སྤོབས་པ་མཐའ་ཡས།
ཉེ་སྔོན་དྲ་ཐོག་འདིར་སྐུ་ངོ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་རྟེན་འབྲེལ་བསྟོད་ཚིག་མང་པོ་ཞིག་ཕུལ་བར་དོ་སྣང་བྱུང་། སྤྱིར་ན་མི་ཞིག་གི་སྐྱེས་སྐར་ལ་རང་རང་གི་ནང་མི་སྤུན་ཉེས་རྟེན་འབྲེལ་ཤིས་ཚིག་རེ་སྤེལ་བ་ནི་དེང་དུས་ཀྱི་འགྲོ་ལུགས་ཤིག་ཀྱང་ཡིན་སྟབས་དེ་ལ་དགག་བཞག་བྱེད་སྲོལ་མེད། རང་རེའི་སྲོལ་རྒྱུན་དུ་མི་ཞིག་ལ་དེའི་ཕྱོགས་གཏོགས་ཚོས་ཕུལ་བའི་ཤིས་ཚིག་སྨོན་ཚིག་ཏུ་བསྙད་པ་དེ་དག་ནི་བསྐྱར་ཟློས་ལད་ཟློས་ཡིན་པར་ཐག་ཆོད་སྟབས་སྣང་མེད་དུ་བཞག
ཁང་གསར་རྡོ་རྗེ་ལགས་ཀྱིས་‘རྒྱུ་མཚན་’ལྔ་ཡིས་རྟེན་འབྲེལ་ཞུས་པ་དེ་ཞིབ་ཀློག་ཅིག་བྱས། རྒྱུ་མཚན་དེ་དག་རྒྱུ་མཚན་དུ་སོང་ཡོད་མེད་ལ་བསམ་ཞིབ་ཅིག་ཀྱང་བྱས། བླ་སློབ་བར་གྱི་ཕྱོགས་འཛིན་བསྟོད་ཚིག་བརྒྱ་སྟོང་ལས་ལྷག་ཅེས་འུད་བསྟོད་བྱས་པ་དེ་ཡང་མདའ་མོ་འབེན་ལ་དེ་ཙམ་མ་ཕོག་པའི་ཚོར་སྣང་བྱུང་། གཅིག་བྱས་ན་རྩོམ་པ་པོ་དང་ངེད་གཉིས་ཀའི་བར་ན་རྒྱུ་མཚན་ཞེས་པ་དེ་ངོས་འཛིན་སྟངས་མི་འདྲ་བ་རེ་ཡོད་པ་ཡིན་མིན་ཡང་ངེས་པ་མི་འདུག རབ་ན་བསྐྱར་འབྲི་ཞིབ་ཙམ་བྱེད་ནུས་ན་གསལ་ཁ་ཐོན་པར་ཕན་ཐོགས་ཆེ།
ཁང་གསར་ལགས་ལ་དྲ་ཐོག་འདིའི་མི་མང་པོས་དགའ་མོས་དོ་སྣང་ཅུང་ཟབ་པའི་ཆ་ནས་དེའི་སྐད་ཆ་དག་བདག་མེད་དུ་བཞག་ན་འོས་པར་མ་མཐོང་བས་དོག་སློང་གི་ཚིག་ཁ་ཤས་ཤིག་འབྲི་དགོས་ཐུག་བྱུང་། ‘རྒྱུ་མཚན་’ལྔ་ལ་ཐག་ཉེ་ས་ནས་བལྟས་པའི་སེམས་ཚོར་ཙམ་ཞིག་ལས་གང་ཡང་མིན། གཤམ་དུ་‘རྒྱུ་མཚན་’ལྔ་པོ་རེ་རེ་ནས་གླེང་བར་བྱ།
དང་པོ།
སྐུ་ངོ་ཟམ་གདོང་མཆོག་གིས་ས་ར་མཐོ་སློབ་ཏུ་བོད་མི་རིགས་བསྟན་སྲིད་ཆེད་ཕྱག་ལས་རླབས་ཆེན་གནང་བའི་གཟེངས་རྟགས་འབུལ་བཞེས་ཀྱི་སྐབས་ཀྱི་གསུང་བཤད་དེ་ཚང་མས་བརྗེད་མེད་ཚོད་ཡིན། སྐུ་ངོས་གསུངས་པ་དེ་སྤྱིར་ན་ཐེག་པ་ཆེན་པོའི་བླ་མ་བསྟེན་སྟངས་སོགས་ཚིག་གང་ཟབ་གང་རྫིགས་ཀྱི་གཟབའཕྱོར་སྤྲས་ཡོད་ན་ཡང་། ཡོས་ལ་འབབ་རྒྱུ་རྩམ་པ་ངོ་མ་དེ་ཁོང་གིས་རྡ་རམ་ས་ལའི་སྲིད་སྟེགས་བློས་མ་ཐོངས་བར་ཕོ་ལོ་བདུན་ཅུ་བརྒལ་སོང་བ་དེ་རང་གི་ཡབ་ཆེན་ཁྲི་བྱང་གི་ཕུགས་འདུན་བསྒྲུབས་པ་མ་གཏོགས་མི་རིགས་ཀྱི་ལ་རྒྱ་ཞེན་པས་མིན་ཚུལ་གསལ་བར་གསུངས་ཤོར་ཡོད། ཁྲི་བྱང་ཡབ་སྲས་གཉིས་ཀའི་འདོད་ཕྱོགས་བསྒྲུབས་པ་དེ་ནི་ཁང་གསར་རང་ཉིད་མི་དགའ་སའི་བླ་སློབ་ཕྱོགས་འཛིན་ཞེས་པ་དེ་ཡང་དེ་ལས་གཞན་གང་ཡིན་ནམ།
