུ་འཐད་པོ་བྱུང་བས། ཁོང་ཅག་གི་རྗེས་སུ་འབྲང་བའོ།།ལེགས་པར་ཤེས་འདོད་ན་
གོང་སྨྲས་རྣམས་ཀྱི་སྒྲ་གཞུང་དག་ལ་གཟིགས་པར་ཞུ།
རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། ད་ནི་རྒན་ཉིད་ཀྱིས་གསུངས་བཞིན་པའི་ “ཡུལ་ཡོད། ཡུལ་མེད”ཀྱི་བྱ་ཚིག་ཟེར་བ་དེ་ཡང་སྙིང་ཅི་འདྲ་ཞིག་ལ་བརྗོད་བཞིན་ཡོད་པ་ལེགས་པར་རྟོགས། ངས་བསམས་པ་དང་རྒན་ལགས་ཀྱིས་འགྲེལ་པ་གཉིས་ཐ་ཐད་རེད་འདུག གང་ལྟར་དེ་ལ་གནད་འགག་ཅི་ཡང་མི་འདུག
དེ་ནས་གཞན། རྒན་ལགས་ཀྱི་གོང་གི་མཆན་དེའི་ཐིག་ཕྲེང་གཉིས་པར་ “ལེགས་སྦྱར་དང་། ཡིན་སྐད་ལ་བསྟོས་ཏེ།” ཞེས་བྲིས་པའི་ཡིན་སྐད་ཟེར་བ་དེ་ཅི་ཞིག་རེད་དམ། ཐེངས་གཉིས་པ་བཀླགས་ནས་མ་གཏོགས་ཚིག་དེའི་གོ་དོན་ཅི་ཡིན་རྩ་ནས་མ་ཤེས་ལ། མཐའ་མཇུག་ཏུ། དེ་ནི་ English language ཞེས་པའི་དོན་མིན་ནམ་སྙམ་པར་གྱུར།
English ཟེར་བའི་ཚིག་འདིར་ད་ལྟའི་སྐབས་སུ། “1.དབྱིན་སྐད། 2.ཨིན་སྐད། 3.ཨིང་སྐད།” ཞེས་འབྲི་སྲོལ་གསུམ་ཙམ་འདུག་ལ། རྒན་ལགས་ཀྱི་ “ཡིན་སྐད” ཟེར་བ་དེ་ཡང་ English ལ་གོ་བཞིན་ཡོད་ན། ད་ནི་ཚིག་དེར་བོད་ཡིག་ཏུ་
1.དབྱིན་སྐད། 2.ཨིན་སྐད། 3.ཨིང་སྐད། 4. ཡིན་སྐད་ཅེས་དག་ཆ་བཞི་ཆགས་སོང་།
དེ་ནས་གོང་གི་རྩོམ་ཡིག་དང་འབྲེལ་ནས་སྐད་ཆ་ཚིག་ཁ་ཤས་བཤད་ན། རྩོད་རྙོག་འཐེན་འཁྱེར་ནི་སྲིད་དོན་པའི་ལས་ཀ་རེད། སྲིད་དོན་ཚོགས་པ་དང་ཡང་ན་སྲིད་དོན་ཚོགས་པ་ཚོའི་བར་ནས་ རྩོད་རྙོག་གང་མང་ ཕན་ཚུན་འཐེན་འཁྱེར་བྱེད་པའི་ཐོག་ནས་ གོ་གནས་དང་དབང་ཐང་ འཕྲོག་རྩོད་བྱེད་བཞིན་ཡོད་པ་མ་རེད་དམ། ཆབ་སྲིད་ཟེར་བ་དེ་རྩོད་རྙོག་མེད་པ་ཞིག་ལ་ངོས་འཛིན་བྱས་ན་ཏག་ཏག་ཅིག་བསྡད་མི་འདུག་བསམས། བོད་མི་ནང་ཁུལ་གྱི་སྲིད་དོན་གྱི་བྲོ་བ་དེ་ཅི་འདྲ་ཞིག་ཡིན་པ་མི་དམངས་ཀྱིས་གསལ་ནས་གསལ་དུ་ཚོར་བཞིན་ཡོད་པའི་སྣང་བ་ཞིག་སྐྱེས་སོང་། སྐད་ཆ་ཡག་བཤད་བྱས་ན། དེ་ལ་དམངས་གཙོའི་འཕེལ་རིམ་ཟེར་དགོས་པ་མིན་འགྲོ།
ཀ་རྡོར་ལགས། འདི་ལྟར་ཏེ།
དང་པོ། གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ། བདུནད་པ། བརྒྱད་པ། དགུ་བ། བཅུ་བ་ཞེས་སུ་འབྲི།
