རྡོ་སྦིས་ཡོན་ཏན།
ཐོག་མའི་ཀུན་སློང་།
ང་ ཚོ་བོད་པ་ཁ་ཤས་ནི་བཤད་མི་ཤེས་བའི་གཡམ་ལ་རྒྱུགས་པ་རེད་།ལུང་དང་རིགས་པ་གང་ གིས་སྐོར་ནས་བདེན་པ་རྣམ་དག་ཅིག་བཤད་ཡོང་ནའང་།ཅི་སྙམ་པར་དུང་ཞེན་ཤིག་གིས་མ་ བཟོད་པར་དགེ་ཆོས་ཀྱིས་མ་ཤེས་ཤེས་ཁུལ་བྱས་པའི་བྱིས་བའི་འཆལ་གཏམ་དག་ལ་།ཁུངས་ རྣམ་དག་རི་འདྲ་བ་ཤིག་ཡོད་ཁུལ་དང།དེར་བདེན་པ་ཡིན་ཚུལ་གྱིས་ནུབ་ཀྱི་སྒྲུང་ གཏམ་ཚུད་ཆད་དྲངས་ཡོང་ནས་།ང་ལ་རྩོད་པ་རྒྱག་ཁུལ་བྱས་པ་ནི་།དངོས་གནས་སེམས་པ་ སྐྱོ་བའི་རྒྱུ་རེད་།ཐོག་མར་དགེ་ཆོས་ཁོང་གིས་མ་ཡིན་པ་ཡིན་མདོག་གི་རྫུན་ཆེན་ པོ་ཤིག་བཤད་།ང་ཚོ་བོད་མི་མང་པོ་ཤིག་གིས་ཡིན་མདོག་མདོག་གིས་དེའི་རྗེས་སུ་ འབྲངས་ཅི་ཐུབ་བྱ་བཞིན་ཡོད་མོད་།ང་ཚོ་ལ་དགེ་ཆོས་ཀྱི་རྫུན་གྱི་རྗེས་སུ་འབྲངས་ དགོས་བའི་བཙན་བཀའ་དེ་སུས་ཀྱང་བཏང་མེད།འདི་འདྲའི་ཨུ་ཚུགས་བཤད་མཁན་དག་ལ་ལན་ སློག་པ་ནི་ཅི་ཡང་མི་སྤྲོ་མོད་། པན་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་པྲི་ཡང་ཀུའི་གླིང་དུ་འདོད་ཅིང་།བཙན་པོ་ནོ་མོན་ ཧན་གྱིས་ཨེ་ཀི་རི་སི་ཞེས་བཏགས་པ།དེང་དུས་ཡོངས་གྲགས་སུ་དབྱིན་ཇིའི་ལུང་པ་ ཟེར་བ་འདི་ལ་ཉིན་འགའ་ཤས་ཀྱི་སྔོན་ནས་བསིལ་རིའི་རྒྱ་མཚོའི་འགྲམ་གྱི་གླིང་ ཆེན་པོ་ཨི་སི་ལཱནྟི(Iceland)་ཟེར་བ་དེའི་འཁྱག་རླུང་གཡུག་ཏེ་།ས་ཐམས་ཅད་གངས་ ཀྱིས་གཡོག་ནས་འདུག་མི་བཟོད་པ་ལྟ་བུ་དང་།དེ་བཞིན་ཁམ་ཟམ་གཙུག་ལག་སློབ་གྲྭ་ཡང་ ད་དུང་སྤྱི་ཚོགས་འཚོགས་མེད་པ་དང་།་གྲྭ་ཚང་རྣམས་ཀྱིས་ཀྱང་སྐབས་འདིར་བསྟུན་ ཏེ་སྡོད་ཤག་དང་།རང་རང་གི་ལྷ་ཁང་སོགས་གཙང་མ་བཟོ་བཞིན་འདུག་པས་འཛིན་གྲྭ་ཡང་མ་ འཚོགས་པའི་སྐབས་ཞིག་ཏུ་འདུག་།་དེར་བརྟེན་རང་ཤག་སྐྱིད་པའི་དགའ་ཚལ་ནས་འོ་ཇ་ རེ་མཐུང་ཞོར་ཏུ་།་རྔ་བ་རྒྱལ་ཁམས་པས་ཕྲན་ལ་བཏང་བའི་རྩོམ་དེ་ཀློག་ཁུལ་དང་།་ ལན་ཞིག་རྒྱག་དགོས་མིན་གྱི་བསམ་བློ་རེ་བཏང་ནས་སྡོད་མུར།ང་ལ་དགེ་ཆོས་ཀྱི་ སྐོར་གྱི་བསྒྲགས་གཏམ་འགའ་སྤེལ་རྒྱུ་ཡོད་པས་ཞོར་ཏུ་རྔ་བ་རྒྱལ་ཁམས་པ་ལ་གྲོས་ འདི་འདེབས་པར་བྱའོ་། སྤྱིར་ཁྱོད་ཀྱིས་ང་ལ་ནི་སྐུར་བའི་ཡིག་ལན་ཚངས་ཐིག་ནི་ འདི་ལྟ་བུ་ཤིག་རེད་།ཐོག་མར་མི་ཤིག་གིས་རྟོག་དཔྱོད་སོགས་ཅི་ཡང་མེད་པར་སྔོན་ དུས་རྒྱ་གར་གྱི་མི་རྣམས་ནི་ཕ་དང་མ་རྣམས་གསོད་མཁན་ཤ་སྟག་རེད་ཅེས་སྨོས་པ་ལ་། གཞན་ཤིག་གིས་རྒྱུ་མཚན་ཅི་རེད་ཅེས་དྲིས་ན།དེ་ནི་སངས་རྒྱས་ཀྱིས་གསུང་ན་འདུག་ ཅེས་མདོ་ནང་གི་་ཕ་དང་མ་ནི་བསད་བྱ་ཞིང་།ཞེས་བའི་ལུང་དེ་དྲངས་ནས་།དེའི་མི་ཚད་ ད་དུང་དེ་ལྟར་ཡིན་པ་ནི་་དགེ་ཆོས་ཀྱིས་ཀྱང་གསུང་ཞེས་ལབ་པ་ནང་བཞིན་ཞིག་རེད། དེ་བཞིན་ལུང་དེ་གཉིས་ཀྱི་རྒྱལ་སྐྱོར་ལྟ་བ་འདོད་བསྟན་ནང་གི་རྒན་པོ་ཀླུ་རྒྱལ་ འབུམ་གྱིས་ཡང་དེ་ལྟར་བཤད་པ་ཡོད་པ་མ་ཟད་།བྱི་ལི་ཀླུ་སྐྱབས་འབུམ་གྱིས་ཡི་གེ་ དུ་ཡང་བཏབ་འདུག་ཅེས་་སྨྲས་བ་ཞིག་ལས་ཅི་ཡང་མ་ཡིན་།
བར་གྱི་རྩོད་ལན་།
གཅིག།རྔ་བ་རྒྱལ་ཁམས་པས།”སྤྱིར་གནའ་རབས་དག་གིས་ས་གཞི་ལེབ་ལེབ་འདོད་ཚུལ་དེ་ཧ་ཅང་གི་རྒྱུ་མཚན་ལྡན་པ་ཞིག་རེད།”
ཁྱོད་ ཀྱི་གནའ་རབས་ཟེར་བ་དེ་མཚམས་གང་ནས་མཇོག་གིན་ཡོད་དམ།ཕ་ས་གོ་ར་ས Pythagoras(སྤྱི་ལོ་སྔོན་གྱི570-c. 495)་མ་མཁྲུངས་བའི་སྔོན་དང་།ཡེ་ཤུ་མ་ཤུ་ཀ་མ་སྐྱེས་བའི་ལོ་ལྔ་བརྒྱ་ཙམ་གྱི་ སྔོན་ཤིག་ལ་བཤད་ཀྱིན་ཡོད་ན།་དེ་ལ་རྩོད་པ་ཅི་ཡང་མེད་།དེ་མིན་ཕ་ས་གོ་རའི་ རྗེས་སུ་གླེང་གིན་ཡོད་ན།་བཤད་ཚུལ་དེ་ནི་ཆེས་མ་དག་པ་ཤིག་རེད།གོང་དུ་མང་པོ་ བཤད་ཡོད་པ་ལྟར་། ཕ་ས་གོ་རའི་རྗེས་སུ་ནུབ་ཀྱི་མཁས་བ་མང་ཆེ་བ་དང་། རོམ་གྱི་ཆོས་བརྒྱུད་ཀྱི་བླ་ཆེན་མང་ཆེ་བ་། དེ་བཞིན་གྲུབ་མཐའ་དང་ཆོས་ལུགས་གང་གི་ལུགས་ལ་ཡང་སའི་གོ་ལ་ནི་རིལ་རིལ་ཡིན་ ཟེར་བ་ཞིག་ལས་ལེབ་ལེབ་འདོད་མཁན་ཧ་ལམ་མེད་ཅིང་།ནུབ་ཀྱི་གོ་ལའི་ཁ་བྱང་དང་། སའི་གོ་ལ་དཀྱིལ་ཞག་སུམ་བརྒྱ་དང་དྲུག་བཅུ་ལམ་ནས་བརྩི་བ་སོགས་མཚོན་པའི་རིལ་ རིལ་ཡིན་པའི་ལམ་ནས་བྲིས་བ་དང་བཞེངས་ཡོད་པ་ལས་། སའི་གོ་ལ་རིལ་རིལ་རེད་ཟེར་བ་བརྟེན་ནས་གསོན་བསྲེགས་བྱས་པའི་ལོ་རྒྱུས་ཤིག་ དགེ་ཆོས་མ་གཏོགས་ནུབ་ཀྱི་ལོ་རྒྱུས་སུ་སྐད་ཆ་དེ་འདྲ་ཤིག་ད་བར་མཁས་བ་སུས་ཀྱང་ གསུང་མི་འདུག།ཡང་ནུབ་དུ་སའི་གོ་ལ་ལེབ་ལེབ་དུ་འདོད་མཁན་བྱུང་ཡོད་པ་རེད་དམ་ ཞེ་ན་། ངས་ཐོག་དང་པོ་ནས་བཤད་པ་བཞིན་། ལོ་རྒྱུས་སུ་དེ་འདྲ་བྱུང་ཡོད་པ་རེད་ལ་། ད་ལྟ་ཡང་དེ་ལྟར་འདོད་མཁན་ཡོང་གིན་ཡོད་པ་རེད་།ཡིན་ནའང་དེ་ལྟར་འདོད་མཁན་ཤིན་ ཏུ་ཉུང་ཉུང་རེད། རྒྱུ་མཚན་དེ་འདྲ་ཤིག་ལ་དམིགས་ནས་ངས་ཐོག་མ་ཉིད་ནས་སྐད་ཆ་འདི་ལྟར།
“སྔོན་ ནས་བཟུང་ཏེ་ཕྱི་གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་ པའི་ལྟ་བ་དར་ཡོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་ཉུང་ཉུང་ཡིན་ཞིང་། ཡེ་ཤུ་གཙོ་བྱས་བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་ རིལ་རིལ་་ཡིན་ཞེས་འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་།།དེ་བས་རིག་པ་ ཅན་འགའ་ཞིག་གིས་སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ་། དེ་ལ་མི་འདོད་མཁན་ཕལ་་ཆེར་མེད་ལ་། ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་ བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད།”
ཅེས་གསལ་བོ་དག་པོ་བཤད་ཡོད་པ་འདི་ཡིན།
གཉིས།རྔ་བ་རྒྱལ་ཁམས་པས།
“དེར་ བརྟེན་ཆོས་ལུགས་མང་བོའི་ཨ་མ་ལྟ་བུར་ཆགས་པའི་གནའ་ཆོས་འདིས། དགེ་ཆོས་ཀྱིས་བཤད་པ་ལྟར་ས་གཞི་ལེབ་ལེབ་ཅིག་བཤད་མི་འདུག་གམ། དེ་བཞིན་ཁ་ཆེས་ཆོས་ལུགས་ཀྱི་དམ་ཆོས་ཁོ་རན་གྱི་ནང་དེ་ལས་ཀྱང་ཞལ་གསལ་བོས་ས་ གཞི་ལེབ་ལེབ་ཀྱི་ལྟ་གྲུབ་བཤད་ཡོད།གལ་སྲིད་ཁྱེད་རང་གིསHebraw Bible གྱི་དཔེ་རྙིང་ཁུངས་མ་དག་ལ་གཟིགས་པ་ཡིན་ན། དགེ་ཆོས་ཀྱི་གསུངས་སྟངས་དེ་དག་རྒྱུ་མཚན་མེད་པ་ཞིག་མིན་པའི་སྣང་ཚུལ་འབྱུང་ སྲིད།”་་
ཅེས་ ཡེ་ཤུ་ཆོས་དང་། ཇོའུ་རིགས་ཀྱི་ཆོས་ལུགས་། ཁ་ཆེ་ཆོས་ཀྱི་འབྱུང་ཁུངས་ལྟ་བུ་དམ་ཆོས་རྙིང་མའི་ནང་དུ་སའི་གོ་ལ་ལེབ་ལེབ་ཏུ་ གསུང་ཡོད་ཚུལ་དང།དེ་ཕྱིར་ནུབ་དང་ཁ་ཆེའི་ཆོས་བ་ཐམས་ཅད་ཀྱིས་སའི་གོ་ལ་ལེབ་ ལེབ་ཏུ་འདོད་ཚུལ་དང་། དེ་བཞིན་དགེ་ཆོས་ཀྱི་རྙོག་བཤད་ལ་ཁུངས་ལྟ་བུ་ཤིག་ཡོད་པ་སྒྲུབ་བཞིན་པ་ནི་ དངོས་གནས་དགོད་བྲོ་བ་ཤིག་རེད་།སྤྱིར་ཁྱེད་ཀྱིས་དྲངས་བའི་ཆོས་ཚིག་དེ་ལ་ཡང་ ཡེ་ཤུའི་ཆོས་ཀྱི་གྲུབ་མཐའ་སྨྲ་བ་ཚོའི་ཁྲོད་དུ་འགྲེལ་རྒྱག་སྟངས་མི་འདྲ་བ་སྣ་ ཚོགས་ཡོད་པ་དང་། དོན་འགྱུར་དེ་ལྟ་བུ་བྱས་ཆོག་མིན་གྱི་སྐད་ཆ་བཤད་རྒྱུ་མང་པོ་འདུག་མོད། རྩོད་བྱ་མ་ཡིན་པས་ཕར་བཞག་ཏེ་གླེང་བར་བྱ་བ་ནི་འདི་ཡིན།དམ་ཆོས་རྙིང་མའི་ནང་ དུ་། སའི་གོ་ལ་ལེབ་ལེབ་གཅིག་པོའི་གསུང་བ་ཚད་མི་ཚད་པར་།བྱིས་བ་གསོད་དགོས་བ་དང་། བུད་མེད་ལ་བཙན་གཡེམ་བྱ་དགོས་བ་།དེ་བཞིན་ཡེ་ཤུའི་མ་ཡིན་པའི་མི་ཐམས་ཅད་གསོད་ དགོས་བ་དང་།སྐབས་འགར་རིག་རིག་ཐུག་ཐུག་གསོད་དགོས་བ་ལ་སོགས་བཤད་ཡོད་པ་རེད། དེ་བཞིན་མི་དགེ་བ་བཅུ་ཟེར་ནས་གཞན་གྱི་སྲོག་མི་གཅོད་པ་སོགས་བལྟས་བ་ཙམ་གྱི་ ནང་འགལ་གྱི་སྐད་ཆ་མང་པོ་ཤིག་ཀྱང་བཤད་ ཡོད་། སྤྱིར་བཏང་ཡེ་ཤུའི་ཆོས་ལུགས་འདི་ལ་ང་ཚོའི་ནང་བའི་ཆོས་ལྟར་དྲང་དོན་དང་། ངེས་དོན་ཟེར་བའི་སྤང་བླངས་ཀྱི་རྣམ་བཞག་གསལ་པོ་ཤིག་མེད་ནའང་། ཡེ་ཤུའི་ཆོས་ཀྱི་བདག་པོ་དག་གིས་ཀྱང་ཁོ་ཚོའི་དམ་ཆོས་གསར་རྙིང་གཉིས་ཀའི་ནང་ ནས་སྤང་བླངས་ཀྱི་ཁྱད་པར་བཏོན་ཏེ་། ཡེ་ཤུའི་དམ་ཆོས་དག་ལ་འགྲེལ་སྣ་ཚོགས་རྒྱབ་པས་གྲུབ་མཐའི་ལུགས་འདྲ་མིན་འགའ་ཤས་ བྱུང་ཡོད་པ་རེད་། དེའི་ཕྱིར་དང་པོ་ཉིད་ནས་ཡེ་ཤེའི་ཆོས་བ་མང་ཆེ་བས་གྷི་རིག་གི་ལུགས་སའི་གོ་ལ་ ནི་རིལ་རིལ་ཡིན་པའི་ལུགས་འཛིན་པ་ལས།ལེབ་ལེབ་ཡིན་པའི་ལུགས་འཛིན་པ་ཤིན་ཏུ་ནས་ ཉུང་ཉུང་རེད། དེ་བཞིན་རོམ་གྱི་ཆོས་བརྒྱུད་ཀྱི་གྲུབ་མཐའི་བདག་པོ་ཕོ་ཕུ་ཟེར་བ་།ད་ལྟའི་བར་ ཏུ་ཉིས་བརྒྱ་དང་དྲུག་ཅུ་རེ་ལྔ་བྱོན་ཡང་། སའི་གོ་ལ་ལེབ་ལེབ་དུ་འདོད་པའི་ཕོ་ཕུ་གཅིག་དང་།ཡང་ན་གཉིས་ཙམ་བྱུང་ཡོད་དམ། ཕལ་ཆེར་བྱུང་ཡོད་པ་མ་རེད་། དེ་བས་དགེ་ཆོས་ཀྱིས་”