སྤྱིར་ན་མིའི་རང་ཕྱོགས་ཡར་རྒྱས་གཏོང་སྟངས་དེ་ཡང་མཐའ་གཅིག་ཏུ་དམའ་རིམ་མི་སྣའི་རེ་འདོད་ས་ཁང་དངུལ་དངོས་ཙམ་ཁོ་ན་མིན་པར་བསྒྲུབ་བྱ་གཞན་ཡང་མང་། དཔེར་ན། གོ་གནས། མིང་གྲགས། ཆེ་མཐོང་གོང་འཕེལ་རྒྱུན་སྐྱོང་སོགས་ནི་མཐོ་རིམ་མི་སྣའི་བསྒྲུབ་བྱ་གཙོ་གྲས་ཡིན་སྟབས་དེ་ཚོ་སྐུ་ངོས་ཀྱང་སྤྱི་ཚོགས་ཆུང་ངུ་འདིའི་ནང་གི་ཆེས་མཐོ་ཤོས་དེ་འགྲུབ་པའམ་བསྒྲུབས་མེད་ཅེས་སྨྲས་ན་དྲང་པོ་མིན།
གཉིས་པ།
སྐུ་ངོ་ཟམ་གདོང་གཞུང་ལུགས་ལ་མཁས་དང་མི་མཁས་ཞེས་པ་དེ་ལྟོས་འཇོག་གིས་ལྟ་དགོས་པ་ཞིག་རེད། སྐུ་ངོས་སྐུ་ཚེ་སྐྱེལ་སའི་ལས་གནས་དང་། ཁོར་ཡུག སྤྱི་ཚོགས་གང་ལ་བལྟས་ཀྱང་གཞུང་ལུགས་ལ་མཁས་པའི་ཁྱད་ཆོས་དེ་ཙམ་འདོན་དགོས་ས་མིན། སྐུ་ངོས་སྐུ་ཚེ་ཕལ་ཆེ་བ་ཚོགས་པ་ལས་ཁུངས་འཛིན་སྐྱོངས་སོགས་ཀྱི་དོན་དུ་བཏང་ཡོད་པ་མ་གཏོགས་གཞུང་ལུགས་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་མང་པོ་གནང་མེད་པའི་ཆ་ནས་གཞུང་ལུགས་ལ་མཁས་པའི་སྡོམ་ཚིག་དེ་ཡང་རྒྱུ་མཚན་དེ་ཙམ་མི་ཆེ་བ་འདྲ། སྐུ་ངོ་སྐད་རིགས་ལ་མཁས་པ་ཡིན་ཚུལ་དེ་ཡང་སྤྱིར་ན་གཞན་གྱི་སྤྱི་ཚོགས་ནང་དུ་མི་ཚེ་བསྐྱལ་མཁན་ཚོས་གཞན་སྐད་ཀྱི་གླེང་མོལ་ཐར་ཐོར་རེ་འཁྱོལ་བ་ལ་མཁས་པའི་ཆེ་བསྟོད་སྦྱར་ཀྱང་རུང་ལ་མ་སྦྱར་ཀྱང་རུང་། སྐུ་ངོའི་དབྱིན་སྐད་ཀྱི་སྒྲ་གདངས་ཡན་ཆོད་དེ་ཙམ་སེམས་འཕྲོག་པ་ཞིག་མིན་མོད་ཧིན་དྷི་ལ་བྱང་ཆ་ག་འདྲ་ཡོད་མིན་ནི་མི་ཤེས།
གསུམ་པ།
དེབ་མ་བྲིས་པ་དེ་ནི་སྐྱོན་ཞིག་མིན་ན་ཡང་ཡོན་ཏན་ཞིག་ཏུ་དེ་ཙམ་བསྒྲགས་འོས་པར་མ་མཐོང་། སྐུ་ངོ་རིག་གཞུང་ལ་མཁས་པ་ཡིན་པར་སྒྲོག་མཁན་ཚོར་དུས་རྟག་ཏུ་དྲི་བ་འདི་སླེབས་བཞིན་ཡོད།