འདིའི་སྐབས། དང་པོ་དང་གསུམ་པ་གཉིས་ཁོ་ན་བརྗོད་བདེ་དང་གཞན་རྣམས་རྟགས་མཚུངས་སུ་བྱས་པའོ།།
དང་པོ་གསལ་བཤད་ལ་དགའ་བསུ་ཞུ།
དང་པོ་དང་གསུམ་པ་གཉིས་བརྗོད་བདེ་འདོད་ཐུབ་ན། བཞི་པ། ལྔ་པ། དགུ་པ། བཅུ་པ་བརྗོད་བདེར་འདོད་མི་ཐུབ་ཅིས་ལན་པ་ཡིན་ནམ། ལགས།
ལྕགས་རྒྱ་འགྲམ་ནག་མཆོག་གིས་གསལ་བཤད་མཛད་པར་བཀའ་དྲིན་ཆེ། ཨིན་སྐད་ཅེས་པ་ལ་ཡིན་སྐད་ནོར་འདུག དཔལ་འབྱོར་གྱིས་ལས་བྱེད། ཅེས་པར་ཡང་ས་རྗེས་འཇུག་ཆད་པ་བཅོས།
དང་པོ།
གཉིས་པ།
གསུམ་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དགུ་པ།
བཅུ་པ་ཞེས་སོགས་བཀོད་པ་ལ་མོས་མཐུན་ཡོད། མཁས་པ་དག་གིས་བཀོད་པ་ཡོངས་གྲགས་ཡིན་པ་ཚད་ལྡན་དུ་བརྩི། བདག་སྒྲ་ཕོ་ལ་པ་ཡིག་རྐྱང་པ་འདོད་པ་དང་། མོ་ལ་མ་ཡིག་དང་། མོ་ཡིག་བརྗོད་བདེ་དགོས་པ་ཞིག་འདུག ཨ་མདོ་མ་དང་། བོད་མོ་ཞེས་དགོས་པར་མཐོང་། དེ་ལས་ལྡོག་སྟེ། ཨ་མདོ་མོ་དང་། བོད་མ་ཟེར་ཁྱད་མཚར་ཞིག་ཡོད་པ་མཐོང་། འོན་ཀྱང་། ལ་དྭགས་མ་དང་། རྒྱ་གར་མ། ཞེས་པ་ལ་ཡ་མཚན་ཡོད་པ་ཞིག་ཅང་་མ་མཐོང་།
ལོ་ཙ་པ། ཞེས་པར་ཨ་མདོ་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
་
མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།
མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙ་པ།
ལེགས་སྦྱྲར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག
ད་ལྟ་མ་ག་དྷ་ན་མཆིས་སོ་སྐད།།
་
དེ་ཡང་། ལོ་དང་ཙ་གཉིས་ལེགས་སྦྱར་གྱི་སྒྲ་དང་། པ་བོད་ཀྱི་སྒྲ་པ་ཡིག་ཡིན་པ་སྔོན་གྱི་མཁས་པ་མཁས་གྲུབ་རྗེས་རྒྱུད་སྡེ་སྤྱི་རྣམ་དུ་ཡང་། ལོ་ཙ་པ། ཞེས་གསུངས། འོན་ཀྱང་ཁ་སྐད་བཙན་པས་མ་དག་རྒྱུན་འབྱམས་སུ་ལོ་ཙ་བ་ཞེས་བྲིས་པ་མང་ངོ་།
ཡིག་ནོར་རྣམས་ལ་ཞུས་དག་མཛོད། ཞུས་དག་ལ་ཞུ་དག་ཅེས་འབྲི་མཁན་མང་ཡང་། ས་རྗེས་དགོས་ཏེ། ཟ་རྗེས་འཇུག་ཚབ་ལ་རྗེས་འཇུག་ཚབ་ལ་ན་ཡིག་བཀོད་དེ། ཞུན་དག ཅེས་པ་ཡང་མཐོང་། དཔེར་ན། ཟས་དང་ཟན་ཞེས་པ་ལྟ་བུའོ།
ཧ་ཧ་ཧ། ད་ཡིན་ན། རྒན་ལ་དྭགས་པས་རང་ཉིད་ཀྱི་བོད་ཡིག་སློབ་ཕྲུག་རྣམས་མགོ་ཉོག་པར་བྱས་ཡོད་བཟོ་འདུག