(སྔོན་ ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་ རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད། ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་ སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད།དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་ རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ ཁོ་ན་བྱས།འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་བར་ཐམས་ཅད་ཀྱིས་ རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང)
ཞེས་ བཤད་པ་འདི་ནི་འཆལ་གཏམ་ཤིག་རེད་།དེ་ལ་ད་དུང་ཁྱོད་ཀྱིས་ཨུ་ཚུགས་བྱ་རྒྱུ་ཡིན་ ན། རྗེས་མ་ཞིག་ལ་ཡེ་ཤུ་བ་ཤིག་གིས་།ནང་བའི་མདོ་རུ་། ཕ་དང་མ་ནི་གསོད་བྱ་ཞིང་། ཞེས་གསུང་ཡོད་པ་དང་དེ་བཞིན་བོད་མི་རྣམས་ནི་སངས་རྒྱས་ཀྱི་གསུང་ཁས་ལེབ་མཁན་ དག་དང་། བོད་ཀྱི་ལོ་རྒྱུས་སུ་ཡང་ཕ་མ་གསོད་མཁན་ཡང་བྱུང་ཡོད་པས། དེ་བས་བོད་མི་རྣམས་ནི་ཕ་མ་གསོད་མཁན་དག་གོ་ཞེས་ལུང་དང་བཅས་དྲངས་ཡོང་ན་། ཁྱེད་ཅག་གིས་ནུབ་ཀྱི་ལོ་རྒྱུས་མཁྱོག་བཅོས་བྱས་པ་བཞིན་དུ་ཁས་ལེན་རྒྱུ་ལས་ གཞན་ཅི་ཡང་ཡོད་པ་མ་རེད་།
གསུམ།ཡང་རྔ་བ་རྒྱལ་ཁམས་པས་”ཉིད་ ཀྱིས་སྐུ་Washington Irving མཆོག་གི་ཁོ་ལིམ་བྷ་སིའི་ལོ་རྒྱུས་སྒྲུང་གཏམ་ཞིག་ལས་ལོ་རྒྱུས་དག་མ་ཞིག་མ་ ཡིན་ཚུལ་གསུངས་པ། ཡི་ཤུའི་ཆོས་བརྒྱུད་ཀྱི་ལྟ་བ་འཛིན་མཁན་ཚོས་བཤད་ཡམ་གྱི་རྗེས་སུ་ཞུགས་ནས་དེ་ ལྟར་གསུངས་པ་ཞིག་ཡིན་ལས་ཆེ།”་ཐོག་མ་ཉིད་ནས་ཁྱེད་ཀྱི་ཡེ་ཤུ་ཆོས་ཀྱི་ཚིག་ཁ་ཤས་དྲངས་ཏེ་།སའི་གོ་ལ་ལེབ་ལེབ་དུ་བསྒྲུབས ་།སྐབས་འདིར་ང་རྡོ་སྤིས་བློ་བཟང་ཡོན་ཏན་”ཡི་ཤུའི་ཆོས་བརྒྱུད་ཀྱི་ལྟ་བ་འཛིན་མཁན་ཚོས་བཤད་ཡམ་གྱི་རྗེས་སུ་ཞུགས་ནས་དེ་ལྟར་གསུངས་པ་ཞིག་ཡིན་ལས་ཆེ” ཞེས་ བཤད་པ་ནི་དངོས་གནས་ཡ་མཚར་པོ་རེད་། དཔེ་དེབ་དེ་ནི་སྒྲུང་གཏམ་་ཤིག་རེད་ཅེས་གསུང་མཁན་ནི་ཁྱོད་རང་གི་ཐོག་དང་པོ་ ལུང་འདྲེན་བྱས་པའི་མཁས་བ་དང་།སའི་གོ་ལ་ལེབ་ལེབ་གསར་གཏོད་དང་དེང་རབས་ཀྱི་ལོ་ རྒྱུས་སྨྲ་བ་་Inventing the Flat Earth: Columbus and Modern Historians རྩོམ་པ་པོ་སྐུ་ཞབས་ཇི་ཧྥི་རེ་ནི་རེད་།དེ་བཞིན་ཁྱོད་ཀྱི་ལུང་འདྲེན་བྱས་པའི་ ལྷམ་གྱི་རྒྱལ་བོའི་སྐོར་།སྒྲུང་གཏམ་རང་བཞིན་ཅན་གྱི་སྙིང་བོ་མེད་པའི་གཏམ་ འཆལ་འགའ་ཤིག་ཏུ་མཐོང་བས་དེ་དག་ལ་ལན་རྒྱག་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐོང་། སྤྱིར་བཏང་གནའ་བོ་ནུབ་ཀྱི་མི་ཚང་མས་སྣང་ངོར་སའི་གོ་ལ་ལེབ་ལེབ་དང་།རིལ་རིལ་ གང་རུང་ཤིག་འཆར་ཡོད་པ་སུས་ཤེས་དཀའ་མོད།གནའ་བོ་མི་དག་གིས་བྲིས་བ་།དེང་སང་ མཐོང་རྒྱུ་ཡོད་པའི་གླེགས་བམ་ཕལ་ཆེར་བ་ན་སའི་གོ་ལ་ནི་རིལ་རིལ་ཡིན་ཟེར་བ་ལས་། ལེབ་ལེབ་རེད་ཟེར་བ་ཤིག་མཐོང་དཀའ་བས་།དེ་བས་ཁྱོད་རང་གིས་སྐད་ཆ་འདི་ལྟ་བུ་”དུས་་ རབས་དེ་དག་གི་ནང་དེང་སྐབས་ཀྱི་ས་གཞི་ཆགས་བཀོད་ཀྱི་རིག་གནས་ལྟ་བུ་ཞིག་ཡོད་པ་ མ་རེད། འོན་ཏེ་ཁོང་ཚོ་ས་གཞི་ལེབ་ལེབ་ཀྱི་ཐོག་གནས། ས་གཞི་ལེབ་ལེབ་ཀྱི་སྟེང་འགྲོ། ས་གཞི་ལེབ་ལེབ་ཀྱི་ཐོག་འཚོ་བཞིན་པ་ཞིག་ཡིན་པའི་ཆ་ནས་དགེ་ཆོས་ཀྱིས་བཤད་པ་ ལྟར། མི་དེ་དག་གིས་ཀྱང་ས་གཞི་འདི་ལེབ་ལེབ་ཤ་སྟག་ཡིན་ཤག་བྱས་ནས། ས་གཞི་ལེབ་ལེབ་ཀྱི་ལྟ་ཚུལ་དང༌། ས་གཞི་ལེབ་ལེབ་་ཀྱི་ཆགས་བཀོད་རི་མོ་སོགས་བྲིས་པ་རེད།”ནི་ རྟོག་བཟོ་ལས་ལོ་རྒྱུས་ཡོངས་གྲགས་མ་རེད་།སྔོན་གྱི་ལོ་རྒྱུས་བཤད་དུས་འདི་ ལྟར་།ལོ་རྒྱུས་ཀྱི་སྤྱིའི་ཆ་ནས་སྐད་ཆ་ཤིག་བཤད་འགྲོ་དགོས་བ་ལས།དམིགས་གསལ་ ཤིག་སྤྱི་རུ་བཞག་ནས་བཤད་ན་ལོ་རྒྱུས་འཁྲུལ་འགྲོ་བ་ལས་གཞན་ཅི་ཡང་མེད།དཔེར་ན་། བོད་དུ་བསྟན་པ་དར་བའི་ལོ་དང་། དེ་བཞིན་བསྣུབས་པའི་ལོ་སོགས་སྤྱིའི་ཆ་ནས་བཤད་ཀྱིན་ཡོད་པ་ལས་། དམིགས་གསལ་ཤིག་ལོ་རྒྱུས་ཀྱི་གཞི་རྩ་ཆེན་པོར་བྱས་ནས་བཤད་ཀྱིན་ཡོད་པ་མ་རེད་། དེ་བཞིན་ནུབ་དུ་ཡང་ཀ་ལ་ལེ་འོ་ཡིས་ཉི་མ་གོ་ལ་ཡོངས་ཀྱི་དཀྱིལ་དུ་བཞག་པ་དང་། སའི་གོ་ལ་ལ་སྤྱིའི་འགྲོས་དང་རང་འགྲོས་གཉིས་བཤད་པ་ཡང་སྤྱིའི་ཆ་ནས་བཤད་པ་ཤིག་ ཡིན་པ་ལས་དམིགས་གསལ་ ཤིག་བཤད་བཞིན་ཡོད་པ་མ་རེད་། མཐར་ངེད་གཉིས་ཀྱིས་རྩོད་པ་དེ་དེང་དུས་ནུབ་ཀྱི་སྙན་གྲགས་ཅན་ཅན་གྱི་ཚན་རིག་ ལོ་རྒྱུས་ཀྱི་མཁས་བ་ཆེན་པོ་།འཛམ་གླིང་བསླབ་གྲྭ་ཡོངས་ཀྱི་ཡ་གྱལ་དུ་བརྩི་ བཞིན་པའི་ཧ་བིན་སློབ་གྲ་ཆེན་མོའི་དགེ་རྒན་ཆེན་མོ་སི་ཐན་ཧྥིན་ཅན་གྷི་ལོ་ རྡིའི་Stephen Jay Gould (1941 –2002)འདིའི་སྐད་ཆ་ཤིག་ཁྱོད་ཚོའི་ལུང་འདྲེན་གྱི་ཁུངས་ལྟ་བུར་གྱུར་པའི་ཝོ་ ཀི་ཕེ་རྟེ་ནས་དྲངས་ཏེ། ངའི་གཉིས་ཀྱི་རྩོད་པ་དེ་ཞི་བའི་གནས་སུ་འཇོག་པར་བྱ། ཁོས་གསུང་རྒྱུར་”་ དེང་དུས་དང་སྔོན་དུ་མི་དག་གིས་སྣང་ངོར་ང་ཚོའི་གོ་ལ་འདི་ག་འདྲ་ཤིག་ཡིན་པ་མ་ ལྟོས་པར་། མཁས་བ་རྣམས་ཀྱི་ཁྲོད་དུ་སའི་གོ་ལ་ལེབ་ལེབ་དུ་འདོད་པའི་མུན་ནག་གི་དུས་སྐབས་ ཞིག་བྱུང་མེད་པ་དང་།གྷི་རིག་གི་སའི་གོ་ལ་རིལ་རིལ་དུ་འདོད་པའི་ལྟ་བ་དེ་ནམ་ ཡང་དོར་མེད་ཁར་། དུས་རབས་བར་མའི་མཁས་བ་གཙོ་ཆེ་བ་ཡོངས་ཀྱིས་རིལ་རིལ་དེ་སའི་གོ་ལའི་རང་བཤིས་ དངོས་ཡིན་ཞེས་ཁས་ལེན་བྱས་ཡོད” ་ཅེས་གསལ་བོ་དག་པོ་གསུང་ཡོད་པ་འདི་རེད་། དེ་བས་དགེ་ཆོས་ནོར་མེད་ན། ནུབ་ཀྱི་ཚད་ལྡན་གྱི་ཚན་རིག་གི་ལོ་རྒྱུས་ཐམས་ཅད་དང་། དེ་དག་གི་འབྲི་མཁན་ཐམས་ཅད་ནོར་དགོས་བ་དང་། མཁས་བ་འདི་དག་བདེན་ན་། དགེ་ཆོས་ཀྱིས་བཤད་པ་དེ་མ་བརྟགས་ཅོལ་ཆུང་གི་གཏམ་རྒྱུད་ཅིག་ལས་འདི་གཉིས་ལ་ གཞི་མཐུན་པ་ཤིག་རྩ་བ་ཉིད་ལས་མི་འདུག་ལ་། ང་ཚོ་ལ་ཡང་འདི་གཉིས་ལས་འདམ་ཀ་གཞན་ཅི་ཡང་མི་འདུག་།
མཐའ་མའི་དམ་བཅའ་དང་ཁྱབ་བསྒྲགས།
སྐབས་ འདི་དང་བསྟུན་ནས་ཕྲན་གྱིས་ཁྱབ་བསྒྲགས་འགའ་བྱ་རྒྱུ་ཡིན་ཞིང་། དེང་དུས་ནུབ་ཤམ་བྷ་ལའི་ཡུལ་དུ་ལོ་གསར་བའི་ནང་དུ་སྐད་ཆ་གསར་བ་ཤིག་དང་། དམ་བཅའ་རེ་བྱེད་སྲོལ་འདུག་པས་།་དེ་ཡང་འདི་འདྲ་ཤིག་ཡིན་པ་བྱོས་། ཡིནའང་དམ་བཅའ་དེ་ཁ་དན་ལ་གནས་ཡོད་མེད་དང་། ཁྱབ་བསྒྲགས་ཀྱི་རྗེས་སྐྱོང་ཡོད་མེད་དེ་ལོ་རྗེས་མའི་མགོ་ལ་མ་གཏོགས་བཤད་ཐུབ་ ཀྱིན་མ་རེད།་ལར་ཏུ་རེ་བ་བཞིན་མ་འགྲུབ་ནའང་། ངའི་སྟེང་ལ་མི་འདོད་པའི་ཁྲག་གི་འཁོར་ལོ་མ་བསྐོར་། དམ་བཅའ་དེ་འདྲ་འཇོག་མཁན་ང་གཅིག་པོ་མ་རེད་། སྔོན་དུ་རྡོ་སྤིས་མ་ནང་གིས་ཆང་མཐུང་ཤིག་གིས་།་མི་མཐུང་མི་མཐུང་ཨ་རག་མི་ མཐུང་ཞེས་། མི་མང་ཚོགས་པའི་དབུས་སུ་དམ་བཅའ་བཞག་ཡོད་པ་དེ་འདྲ་རེད། ཁོང་གི་དམ་བཅའ་འདྲ་བ་ཤིག་མིན་པའི་རེ་བ་ཡོད་།
ཉིན་ འགའ་ཤས་ཀྱི་སྔོན་ལ་།བོད་ནང་གི་དཔྱོད་ལྡན་པ་ཤིག་དང་མཉམ་དུ་བདག་གིས་བྲིས་བའི་ དགེ་ཆོས་ཀྱི་སྐོར་གྱི་ཡིག་ཐོ་དང་།དེ་དག་ལས་འཕྲོས་བའི་རྩོད་གླེང་སོགས་ཀྱི་ ཐད་ལ་འཕྲོལ་མོལ་བྱུང་སྐབས་།ཁོང་གིས་ ་ཡོན་ཏན་ལགས་། ཁུངས་ཡོད་མེད་ལ་མ་ཐུག་པར་དགེ་ཆོས་ནི་བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ མཚམས་སུ་བྱུང་བའི་མཁས་བ་གལ་ཆེ་བ་ཤིག་ཡིན་པ་དང་། བོད་མི་མང་པོ་ཞིག་གིས་ཅི་མི་སྙམ་པར་དགེ་ཆོས་ཀྱི་རྗེས་སུ་རྒྱུགས་ཏེ་། ད་ལྟ་དགེ་ཆོས་ཟེར་བའི་མིང་ཞིག་གོ་ཡོད་དུས་། མི་དག་གིས་སེམས་སུ་ཁོང་ནི་སྔོན་དུ་བྱོན་མ་མྱོང་བ་དང་།ཕྱིས་ཡང་འབྱོན་དཀའ་ བའི་མཁས་བ་ཤིག་ཡིན་སྙམ་པའི་སེམས་པ་ཤིག་ཏན་ཏན་འཁོར་ཡོང་གིན་འདུག།ཁོང་གི་ སྐོར་ལ་ང་ཚོས་དཔེ་དེབ་དང་རྩོམ་བརྒྱ་ཕྲག་མང་པོ་བཏོན་ཡོད་མོད་། མང་ཆེ་བས་ཁོ་ལ་བསྟོད་ཅི་ཐུབ་གྱིས་སྒོ་ནས་བྲིས་བ་ཤིག་ལས་། དངོས་གནས་དགེ་ཆོས་ཀྱི་དེང་རབས་དང་ཚན་རིག་སོགས་ལས་འཕྲོས་བའི་སྐོར་ལ་ཞིབ་ དཔྱད་བྱས་བ་ཕལ་ཆེར་མི་འདུག་ལ་།མང་ཆེ་ཤོས་ཤིག་གིས་དགེ་ཆོས་ཀྱི་དགོངས་དོན་ སོགས་ཅི་ཡང་ཧ་མ་གོ་བར་ད་དུང་ཡིན་མདོག་མདོག་གིས་དོན་མེད་དུ་བསྟོད་བསྔགས་འདྲ་ བྱེད་ཀྱིན་འདུག་། དེ་བས་ཁྱེད་རང་གིས་དགེ་ཆོས་ཀྱི་སྐོར་ལ་དེབ་ཤིག་བྲིས་ན་ལེགས་ལམ་མང་པོ་ཡོད་ ཅེས་བཤད་པ་དང་། གལ་སྲིད་གླེགས་བམ་ཤིག་བཏོན་པ་ཡིན་ན་། དཔར་གྱི་མཐུན་རྐྱེན་སོགས་སྤྱོར་རྒྱུ་ཡིན་ཚུལ་སོགས་བཤད་བྱུང་མོད། སྤྱིར་བཏང་ཕྲན་ལ་། རྒྱལ་སྲས་ཞི་བ་ལྷ་ཆེན་པོས་གསུང་བ་ལྟར།སྔོན་ཆད་མ་བྱུང་བ་ལ་འདིར་བརྗོད་མེད་། ཅེས་བརྗོད་བྱ་གསར་བ་ཤིག་དང་།བརྗོད་བྱ་དང་རྗོད་བྱེད་གང་གིས་ཐད་ནས་གཞན་གྱིས་ ཡིད་འགུགས་ཤིག་བ་རྩ་བ་ཉིད་ནས་འབྲི་ཤེས་བ་ཤིག་མེད་ཁར་།དགེ་ཆོས་ཀྱི་སྐོར་གྱི་ གླེགས་བམ་ཤིག་འབྲི་རྒྱུར་སེམས་ནང་དུ་ནམ་ཡང་དྲན་མྱོང་མེད་། ཡང་ཁོང་གིས་ཨུ་ཚུགས་ཆེན་པོས་།དེ་ན་དགེ་ཆོས་ཀྱི་སྐོར་ལ་སྐད་ཆ་འགའ་བཤད་པའི་ ཁས་ལེན་ངེས་པར་ཏུ་དགོས་ཞེས་བཤད་བྱུང་བས་།ཕྲན་གྱིས་བྲིས་ཡོད་པའི་ཚན་རིག་ལོ་ རྒྱུས་དེ་མཇུག་སྐྱོང་བའི་སྐྱབས་འཇུག་ཡོད་པ་དང་།ལྷག་པར་ཏུ་མི་གཟུར་བོ་གནས་ བ་།རྣམ་དཔྱོད་ཅན་དག་ལ་བློ་སྐྱེད་རེ་བྱུང་ན་སྙམ་པའི་ཀུན་སློང་ཞིག་གིས་ཁྱེར་་ ཏེ་།དགེ་ཆོས་ལས་འཕྲོས་བའི་གཏམ་འགའ་ཤས་མུ་འཐུད་དུ་བཤད་བསམ་པ་ཡིན་།དེ་ནི་ དམིགས་ཡུལ་གཙོ་བོ་ཡིན་། ཡང་ཕྱོགས་གཞན་ཞིག་ནས་ཀུ་རེ་ཤིག་བསྒྲགས་ནས་བཤད་ན་། ཕྲན་ནི་ཆུང་དུས་ནས་།དགེ་ཆོས་ལྟར་མི་ལ་བརྩི་བཀུར་ཟེར་བ་དང་། ཡ་རབས་། སྤྱོད་བཟང་ཟེར་བ་ཤིག་རྩ་བ་ཉིད་ནས་མི་ཤེས་མཁན་ཞིག་ལ་། བུད་མེད་དང་།འཇིག་རྟེན་ཆོས་བརྒྱད་ཀྱི་བཀང་ནས་བསྡད་པ་ཤིག་ཡིན་ཕྱིར་།ཉི་མ་ གཅིག་ལ་མི་གཞན་ལ་ཁོང་ཁྲོ་མ་སློང་ན་འདུག་བཟོད་མི་ཐུབ་པའི་མི་ཤིག་ཡིན་། དེ་བས་ཁྱེད་རྣམས་ལ་། ཁོང་ཁྲོ་སློང་བའི་ཕྱིར་ཏུ།ཐོག་མར་མགྱོགས་པོར་།(དགེ་ཆོས་དང་ལེགས་སྤྱར་སྐོར་གྱི་ཧམ་བཤད) ཟེར་བ་ཤིག་བྲིས་ནས་།དགེ་ཆོས་དང་ཁོང་ལས་འཕྲོས་ནས་བྱུང་བའི་ལེགས་སྤྱར་གྱི་ སྐོར་དང་།ལོ་ཙ་བའི་སྐད་ཆ་འདྲ་བཤད་བསམ་། དེས་མི་ཁ་ཤས་ལ་ཁོང་ཁྲོ་བཟོ་ཐུབ་པའི་རེ་བ་ཡོད་། དེས་ཁོང་ཁྲོ་སློང་མ་ཐུབ་ན་། ཅུང་མ་འགོར་བར་(གཏམ་རྒྱུད་ལྕགས་ཀྱི་ཐང་མ་) ཟེར་བ་ཤིག་བྲིས་ནས་དགེ་ཆོས་ཀྱི་གླེགས་བམ་སྐད་གྲགས་ཅན་གསེར་ཐང་ལ་དོགས་དཔྱོད་ བྱ་རྒྱུ་ཡིན་ཞིང་།དེ་དུས་བོད་ཀྱི་དམར་སྲུང་དམག་དག་གིས་ལག་ཏུ་དགེ་ཆོས་ཀྱི་ དེབ་དམར་དེ་དག་ལག་ཏུ་བཟུང་ནས་ངའི་ཐོག་ལ་རྒྱུག་རྒྱུ་ཡིན་པ་དང། དགེ་ཆོས་ཀྱི་རྗེས་ཀྱི་ཨ་ཁུ་དང་སྔགས་པ་ཉམས་ལེན་པ་དེ་ཚོས་དམར་ཆེན་གྱི་གཏོར་མ་ དང་། བགེགས་གཏོར་སོགས་ངའི་ཐོག་ཏུ་འཕེན་པའི་དུས་ཤིག་ཡོང་གིན་རེད་བསམ་བཞིན་ཡོད་། དོན་གྱིས་དམར་སྲུང་དམག་མི་དང་དམར་ཆེན་གྱི་གཏོར་མ་འཕེན་མཁན་གྱི་ཉམས་ལེན་པ་ ཚོར་ཤིན་ཏུ་ནས་སྐྲག་མཁན་ཤིག་ཡིན་ཕྱིར།དེའི་རྗེས་ངས་ཁོ་ཚོ་ལ་དགོངས་སེལ་ཞུ་བ་ དང་། རང་གི་མི་ཚེ་ཕྲ་མོ་སྲུང་སྐྱོབ་ཀྱི་ཆེད་དུ་(རྒྱའི་གཏེར་ཡིག་གནམ་ནས་བཏོན་པ) ཞེས་བ་ཤིག་བྲིས་ནས་དགེ་ཆོས་ཀྱིས་ཏ་ཟིག་པའི་སྲོལ་ལུགས་ལྟར། དར་དམར་པོའི་ཐོད་དང། ཟ་འོག་གི་བེར་དང༌། ཕྱགས་ལྷམ་སྣེ་འཁྱིལ་ཅན་གྱོན་ནས་ཇི་ལྟར་ལི་ཡུལ་གཏེར་ཡིག་ས་ནས་སློག་ཚུལ་དང་། རྒྱའི་གནམ་ཡིག་གཏེར་ནས་་བཏོན་ནས་། རྒྱལ་རབས་དེབ་ཐེར་དཀར་པོ་བྲིས་ཚུལ་སོགས་མཚོན་པའི་དགེ་ཆོས་ནི་བོད་དུ་བྱུང་ བའི་ཉེ་རབས་ཀྱི་གཏེར་སྟོན་པ་ཡ་མཚར་པ་ཤིག་ཡིན་པ་སྒྲུབ་རྒྱུ་ཡིན། འདིས་དམར་སྲུང་དམར་དམག་གི་གསར་བརྗེའི་སྙིང་སྟོབས་དང་།ཨ་ཁུ་དང་སྔགས་པ་ཉམས་ ལེན་པ་དེ་ཚོར་ཞི་བའི་ཕྱོགས་སུ་འདེན་ཐུབ་པའི་རེ་བ་ཡོད་། དེའི་རྗེས་ཁོ་ཚོའི་དགོངས་གཞན་ཞིག་ཏུ་གཏད་སྐབས་ངོས་ནས་དགེ་ཆོས་ཀྱི་སྐོར་ལ་ སྔོན་ཆད་གོ་མ་མྱོང་བ་།ཕྱིས་ཀྱང་གོ་མི་ཐུབ་པ་།གཏམ་ཡ་མཚར་པོ་ཤིག་བཤད་རྒྱུ་ ཡིན།་་རྩོམ་དེའི་མིང་ལ་(དགེ་ཆོས་ན་ཙེ་{Nazi འམ་ 法西斯རེད་དམ}) ཞེས་དྲི་ཚིག་ཅིག་བཀོད་ནས་དགེ་ཆོས་དང་ན་ཙེ་བར་གྱི་འབྲེལ་ལམ་དང་།བསམ་པའི་ མཁྱེར་ཕྱོགས་།དེ་བཞིན་་ཐུན་མོང་གཞི་མཐུན་ཇི་ལྟར་ཞུགས་ཚུལ་སྔར་མ་གྲགས་པ་ ཕྱོགས་ལྷུང་ཅན་དག་གིས་ལྟོས་ན་སྙིང་ན་བ་།་རྣམ་དཔྱོད་ཅན་དག་ལྟོས་ན་་འཛུམ་ལངས་ བ་ཤིག་འབྲི་རྒྱུ་ཡིན་པས་། ངེས་པར་ཏུ་ལྟད་མོ་མང་པོ་ཡོང་རྒྱུ་རེད་བསམ་བཞིན་ཡོད་། དེའི་རྗེས་ད་དུང་མ་ཤི་བའི་རུས་ཀོང་དེ་ལྷག་བསྡད་ཡོད་ན། སྔོན་ནས་བཤད་པ་ཡོད་པ་བཞིན་།་(བོད་ཀྱི་དམར་སྲུང་དམག་གི་དག་ལ་ཕུལ་བ་)ཟེར་བ་ཞིག་དང་། (སེམས་ཀྱི་དད་པ)་ཟེར་བ་གཉིས་བྲིས་ཏེ་། དགེ་ཆོས་ཀྱི་སྐོར་གྱི་སྐད་ཆ་མཇུག་རྫོགས་པར་བྱ་རྒྱུ་ཡིན་།
ཟུར་ཞུ།
ཁ་ སང་ཁམ་ཟམ་དཔེ་མཛོད་ཁང་ནས་རིག་རོལ་གྱི་ཉིན་ཐོ་ཉེ་སྔོན་མི་སིག་གི་ཡུལ་ནས་པར་ ལ་བཏབ་པ་ཤིག་མཐོང་བ་དང་།་པར་ཀྱང་མང་པོ་འདུག་པས་དགེ་ཆོས་ཀྱི་པར་འདྲ་ཡོད་དམ་ སྙམ་ནས་བལྟས་བ་ཡིན་མོད།་དགེ་ཆོས་ཀྱི་པར་ཅིག་མི་འདུག་།་མི་སིག་གི་སྐད་དུ་ འདུག་པས་།་དགེ་ཆོས་ཀྱི་སྐོར་ལ་སྐད་ཆ་ག་འདྲ་ལབ་ཡོད་མེད་ཤེས་མ་སོང་།་དེ་བཞིན་ རཱ་ཧུ་ལས་བྲིས་པའི་དེབ་ཤིག་ཀྱང་མཐོང་བ་དང་།དགེ་ཆོས་ཀྱི་སྐོར་ལ་གང་ཡང་བཤད་ མི་འདུག་མོད་།་དགེ་བཤེས་ཆོས་གྲགས་ཁོང་དང་མཉམ་དུ་རྒྱ་གར་དུ་ཐེངས་གཉིས་ལ་ ཕེབས་པ་དང་།ལྷ་རམས་བཏང་འདུག་ཅེས་བྲིས་འདུག་།
རྩོམ་འདི་དྲ་རྒྱའི་ཁྱབ་བསྒྲགས་དང་ཁྲིམས་སྲོལ་ལྟར་། དྲ་ རྒྱ་གཞན་དུ་འགོད་པ་དང་། ཡིག་བསྒྱུར་བྱས་པ་། ལུང་འདྲེན་བྱེད་པ་སོགས་བྱུང་ཚེ་། ལྷ་ས་བར་སྐོར་དྲ་རྒྱ་དེ་བཞིན་བརྒྱུད་སྒྲོག་དང་། ངོས་ལེན་བྱ་དགོས།་འདི་གཟིགས།
རྩོམ་གྱི་ཡོང་ཁུངས་གཤམ་གྱི་དྲ་ཚིགས་ཡིན།
http://www.lhasabarkhor.com/lhasa-barkhor-blog
བཀུར་འོས་རྡོ་སྤིས་ཡོན་ཏན་ལགས།
དེ་སྔར་ཉིད་ནས་དགེ་ཆོས་སྐོར་ཀྱི་དཔྱད་རྩོམ་ཐེངས་མང་སྤེལ་བར་སྙིང་ནས་དཀའ་དྲིན་ཆེ་ཞུ་བཞིན་ཡོད།
ད་ཐེངས་ཁོ་བོས་ཉིད་ཀྱི་རྩོམ་ཡིག་ཁག་ལ་བལྟས་པའི་མྱོང་ཚོར་ཆེ་ཤོས་དེ་ནི། ཉིད་ནས་དགེ་ཆོས་ཀྱི་སྐྱོན་རྐྱང་རྐྱང་གླེང་གིན་འདུག་པ་ལས། ཁོང་གིས་བོད་གངས་ཅན་གྱི་ལྗོངས་སུ་བྱས་རྗེས་ཇི་ཙམ་བཞག་ཡོད་མེད་སྐོར་མ་མཁྱེན་པའམ་ཡང་ན་དྲང་བོ་གླེང་གིན་མེད་པར་འདྲ་བོ་མཐོང་སོང་། ཅིག་བྱས་ན་ང་ནོར་ཡོད་པས་དགོངས་འགལ་མི་གནང་བར་ཞུ།
རྡོ་ཡོན་ལགས
ཉིད་ཀྱིས་བྲིས་པ༷འི་རྩོམ་ལན་དེ་མཐོང་མ་ཐག་མགོ་ནས་མཇུག་པར་དུ་ཚོུད་ཡོད་མེད་ལ་མ་བལྟོས་པར་ཞིབ་ཀློག་བྱེད་དགོས་བསམ་སོང་མོད། འོན་ཀྱང་ཀློག་གི་ཀློག་གི་ཉོབ་སོང། ཚོར་པ་དེ་ཀློག་མཁན་དག་ལ་ཡོང་ངེས་ཤིག་རེད་ཅེས་བཤད་ཆོག རང་ཚོད་ཟིན་ན་མཁས་པ་ཡིན་ཞེས་པའི་བསླབ་བྱ་དེ་ཁྱོད་ལ་དག་དག་རན་པོ་འདུག
སྤྱིར་ང་ཚོ་བོད་པའི་ནང་དུ་མཁས་དབང་དགེ་ཆོས་ལ་འགྲན་ཟླ་ཡོང་བ་རེད་བྱུང་ན་ངོ་མ་གུས་བཀུར་བྱེད་དགོས་ནི་རེད་ལ་དེ་ལྟར་བྱེད་རྒྱུ་ཡིན། གོང་དུ་རྔ་བ་རྒྱལ་ཁམས་པར་ལན་བྲིས་ཁུལ་བྱས་༷པ༷འི་ཉིད་ཀྱི་རྩོམ་ཡིག་ཡང་བསྐྱར་སྐུ་ཉིད་ནས་ཐེངས་གཅིག་ཀློག་རོགས་གནང་སྐབས་དེར་རང་ཉིད་ལ་ངོ་ཚ་དང་འགྱོད་སེམས་ཅུང་ཙམ་རེ་ཡོང་ན་དེ་ནས་བཟུང་ངས་ཁྱེད་བཟི་བོ་ཞིག་མ་རེད་ཟེར་ཐུབ་ཀྱི་འདུག སྐུ་ཉིད་ཀྱི་རྩོམ་ཡིག་དེའི་ནང་དོན་གཟུགས་སུ་བསྐྲུན་ན་ང་ལ་འདི་འདྲ་ཞིག་འཆར་ཐུབ་ཀྱི་འདུག་ཉེ་ཆར་ཧའུ་ཁྲེ་ས་ཡོམ་རྒྱག་ཤུལ་དང་གཅིག་མཚུངས་རེད།