སྐུ་ངོས་རང་ཉིད་མ་བསྒྲགས་ཞེས་པ་དེ་ཧ་ཅང་ཡ་མཚན་པོ་རེད། ཆབ་སྲིད་ཀྱི་ལས་སྣེ་པ་སུ་ཞིག་ཡིན་ན་ཡང་རང་ཉིད་མ་བསྒྲགས་པར་སྤྱི་ཚོགས་ཀྱི་མགོ་ཁྲིད་ཡོང་ཐབས་མེད་པ་ལྟ་བུ་རེད། ཆོས་བསྒྲུབ་ན་དབེན་པར་རང་ཉིད་གཅིག་པོས་ཉམས་སུ་བླངས་ན་འགྲིགས་མོད། སྐུ་ངོའི་ལས་གནས་ལྟ་བུའི་ཆབ་སྲིད་ཀྱི་ལས་ཀ་སྤྱི་དང་ལྷག་པར་དམངས་གཙོའི་སྤྱི་ཚོགས་སུ་ལྐོག་ལྐོག་སུད་སུད་དུ་གོ་གནས་མཐོ་ཤོས་སུ་སླེབས་པ་དེ་ནི་དགག་བྱ་ཞིག་ལས་བསྒྲུབ་བྱ་ཞིག་མིན། སྐུ་ངོ་མཆོག་ཀྱང་དེ་ལས་མ་འདས་པར་ག་ལ་གང་འཚམས་ཀྱིས་རང་ཉིད་གསལ་སྟོན་བྱས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་སྟེགས་བུ་མཐོ་ཤོས་དེར་སླེབས་པ་མ་གཏོགས་རང་ཉིད་མ་བསྒྲགས་པར་ལྟག་སྒོ་བརྒྱུད་ནས་སོང་བ་ལྟ་བུ་ཡིན་པར་གོ་དགོས་ན་མི་བཟང་།
བཞི་པ།
སྐུ་ངོ་ཟམ་གདོང་གིས་རྒྱལ་བ་རིན་པོ་ཆེ་ལ་རོགས་འདེགས་བྱས་པ་དེ་ནི་ནམ་ཡིན་ཡང་སྐུ་ངོ་རང་ཉིད་ཀྱིས་ཐེངས་མང་པོ་གསུངས་དང་གསུང་བཞིན་ཡོད་ལ། རྩོམ་པ་པོ་ཁང་གསར་ལགས་ཀྱིས་བཤད་འདུག ཡིན་ན་ཡང་རྩོམ་པ་པོ་ཁང་གསར་རྡོ་རྗེ་རང་ཉིད་ཀྱིས་དགག་བྱར་གྱུར་པའི་བླ་སློབ་བར་གྱི་ཕྱོགས་འཛིན་ཞེས་པ་དེ་ལས་གླེང་ན་སྐུ་ངོ་ཟམ་གདོང་གིས་རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་བསྒྲུབས་པ་དེ་ཚིག་བཟང་པོ་བེད་སྤྱད་ན་ཁྲི་བྱང་གི་དམ་ཚིག་གཉན་པོའི་བླ་སློབ་ཀྱི་འབྲེལ་བ་དང་ཚིག་ཐད་ཀར་སྨྲོས་ན་བླ་སློབ་ཀྱི་ཕྱོགས་འཛིན་ཞེས་པའི་གདགས་གཞི་དེ་ཡང་དེ་ལས་གཞན་གང་ཡོད་དམ།
ལྔ་བ།
སྐུ་ངོ་མཆོག་འདོད་ཆུང་ཆོག་ཤེས་ཡིན་མིན་དེ་ཡང་དོན་ཚན་དང་པོར་བཤད་ཟིན་པའི་སྤྱི་དོན་དང་སྒེར་དོན་གང་བསྒྲུབས། རང་དོན་དང་གཞན་དོན་གང་སྒྲུབ་ཀྱི་གནད་དོན་འདི་ནས་གཞན་ཞིག་མིན། སྐུ་ངོ་ནི་བོད་ཀྱི་སྤྱི་ཚོགས་ན་ཆེས་འབོལ་བའི་སྤྲུལ་སྐུ་དཀྱུས་མ་ཞིག་གི་ས་ནས་ཆེས་མཐོའི་བཀའ་བློན་ཁྲི་པ་དང་། དགའ་ལྡན་ཕོ་བྲང་གི་སློབ་སྟོན་པའམ་མདོར་ན་ཏཱ་ལའི་བླ་མའི་སློབ་སྟོན་པ་སོགས་ལས་སྣེ་མིང་བྱང་དེ་ལས་ཆེ་བ་མེད་པ་དག་བདག་གིར་བཞེས་ཡོད་མཁན ཞིག་ཡིན་པའི་ཆ་ནས་འདོད་པ་གང་ལ་ཆུང་བ་ཆེད་དུ་གླེང་མ་ནུས་ན་གོ་དོན་ཆེར་མི་མངའ།
