བཀྲ་ཤིས་དོན་གྲུབ།
རྒྱ་ནད་བཙན་པོ་རྒྱ་ནག་ཡུལ་ནས་ཐོན།།
རྒྱ་ཆེན་གོ་ལའི་ཁྱོན་ལ་ཁྱབ་བྱས་ཏེ།།
རྒྱ་ཙམ་མིན་པར་ཐམས་ཅད་ཨར་ལ་གཏད།།
རྒྱ་མིན་རྒྱ་བླ་རྣམས་ལའང་ཁོམ་པ་བྱིན།།
འཛམ་གླིང་བང་མཛོད་སྟོངས་ལ་ཉེ་འདུག་སྐད།།
འོན་ཀྱང་རྒྱ་ནག་རླུང་རྟ་དར་གྱི་ཟེར།།
ལྟས་ངན་རྒྱ་ནད་འདི་ཡང་མི་དྲང་འདུག།
མ་གཞིMade in Chinaམ་ཡིན་ནམ།།
མང་པོའི་ལྷན་དུ་ཚོགས་ནས་འུར་བ་དང་།།
དུ་མའི་མགོ་རུ་བསྒྱིང་རྒྱུར་མོས་པ་རྣམས།།
ཉི་མ་དེང་སང་བཙོན་པར་གྱུར་ཚར་དུས།།
ཉིན་ཞག་ལོ་ལས་རིང་བ་མི་འདུག་གམ།།
ལག་པ་བཀྲུས་ཏེ་སྐྱི་ཤུན་བུད་ལ་ཉེ།།
ཁ་འཐུམ་གོན་ནས་ཁ་སྣ་འབྱར་གྲབ་ཡིན།།
གཙང་དམེ་མཉམ་པར་ལྟ་བའི་གྲུབ་ཆེན་ཡང་།།
དེ་ཞག་འཕྲོད་བསྟེན་མཁན་པོར་གྱུར་འདུག་སྐད།།
རྒྱལ་ཁབ་དཔོན་ཁག་ངན་ཁག་དཀྲི་རེས་ཀྱིས།།
རྒྱ་ནད་རྐུབ་བཀྱགས་རྩོད་པའི་རྒྱུར་སོང་དུས།།
འཛམ་བུ་གླིང་པའི་གདོང་འབག་གསོག་གསོབ་དེ།།
ཐེར་ཚལ་སྦར་ཚལ་བཏང་པར་ཚོད་མི་གདའ།།
ཆོས་དང་ཆབ་སྲིད་པ་ཡི་ཁྱད་མི་འདུག།
སྒྱུ་རྩལ་པ་དང་ཁྲམ་པའང་མགོ་སྙོམས་རེད།།
ཀུན་ཀྱང་འཕྲོད་བསྟེན་སྨྲ་བར་བྲེལ་དུས་འདིར།།
ཅལ་འདྲོགས་རྣམ་ཐར་འཛིན་མཁན་ཇེ་མང་རེད།།
རྟོགས་ལྡན་བླ་ཆེན་སྒོ་ཐེམ་བགོམ་མ་ནུས།།
མཐུ་ལྡན་ལྷ་སྲུང་མགོན་དུ་འབྱོན་མ་ཕོད།།
འབྱོར་ལྡན་རེས་འགའ་ད་དུང་ཞུམ་མི་འདུག།
སྐྱབས་མེད་དབུལ་པོའི་ཚོགས་ཀྱི་སྐྱོབ་པ་ཉིད།།
ནག་པོ་དགུ་སྦྱོར་དཀར་པོ་ཆིག་ཐུབ་སོགས།།
བོད་ཀྱི་གསོ་བྱེད་ཁ་ཕོ་རག་དུང་ལ།།
ལག་ལེན་ལག་རྡུམ་གཡུལ་ལ་ཆས་འདྲ་དང་།།
མ་ནིང་མ་རུ་བརྫུས་པའི་ཚུལ་ལུགས་ཙམ།།
རང་ལས་གཞན་དག་གཅེས་པའི་ཆོས་བཤད་དང་།།
རྒྱུ་འབྲས་ལས་ལ་སྦྱར་ནས་འཆད་པ་དང་།།
མི་བདེན་སྟོང་པའི་གནས་ལུགས་སྨྲ་བ་སོགས།།
མཚན་རིང་ཕུད་བྱེད་སྒྲུང་གི་ཟླ་ལ་སོང་།།
སྔར་དར་ནད་ཡམས་ཚོད་དུ་བླངས་བྱས་ཏེ།།
འཇའ་ཡལ་མ་ཡི་ལུང་བསྟན་འཕེན་པ་ཡང་།།
མོ་སྟོན་ཕག་མགོ་ལམ་དུ་མ་སོང་བའི།།
བྱིས་སྒྲུང་ཞིག་གི་བརྗོད་བྱ་མིན་སྟངས་མེད།།
སྟོང་ཁམས་ལག་པའི་མཐིལ་དུ་ལེན་ཕོད་པའི།།
མུ་མེད་མི་ཡི་རིགས་ཀྱི་ཤེས་རིག་ཀུན།།
ཤེར་སྙིང་འཁྱམ་པོར་དོ་ཐབས་མེད་མོད་ཀྱི།།
ཉི་མ་ད་ཚོད་དགུན་གྱི་ཁུ་བྱུག་རེད།།
ཡོད་པོ་རྣམས་ནི་ཁྱིམ་དུ་སྡོད་མི་བཟོད།།
མེད་པོ་རྣམས་ནི་ལྟོ་བས་འདུག་མི་འཇུག།
ཡོད་མེད་དབུལ་ཕྱུག་གཉིས་ཀྱི་ཐོ་རེངས་འདིར།།
ཁྱིམ་སྡོད་བཀག་རྒྱའི་གཅིན་པའང་འཆོར་གྲབ་འདུག།
སྤྱིར་ན་སྣ་ཚོགས་དངོས་པོའི་སྣེ་རེ་རེ།།
ཊམ་ཀའི་རྒྱབ་མདུན་ལག་པའི་ཕྱི་ནང་ལྟར།།
བཟང་ངན་གའུ་ཁ་སྦྱོར་ཡིན་མོད་ཀྱི།།
དེང་འདིར་ཐམས་ཅད་མི་གླེང་འདི་ནས་འཇོག།