རྩོམ་པ་པོ་ཉིད་ཀྱིས་དགེ་ཆོས་ལ་སྐྱོན་དུ་ལྟ་བ་ནི་དེང་སྐབས་དགེ་ཆོས་ལ་བསྟོད་བསྔགས་བྱེད་མཁན་མང་བས་ངེས་པར་དུ་སྨད་མཁན་ཞིག་ཀྱང་དགོས་པར་འདོད་ནས་དེ་ལྟར་བྱེད་ཀྱི་ཡོད་ཚུལ་སོགས་བཤད་པ་དེས་ཉིད་དང་ཉིད་བྲིས་ཟིན་པ་དང་མ་འོངས་པར་འབྲི་རྒྱུ་བརྩམས་ཆོས་ཡོངས་རྫོགས་ལ་བསྡོམས་ཆེན་པོ་ཞིག་བརྒྱབས་སོང།
ཆེས་ལེགས་པའི་མིང་དོན་མཚུངས་པ་ཞིག་ནི་རྩོམ་ཡིག་དེའི་ཁ་བྱང་རེད།
ཐོག་མཐའ་བར་གསུམ། མིང་ཡག་གི་རྩོམ་ཡིག་དེ་དང་རན་པོ་བྱུང་འདུག་དཔེར་ན། ཐོག་མར་མགོ་མེད་བར་དུ་ལུས་མེད་མཐའ་མ་མཇུག་མེད་པ་རྩོམ་ཡིག་རིལ་རིལ་འདིའི་མིང་བྱང་ཡིན་ན་ངོས་ལེན་བྱས་ནི་ཡིན།
ཨ་རོ་བློ་ཡོན་ཁྱེད་ཀྱིས་དགེ་ཆོས་ཀྱིས་གོ་ལ་རིལ་རིལ་དང་ལེབ་ལེབ་ལས་འཕྲོས་ནས་ཚན་རིག་མི་ཤེས་གི་ལབ་ན་རྣར་འགྲོ་གི མཐའ་ན་ཁྱོས་དགེ་ཆོས་མ་ཤེས་ཤེས་ཁུལ་བྱེད་པའི་རྫུན་རྒན་ཞིག་རེད་ཟེར་ན་འགྲིག་གི་རེད།
ཁྱོས་དགེ་ཆོས་ཀྱི་ལྟ་བ་འཛམ་གླིང་གི་ཆེ་བདུག་རྩུབ་ཅན་ཤན་པ་ཧི་ཐི་ལུར་གྱི་ཚོགས་པ་་ན་ཙེ་ན་ཙེ་{Nazi འམ་ 法西斯་དང་འབྲེལ་བ་ཡོད་པར་བཤད་ན་རྣར་མི་འགྲོ ཀི ཁྱོད་ཁོངས་ལུང་གསལ་བོ་ཞིག་སྟོན་རྒྱུ་མེད་ན་ང་ཚོས་ཁྱོ་རང་ང་མི་འཇོགས་ཁོ་ཐག་ཡིན། དྲ་གྲོགས་དྲང་བདེན་ལ་དགའ་མཁན་དང་དགེ་ཆོས་ལ་དགའ་མཁན་ཚོ་རང་ང་མ་འདུག་ཁོ་ལ་རྒོལ་ལན་འབྲི་རོགས་ཞུ། མ་ངོ་མཁས་དབང་དགེ་ཆོས་ལ་འདི་ཟེར་སྲོལ་ཡོད་ནེ། བྱ་རྩོག་གི་ཡ།
བློ་ཡོན་ལགས་ཀྱིས་བཏོན་པའི་དགེ་ཆོས་ཀྱི་སྐྱོན་ཆ་རྣམས་དོན་དམ་གྱི་སྐྱོན་ཆ་ཡིན་མིན་དབྱེ་ཞིབ་བྱས་ཏེ་དཔྱད་གཏམ་སྦེལ་རྒྱུ་ཅི་ཡང་མེད་པར་དགེ་ཆོས་ཀྱི་སྐྱོན་ཆའི་ཕྱོགས་རྣམས་གསལ་སྟོན་བྱས་པར་ཧ་ལས་ལས་བྱེད་མཁན་གྱི་མཆན་འདེབས་པ་འདི་ཚོར་ང་དགད་མོ་སེམས་གཏིང་ནས་ཤོར་གྱིན་འདུག དགེ་ཆོས་ཀྱི་སྐྱོན་ཡོན་གྱི་ཆ་གཉིས་ལས་སྐྱོན་གྱི་ཆ་གཅིག་པུར་བལྟས་ཏེ་གླེང་གཏམ་སྤེལ་མི་ཆོག་པའི་ཁྲིམས་དང་ལམ་ལུགས་ཤིག་གང་དུ་འདུག
གཅིག་བྱས་ན་བློ་ཡོན་གྱི་བཤད་པའི་ནུབ་ཕྱོགས་ཀྱི་ལོ་རྒྱུས་དང་བྱུང་བ་ཐ་ན་གནའ་མི་གྲགས་ཅན་འགའི་མིང་ཙམ་ཡང་གཅིག་བྱས་ན་མཆན་འདེབས་འགའ་ཤས་ཀྱིས་དེ་སྔོན་གོ་མྱོང་ཁོ་རང་མེད་པར་ངས་ཡིད་ཆེས་བྱས་ཆོག
འ་རོགས་བློ་ཡོན། དེ་འདྲ་ཅིག་མང་སོང་མི་འདུག་གམ། ཁྱོད་ཀྱིས་དགོན་པ་ནས་ནང་ཆོས་སྦྱང་བ་དང་། ཕྱི་རྒྱལ་ནས་ཕྱི་ལུགས་སྦྱང་བ་དེ་དགེ་ཆོས་དགག་པའི་ཆེད་དུ་ནི་འེ་ཡིན། དེ་མིན་དཔེ་དེབ་དེ་འདྲ་མང་པོ་ཅིག་འབྲི་བ་ལ་དངུལ་དངོས་དང་དུས་ཚོད་མང་པོ་ཅིག་གཏོང་དགོས་པས། དགེ་ཆོས་དགག་པའི་ཕྱོགས་ལ་དེ་འདྲ་ཅིག་གཏོང་བ་ལས། གཞན་ཞིག་ལ་བཏང་ན་འབྲས་ཡོད་པ་མ་རེད་དམ། ང་ཚོས་གཞན་དག་གི་དཔེ་མཛོད་དེ་ཚོ་ལ་སོང་ན་དཔེ་ཆའི་རྣམ་གྲངས་མིང་གོ་མ་མྱོང་བའི་རྣམ་གྲངས་མང་པོ་འདུག་ག དེ་བཞིན་དུ་རང་རེའི་དཔེ་མཛོད་དག་ན་ཡང་དགག་ཡིག་ལས་གཞན་པའི་དེབ་ཡོང་ཆོག་གི་མ་རེད་དམ། ཡང་དགེ་མཚན་ཆེན་པོ་ཡོད་ན་ང་ལྟ་བུས་ཆེན་པོ་ཟིག་ཤེས་ནི་མ་རེད། ཡིན་ན་ཡང་རང་གི་མི་རིགས་དང་ས་ཆ། སྐད་ཡིག་བཅས་ལ་ཞེན་པ་དྲི་མ་མེད་པ་ཅིག་ཡོད་དེས་བསམ་ཚུལ་ཞུ་གི་ཡོད།
ངས་བསམ་ན་དཔེ་ཆའི་ཕྱོགས་ནས་དགེ་ཆོས་ཀྱིས་བོད་ཀྱི་དཔེ་དེབ་གྱི་རྣམ་གྲངས་མང་རུ་བཏང་ཡོད་པ་རེད་བསམ། དཔེར་ན་འདོད་བསྟན་གཅིག་བུ་ལ་མཚོན་ན་བོད་ལ་ཁོའི་སྔོན་དུ་འདོད་བསྟན་གཅིག་མ་གཏོགས་མེད་ཀ དེ་བཞིན་དུ་ཡུལ་སྐོར་ཟིན་ཐོ་ཡང་དེ་བཞིན་རེད།
ང་ཚོ་མི་རབས་འདིའི་གྲས་ན་ཡུལ་སྐོར་ཟིན་ཟོ་འབྲི་མཁན་མང་ན་ཡང་ཡུན་རིན་ཐང་ཡོད་པ་རེ་ཟུང་ལས་མི་འདུག་ཀ བོད་ནང་ན་ནི་ཚང་མས་སྙན་ངག་དང་ལྟ་བ་རྐྱང་རྐྱང་གི་ནང་ལ་འགོ་འཁོར་ནས་གཞན་ཞིག་འབྲི་རྒྱུ་སེམས་ལ་ཡང་དྲན་གི་མེད་ཀི བོད་ཕྱི་ན་ཡང་དཔེ་དེབ་མང་པོ་འབྲི་བཞིན་འདུག་མོད་། བོད་རྒྱ་གར་དུ་ཡོང་སྐབས་ང་དང་ངའི་ཕྱོགས་ཀྱིས་འཇོན་རབས་རྐྱང་རྐྱང་འབྲི་བ་ལས་གཞན་ཅིག་འབྲི་ཐུབ་ཀྱི་མི་འདུག