འབྲེལ་ཐོགས་ཀུན་ལ་བརྩེ་བ་ཟབ་ཅེས་པ་དེར་ཡང་ཆ་རྒྱུས་དེ་ཙམ་མེད། མི་ཞིག་གི་བརྩེ་བ་ཆེ་ཆུང་ནི་མི་དེའི་བརྩེ་བའི་བཟའ་ཚང་། མཐུན་པའི་གྲོགས་པོ། གྲོང་པ་ཁྱིམ་མཚེས་སོགས་ནས་མགོ་བཙུགས་ཏེ་གླེང་དགོས་པ་ཞིག་ཡིན། སྐུ་ངོས་གསུངས་པ་ལྟར་ན་འཇིག་རྟེན་འདི་ན་ཁྲི་བྱང་རིན་པོ་ཆེ་ཙམ་ལས་ཞེན་ཆགས་བྱ་ས་མེད་པ་ལྟ་བུར་མངོན་པས་ད་ནི་མི་རྐྱང་སྤོ་ལོ་ལྟ་བུ་ཞིག་ལ་འབྲེལ་ཐོགས་ཟེར་བ་དེ་ཚོ་ཁོང་གི་དགེ་རྒན་ཁྲི་བྱང་རིན་པོ་ཆེའི་སློབ་རྒྱུད་ལྟ་བུར་གོ་དགོས་པ་ཡིན་ནམ། འབྲེལ་ཐོགས་ངོ་མ་དེ་ཚོ་སུ་ཡིན་ཡང་ད་དུང་ངས་ངོས་ཟིན་མ་སོང་།
མཇུག་གི་རེ་སྐུལ།
བཙན་བྱོལ་བོད་མི་རྣམས་རང་དབང་ལ་དུང་ཞིང་། འདྲ་མཉམ་ལ་གུས་པ། དམངས་གཙོ་ལ་བཀུར་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་བའི་ཡིད་ཆེས་ཡོད་སྟབས་ངས་རང་གི་བསམ་ཚུལ་འདི་གླེང་བར་སྤོབས་པ་བརྟས། བྱང་ཀོ་རེ་ཡ་དང་། རྒྱ་ནག་ལྟ་བུའི་དུས་རྟག་ཏུ་རང་གི་མགོ་ཁྲིད་ལ་བསྟོད་གླུ་ཁོ་ན་ལེན་དགོས་པ་ཞིག་ཏུ་གྱུར་ན་མི་བཟང་བས་རང་གི་དབུ་ཁྲིད་ཀྱི་སྐོར་ཡིན་ན་ཡང་རྒྱུ་མཚན་ལས་བརྩམས་ཏེ་གླེང་བར་འཛེམས་ཟོན་མི་དགོས་པའི་སྲོལ་རྒྱུན་ཞིག་འཇགས་སུ་འཇུག་པ་དེ་ནི་ཤེས་ཡོན་པའི་སྡེ་ཡི་འགན་ཆེན་པོ་ཞིག་ཡིན་པ་མཁྱེན་པ་གནང་རོགས།
རང་ཉིད་བསྡོད་སའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་ཤེས་སྤྱོད་དང་ལྷག་བསམ་ལྡན་པ་མཐོང་རྒྱུ་ནི་ཉིན་མོའི་སྐར་མ་དང་འདྲ་བས་སྐབས་རེ་ཁོང་རྣམས་པའི་ཡོན་ཏན་དང་ལེགས་པའི་ཕྱོགས་རྣམས་གླེང་དུས་ལམ་སེང་སྐྱོན་འཛུག་དང་མི་འདོད་པ་དེ་འདྲ་གནང་དགོས་དོན་ཨ་ཡོད་ན་
སྤོབས་མཐས་བཤད་པའི་ “བྱང་ཀོ་རེ་ཡ་དང་། རྒྱ་ནག་ལྟ་བུའི་དུས་རྟག་ཏུ་རང་གི་མགོ་ཁྲིད་ལ་བསྟོད་གླུ་ཁོ་ན་ལེན་དགོས་པ་ཞིག་ཏུ་གྱུར་ན་མི་བཟང་བས་རང་གི་དབུ་ཁྲིད་ཀྱི་སྐོར་ཡིན་ན་ཡང་རྒྱུ་མཚན་ལས་བརྩམས་ཏེ་གླེང་བར་འཛེམས་ཟོན་མི་དགོས་པའི་སྲོལ་རྒྱུན་ཞིག་འཇགས་སུ་འཇུག་པ་དེ་ནི་ཤེས་ཡོན་པའི་སྡེ་ཡི་འགན་ཆེན་པོ་ཞིག་ཡིན་པ་མཁྱེན་པ་གནང་རོགས།” འདི་ཐད་ལ་ང་རང་ཡང་ཧ་ཅང་མོས་མཐུན་ཡོད།
སྔོན་ཆད་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་དུས་ཀྱི་གཏམ་བཤད་ཅིག་གི་སྐབས་སུ་ “བོད་ཀྱི་རྩ་དོན་གཙོ་བོ་ནི་སངས་རྒྱས་བསྟན་པ་ཉིད་ཡིན་” ཚུལ་གསུངས་སོང་བ་དང་། ཡང་། ཐེངས་ཤིག་ལ་ “བོད་མི་རིགས་ལ་ལར་ཞེན་ཡོད་ནས་བོད་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་མིན་པར། བླ་མའི་བཀའ་མ་བཟློག་པར་བོད་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་” ཅེས་གསུངས་པ་དེ་དག་གིས་དེ་མ་ཉིད་དུ་ང་ཡི་སེམས་པ་འཁྱག་སོབ་སོབ་ཏུ་གྱུར་མྱོང་།
སྤོབས་པ་མཐའ་ཡས་ལགས་ཀྱི་རྩོམ་ཡིག་འདི་ཧ་ཅང་གི་ཡག་པོ་འདུག རྒྱུ་མཚན་གཉིས་ཡོད། ༡ བོད་མི་ཕལ་ཆེ་བ་ནང་བའི་རྗེས་འཇུག་པ་ཡིན་པས། བསྲེག་བཅད་བརྡར་གསུམ་ནི་སྟོན་པ་ཤཀྱཱ་ཐུབ་པ་ནས་བརྒྱུད་ཡོང་བ་ཞིག་རེད་ལ། ནང་བ་ཡིན་ན་ངེས་པར་དུ་དོགས་སློང་ཕོད་མཁན་ཞིག་ཡིན་དགོས་པའང་གསལ་བོ་རེད། ༢ དོགས་སློང་ལ་བཟོད་བསྲན་ཐུབ་མིན་ནི་ནང་བ་ངོ་མ་ཞིག་ཡིན་མིན་གྱི་ཚད་ཤིང་རེད་ལ། སྒོས་སུ་དོགས་སློང་དགྲར་ལྟ་ནི་འཆལ་བོའི་བྱ་སྤྱོད་རེད། དེ་བས། རྩོམ་འདིས་ནང་བའི་བསམ་སྤྱོད་མཐུན་ལ་དག་ཐེར་བྱེད་པར་བསྐུལ་འདེད་ཀྱི་ནུས་པ་ཐོན་གྱི་འདུག
རྩོམ་མཁན་ལགས་གཟུགས་ཅན་གཟུགས་མེད་གང་ལ་གཏཔགས་ནའང་། ཆང་ཕོར་བ་གང་གི་ལེགས་གསོལ་ཡོད།
ནང་བའི་བསམ་སྤྱོད་མཐུན་ལ་དག་ཐེར་ཞེས་པ་དེ༼ནང་བའི་རྗེས་འཇུག་པ་ཚོའི་བསམ་སྤྱོད་མཐུན་མིན་ལ་དག་ཐེར་བྱེད་པར་བསྐུལ་འདེད་༽ལ་བཅའ་རོགས།
སྤོབས་པ་སང་ལ་མཐེ་བོང་སྟོན་པར་འདོད་ཐལ་ལོ།།
སྤོབས་པས་གླུ་མ་ཚེ་བརྟན་སྒྲོལ་མ་སོགས་གུང་ཁྲན་ཏང་མི་དག་ལ་བསྟོད་གླུ་བཏང་ནས་ཟམ་གདོང་བླ་མར་མི་འདོད་པ་སྨྲ་བ་འདི་སྨྲ་བརྗོད་རང་དབང་ཟེར་བ་དེ་ཡིན་ངེས་རེད། མུ་མཐུད་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ཤོག་ཨ།
ངས་ཁ་སངས་པོ་བྱས་ནས་བཤད་ན། སྤོབས་པ་མཐའ་ཡས་ལགས་ཀྱི་རྩོམ་ཡིག་འདི་རྒྱུ་མཚན་དཔང་པོར་བཅོལ་ནས་བྲིས་པ་ཞིག་རེད་མི་འདུག ཡིན་ནའི་གུས་ཞབས་དང་བཅས་ཏེ་དྲི་བ་ཁག་ཅིག་ཕུལ་ཡོད།
དོན་ཚན་དང་པོ་དང་འབྲེལ་བའི་དྭོགས་འདྲི།