དེ་བས་ན་ཤེས་ཡོན་ཡོད་མཁན་ཅིག་གིས་རྣམ་གྲངས་གཞན་ཞིག་བྲིས་ན་ཡག་རྒྱུ་རེད་བསམ
ཟླ་མེད་ལགས།
རྡོ་སྦིས་ཡིན་ཏན་ཟེར་བ་ཁོང་སྔོན་ཆད་སྔོན་སྐུ་འབུམ་ནང་བསྟན་སློབ་གྲའི་སློབ་མ་ཞིག་ཨེ་རེད།
ང་ནི་དགེ་ཆོས་སྐྱོན་ཡོད་པར་འདོད་མཁན་ཞིག་ཡིན། ཡིན་ནའང་དགེ་ཆོས་ན་ཙེ་དང་ལྟ་བ་གཅིག་རེད་ཟེར་བ་འདིས་ང་ཧ་ལས་སོང་། དེ་ནི་དགེ་ཆོས་ཤན་པ་རེད་ཟེར་བ་དང་གཅིག་མཚུངས་རེད། ཁུངས་གསལ་བོ་ཞིག་མེད་ན་ཅི་བྱེད་ཀི་ཡིན། འདིའི་སྐོར་ལ་དགེ་རབ་དང་མགོན་ཕྱག་སོགས་ཀྱིས་ལན་ཚ་བོ་རེ་འབྲི་ཐུབ་པར་རེ་བ་བྱེད་ཀིན་ཡོད། ཡང་ཁ་ཤས་ཀྱིས་ཅིག་ཅིག་མ་འབྲི། ཅིག་ཅིག་བྲིས་ཟེར་བ་དང་དགེ་ཆོས་ཀྱི་དཔེ་ཆ་གཅིག་ཇེ་མང་བཏང་འདུག་ཟེར་བ་ལ་ཆོ་མི་འདུག དགེ་ཆོས་ཀྱིས་འདོད་བསྟན ་ནང་ན་ཅིག་ཅིག་གི་འདོད་བསྟན་བོད་ལ་འགྱུར་འདུག་ཟེར་གིན་འདུག་ཀ མ་གཞི་འདོད་བསྟན་དགེ་ཆོས་ཀྱིས་མཁའ་འགྲོའི་བརྒྱུད་ནང་ནས་རྐུན་མ་བརྒྱབས་པ་རེད་ཟེར་གིན་འདུག་ཀ།
དེང་སང་བོད་མིའི་གྲས་ན་མཁས་བ་ཡིན་ཟེར་མཁན་གྱིས་དཔྱད་རྩོམ་ཞིག་སྤེལ་བ་ཡིན་ན་འདྲ། ཡིན་ཡིན་མདོག་མདོག་གི་ལེགས་སྦྱར་ཞིག་བཤད་ན་འདྲ། ཐ་ན་སྙན་ངག་པ་དང་རྩོམ་པ་པོ་ཡིན་ཟེར་ཚད་ཀྱི་ཆང་ཁའི་གཏམ་གླེང་ཡན་ཆད་ན་བོད་ཀྱི་སྔོན་བྱུང་མཁས་བས་ལུང་འདྲེན་བྱེད་ན་ཉམས་དམའ་བ། ཕྱི་གླིང་བ་ག་གེ་མོ་ཞིག་གི་ལུང་འདྲེན་བྱེད་ན་མཁས་པར་བརྩི་བའི་དུས་ཚོད་ཞིག་ཤར་བ་དང་ལྷན། ཕ་མེས་ཀྱི་ཡིག་ཚང་ནས་ནོར་བུ་བསྔོགས་འདོད་བགྱི་ཐུབ་མཁན་གྱི་དཔྱོད་ལྡན་པའང་འཕྲོ་རིམ་འཕྲོར་ཐོན་ཡོང་གི་འདུག་ག།།
བློ་བཟང་ཡོན་ཏན་གྱི་རྩོམ་ཡིག་དག་ཀློག་རྗེས་གཤམ་གྱི་འཚོར་སྣང་སྦྱིན།
བློ་ཡོན་གྱིས་སྔ་ཕྱི་བར་གསུམ་ལ་དགེ་ཆོས་ཀྱི་སྐོར་ལ་བསམ་ཚུལ་མི་ཉུང་བ་ཞིག་བྲིས་ནས། དགེ་ཆོས་ལ་འུར་བསྟོད་བྱེད་མཁན་གྱི་རྗེས་བྲངས་པ་ཚོར། ཁྲག་དྲི་བྲོ་བའི་བསླབ་བྱ་ལེགས་པོ་ཞིག་སྦྱིན་སོང་།
གོང་གི་རྒྱུ་གཙོ་བོ་ནི། ཆག་སྒོ་འདིའི་མགོ་རྩོམ་མཁན་བློ་ཡོན་མ་རེད། དགེ་ཆོས་ཁ་ལ་འཁྱེར་ནས། རྗེ་ཙོང་ཁ་པ་ལ་རིགས་པ་དང་རྒྱུ་མཚན་མེད་པར་རྒོལ་བར་སྤྲོ་བའི་འགན་ཁྲི་མེད་པའི་རང་མོས་མཆན་པོ་དག་རེད། ལྷག་པར་དུ། ཁ་བརྡ་འདི་ལ། སྙིང་མའི་ཆོས་ལུགས་ཀྱི་མིང་ཁྱེར་ནས། ཆོས་ལུགས་ཕན་ཚུན་དཀྲུག་པར་དགའ་བའི་མཆན་པོ་དག་དང་། རྒྱ་གར་སྙིང་མའི་དགོན་པ་ནས་ཆོས་མགོ་མ་འཐོན་པའི་སྙིང་རྒྱུད་ཀྱི་མིང་ཐོག་པ་དེ་ཚོས། དུས་རྟག་ཏུ་དགེ་ལུགས་ལ། “འདྲེ་ལུགས་དང་། Gay ལུགས་ཟེར་མཁན་”དེ་ཚོས་མགོ་བསླངས་སོང་། ད་ཁ་གཏད་ངོ་མ་ཞིག་ཐུག་དུས། ཀུན་གསལ་སོགས་བླ་ཁུམས་ནས་མགོན་པོ་ཕྱག་གཉིས་དང་དགེ་འདུན་རབ་གསལ་ལ་ཞུ་བ་འཐེན་ནས་བློ་ཡོན་ལ་རྒོལ་བར་སྐུལ་བ་ནི་ཤིན་དུ་བགོད་བྲོ་བའི་གནས་ཤིག་ལགས།
ཀུན་གསལ་གྱིས་ཤེས་དགོས་པ་ཞིག་ལ། མགོན་པོ་ཕྱག་གཉིས་པ་དང་རབ་གསལ། དེ་བཞིན་རྒན་པད་མ་འབུམ་སོགས། སྤྱིར་རེབ་གོང་ཕྱོགས་ནས་ཕེབས་ཀྱང་། ཁོང་ཚོར་རང་བཞིན་གྱི་དྲང་ཚུགས་ཤིག་འདུག ཁོང་ཚོས་རྒྱུ་མཚན་དང་གནད་ལུགས་མེད་པར་གཞན་གྱི་རྗེས་སྒྲོས་ལ་འུར་རྒྱག་པའི་རྩོམ་ད་བར་སྤེལ་བ་མཐོང་མ་སོང་ལ། ལྷག་པར་དུ་བསྟོད་དགོས་པ་ཞིག་ནི། ཁོང་ཚོ་ལ་ཡུལ་ལུང་གི་ཕྱོགས་བཞེན་དང་། ཆོས་ལུགས་ཀྱི་འཐེན་ཁྱེར། དེ་བས། བོད་མི་རིགས་ཀྱི་བདེ་རྩར་གནོད་པའི་རྩོམ་སོགས་ད་བར་སྤེལ་བ་མཐོང་རྒྱུ་མེད། དེར་བརྟེན། ཀུན་གསལ་གྱིས་ཞུ་བ་རྒྱག་ཡུལ་གྱི་མི་རྣམས་ནོར་སོང་སྙམས།
མཐའ་མར། བསམ་ཚུལ་ཞིག་ལ། འདིར་ས་གཞི་རིལ་པོ་དང་ལེབ་པོའི་དོན་འདི་གཙོ་བོ་མ་རེད། རྩ་བ་འདི། དགེ་ཆོས་མི་ཕལ་པ་ཞིག་ལ་ལྷའི་གོས་གཡོག་རྒྱུར་དགའ་བའི་གཡམ་རྒྱུག་པ་ཚོས། ཕྱི་ལྟར་ན་དགེ་ཆོས་ལ་བསྟོད་པ། ནང་ལྟར་ན། རྗེ་ཙོང་ཁ་བ་དང་དེའི་རྗེས་བྲངས་པ་ཚོར་ཐུབ་ཚོད་བཤད་རྒྱུར་དགའ་བའི་ངག་ཆལ་བ་འདི་ཚོའི་རྣ་ལ་ཁོང་ཚོའི་ཚིག་འདི་ཕར་བླུགས་པའི་རྩ་དོན་ཞིག་རེད།
ད་དུང་མུ་མཐུད་ལྟ་བར་བྱའོ།