བླ་མའི་དགོངས་པ་རྫོགས་པའི་དོན་དུ་བོད་དོན་བསྒྲུབ་པ་བོད་དོན་སྒྲུབ་ལུགས་བཟང་པོ་ཞིག་མིན་ན།
བོད་དོན་ཚད་ལྡན་ཞིག་སྒྲུབ་པར་རང་དོན་རྒྱུ་མཚན་དུ་བྱས་པ་དགོས་ཀྱི་རེད་དམ།
དོན་ཚན་གཉིས་པ་དང་འབྲེལ་བའི་དྭོགས་འདྲི།
ཟམ་གདོང་རིན་པོ་ཆེས་གནང་བའི་གཞུང་ལུགས་འཆད་འཁྲིད་མང་དག་ཅིག་ཡོད་པ་ཉན་ནས་གསུང་གི་ཡོད་དམ། ཟམ་གདོང་རིན་པོ་ཆེའི་ཐོས་རྟགས་དང་སྒོམ་རྟགས་སོགས་ལ་དོ་སྣང་བྱུང་ཡོད་དམ། ཆབ་སྲིད་སོགས་ཀྱི་གཞུང་ལུགས་ལ་མཁས་པའི་གྲུབ་འབྲས་གང་ཡང་མཐོང་མ་སོང་གསུང་གི་ཡོད་དམ།
དོན་ཚན་གསུམ་པ་དང་འབྲེལ་བའི་དྭོགས་འདྲི།
ཟམ་གདོང་རིན་པོ་ཆེའི་བཀའ་མོལ་གང་དུ་ཡང་དངོས་ཤུགས་ཟུར་གསུམ་གང་ནས་རང་ཉིད་སྒྲོག་པའི་དོན་སྟོན་པ་ཞིག་ཁྱེད་ཀྱིས་མཐོང་བྱུང་ངམ། དམིགས་བསལ་བཀའ་ཁྲིའི་འོས་བསྡུའི་སྐབས་དེ་འདྲ་བྱུང་སོང་ངམ།
དོན་ཚན་བཞི་པ་དང་འབྲེལ་བའི་དྭོགས་འདྲི།
བླ་སློབ་ཀྱི་འབྲེལ་བ་དེ་བོད་དོན་སྒྲུབ་པའི་བརྒྱུད་རིམ་ནང་སྡུག་ཅག་ཞེད་པོ་ཅིག་རེད་པས། དམིགས་བསལ་ཟམ་གདོང་རིན་པོ་ཆེས་ཁྲི་བྱང་རིན་པོ་ཆེར་བླ་མར་བསྐུར་བ་དེ་ནོར་འཁྲུལ་ཧ་ཅང་ཆེན་པོ་ཞིག་རེད་གསུང་གི་ཡོད་པས།
དོན་ཚན་ལྔ་པ་དང་འབྲེལ་བའི་དྭོགས་འདྲི།
ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་དང་དགའ་ལྡན་ཕོ་བྲང་གི་སློབ་སྟོན་པར་ཕེབས་པ་དེ་ཁོ་རང་གི་འདོད་རྔམས་ཀྱི་ཀུན་སློང་ཞིག་གི་དེར་བསླེབས་པ་ཡིན་གསུང་གི་ཡོད་པས། གོ་གནས་དེ་དང་དེར་བསླེབས་པ་ལ་ངེས་པར་དུ་དེར་བསླེབ་འདོད་ཀྱི་ཞེན་ཆགས་འདྲ་པོ་ཞིག་དགོས་ཀྱི་རེད་པས།
ཁྲི་བྱང་རིན་པོ་ཆེའི་སློབ་རྒྱུད་ལ་མ་གཏོགས་བོད་མི་རིགས་སྤྱི་ཡོངས་ལ་ཟམ་གདོང་རིནཔོ་ཆེས་བརྩེ་སེམས་སྦྱིན་མྱོང་མེད་གསུང་གི་ཡོད་པས།
རང་སྣང་དག་པར་འཛིན་མཁན་སྐྱེ་བོ་ཚོས། །
ཁྲེལ་དང་ངོ་ཚའི་རྣམ་དབྱེ་མི་ཤེས་ལ། །
ད་དུང་གཞན་སྐྱོན་བརྗོད་ལ་ཐོགས་མེད་འདིར། །
གཟུར་གནས་རྒན་པོ་དགོད་ཁ་སློང་བྱེད་དངོས། །
བདག་ཉིད་མི་མཆོག་རྒྱལ་བ་ཡིན་སྣང་དེས། །
རང་སྐྱོན་བཏཊ་བྱེད་བློ་མིག་ཐལ་བས་བསྒྲིབས། །
གཞན་སྐྱོན་བསྔོག་འདོད་སྤོབས་པ་གཞན་ལས་མཐོ། །
གནས་ལུགས་རྨོངས་པའི་མི་བུ་ཨ་ཙ་མ། །
སུག་བཞི་ས་ལ་བཙུགས་ཏེ་མི་འགྲོ་རུང་། །
རྣམ་དཔྱོད་བོང་བུ་ལས་ཀྱང་ལྐུགས་པའི་བུ། །
གཉིས་མེད་བླུན་པོའི་རང་རྟཊ་སྟོན་པ་ལས། །
ས་འོག་སྒོམ་ཆེན་བརྟུལ་ཞུགས་འཛིན་ན་མཛེས། །
སེམས་ཁོང་ཕྲག་དོག་མེ་ལས་ཚ་བ་དེས། །
རང་རྒྱུད་ཤེས་བྱའི་བུད་ཤིང་ཡོངས་སུ་བསྲེགས། །
དེ་ཡི་མཇུག་འབྲས་རང་གཞན་གཉིས་འཕུང་ཡིན། །
ངོ་གདོང་ལྕགས་འབག་འཐུག་རུང་ཕན་པ་ཅི། །
ཀུན་དང་མཐུན་ན་བདེ་སྐྱིད་རྩ་བ་དང་། །
རང་ཉིད་གཅེས་འཛིན་རང་ཉིད་སྡུག་བསྔལ་རྒྱུར། །
ཡིན་པ་གནས་ལུགས་རང་གིས་མ་རྟོགས་བར། །
གཞན་སྐྱོན་གང་བརྗོད་རང་སྐྱོན་ཅིའི་ཕྱིར་མིན། །
ད་དུང་གཞན་གྱི་དཔལ་ཡོན་མཁས་མཛངས་ལ། །
མིག་ནང་ཚེར་མ་ལྟ་བུའི་འདུ་ཤེས་ནི། །
རང་མཚང་རང་གིས་བསྔོག་པ་མ་རྟོགས་པར། །
བླུན་པོ་རང་མཐོང་ཅན་ཚོ་ཡིད་རེ་མུག །
འགྲོ་ཀུན་ཁྱོད་དང་ལྟ་སྤྱོད་མཐུན་དགོས་ན། །
སྟོན་པ་ཐུབ་དབང་ལས་ཀྱང་ལྷག་ཙམ་ཞིག །
མེད་ཕྱིན་དེ་ལྟར་མི་འབྱུང་མ་ཤེས་པས། །
གནོང་པ་དེ་དག་རང་གནོང་མ་ཤེས་སྡུག །
གཞན་སྐྱོན་རྡུལ་ཕྲན་ཙམ་ལ་ཆོ་ངེ་དེས། །
རང་མདོག་དམར་ཧྲང་ལྷན་དུ་དྲི་ང་འཐིལ། །
དུག་གསུམ་ཡོ་རས་འོག་ཏུ་སྦས་ན་ཡང་། །
རྒྱུས་ཡོད་མཁན་ཚོས་རྒྱུས་གཏམ་ཤར་ཤར་བཤད། །
འདི་ཀུན་རང་སྐྱོན་ཡིན་པར་མ་ཤེས་པར། །
ད་དུང་ཆེ་རློམ་དགའ་བའི་ཕོ་སྐྱེས་འགའ། །
རང་ལྟ་གཙུག་ཏུ་བཀུར་བར་དགའ་ན་ཡང་། །
དོན་ལ་མི་ཚུགས་ཅི་ཡོད་སྟོང་སྡེས་ཤེས། །
གོང་གསལ་ཚིག་བཅད་དག་ནི་ཆོས་ལུགས་ཕྱོགས་རིས་ཀྱིས་སྨྱོས་ནད་ཕོགས་ཟིན་པ་དང་། དུག་གསུམ་ཡོ་རས་འོག་ཏུ་སྦས་ནས་ཕྲག་དོག་དང་འགྲན་སེམས། ད་དུང་གཞན་གྱི་དཔལ་ཡོན་དག་ནི་སོ་སོའི་མིག་ནང་དུ་ཚེར་མ་བཞིན་དུ་འཛིན་སྟེ་རྒྱུད་ལམ་ཡོད་ཚད་ནང་དུ་སྡུག་སྐད་འདོན་པ་དང་། གཞིར་མེད་སྐྱོན་བརྗོད་ཁོ་ནའི་དུས་འདའ་བ་བྱེད་པ་ཙམ་ལས་ངོ་ཐོག་ནས་བཤད་ན་སོ་སོའི་དངོས་མིང་ཙམ་ཡང་སྤྱི་ཚོགས་ནང་དུ་སྟོན་མི་ནུས་པའི་ཐ་ཤལ་མི་བུ་རེ་འགའི་སྤྱོད་ཚུལ་ངན་པ་དག་མཐོང་ནས་ཉེར་སྔོན་བྲིས་པ་ཞིག་ཡིན། སྤྱིར་དྲ་བའི་དུས་རབས་སུ་གྱུར་ཟིན་པའི་སྐབས་འདིར། རང་གཞན་སུ་ཡིན་རུང་གནས་ལུགས་དང་དྲང་བདེན་གཞིར་བཟུང་ནས་དགག་བཞགས་དང་སྐྱོན་བརྗོད་བཟོ་ནུས་མཁན་གྱི་མི་བུ་ནི་དུས་ནམ་ཡང་དགོས་པར་འདོད། དེ་ལས་ལྡོག་སྟེ་རང་ཉིད་ཀྱི་ལྟ་སྤྱོད་མི་མཐུན་པ་དང་། རང་ཉིད་དགའ་སའི་མི་སྣག་དག་དང་། རང་ཉིད་དད་སའི་བླ་ག་གེ་མོ་ཚོ་ལས་སྤྱི་ཚོགས་ནང་དུ་མཐོང་ཆེན་ཤོར་སོང་བ་སོགས་ཀྱིས་རྐྱེན་བྱས་ནས་ཆོ་ངེ་འདོན་པ་ནི་ངོ་མ་སྙིང་མ་བརྗེ། ངས་འདིར་གསལ་བཤད་དགོས་པ་ཞིག་ལ་དེ་སྔར་ད་བར་དུ་མི་རིགས་འདིའི་ལས་དབང་དང་གོད་ཆག་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ནི་༸གོང་ས་མཆོག་ནི་གོང་དུ་ཕུད་དེ་མིན་བཙན་བྱོལ་བོད་མིའི་ནང་དུ་ཟམ་གདོང་རིན་པོ་ཆེ་ལས་ལྷག་དང་ཡང་ན་ཁོང་དང་དོ་མཉམ་པའི་སྐྱེ་བོ་སུ་ཞིག་མཚན་གཞིར་འཇོག་ཐུབ་བམ། བླ་ཆེན་མི་ཆེན་སུ་ཡོད་དམ། གནད་དོན་ཕྱོགས་རེ་ཟུང་ཐོག་ནས་ནི་ཁོང་ལས་ལྷག་པར་ཡོད་སྲིད་མོད་སྤྱི་ཡང་གི་ཆ་མཉམ་ཐོག་ནས་བཤད་ན་ཁོང་ནི་སུ་གང་གིས་འགྲན་མི་ནུས་པ་ནི་ཉི་ཤར་སྦར་མོས་འགེགས་མི་ནུས་པ་ནི་དངོས་ཡོད་གྱུར་ཡོད། ཆེས་ཡིད་མུག་དགོས་པ་ཞིག་ནི་དེང་སྐབས་བཙན་བྱོལ་བོད་མིའི་ནང་དུ་དཔྱད་གཏམ་དང་དཔྱད་རྩོམ་འབྲི་མཁན་ནི་མི་ཉུང་བ་ཞིག་ཡོད་པ་ཡིན་མོད། དེ་དག་གིས་སྨྱུ་རྩེའི་སོ་ཁ་ནང་ཁུལ་དུ་ཕྱོགས་པ་ལས་དགྲ་བོའི་ཁ་རྩར་བརྡར་ནུས་མཁན་ཞིག་ཕལ་ཆེར་མེད་ཟེར་ན་ཡང་ཐལ་ཆ་ཆེ་བ་གང་ཡང་མ་མཐོང་། ཡང་ན་མི་བུ་འདི་དག་གིས་བཙན་བྱོར་གཞུང་ལ་བྱས་པ་དྲིན་དུ་བཟོ་ཚུལ་ཞིག་ཡིན་ནམ།
སྤོབས་མཐའི་སྐད་ཆ་ལ་གནས་ལུགས་ཅང་མི་འདུག རང་ཉིད་ཟམ་གདོང་ལ་མ་དགའ་བའི་ལབ་རྡོལ་ཙམ་རེད། ཟམ་གདོང་མཁས་པ་ཡིན་མིན་དང་འཇོན་ཐང་ཡོད་མེད་སོགས་ནི་བཙན་བྱོལ་ནང་ལ་ཡོངས་གྲགས་ཡིན་པས། བསྟོད་པས་མཐོ་འགྲོ་རྒྱུ་དང་སྨད་པས་དམའ་འགྲོ་རྒྱུ་ཅང་མེད་པ་རེད། དེ་ལས་རང་ཉིད་ཀྱི་ལྟོ་ཕོར་ལ་བདག་པོ་ཨེ་ཐོན་ལྟས་ན་ཏག་ཏག་རེད།
སྤོབས་པའི་སྐད་ཆར་གོ་རྒྱུ་ཅང་མིན་འདུག ནམ་རྒྱུན་ཁོ་རྒྱུ་མཚན་དང་རིགས་པ་རྣོ་བ་ལ་ད་རེས་ཅུང་གོ་རྒྱུ་མེད་པ་ཞིག་བྲིས་འདུག བཀའ་དྲིན་ལ་དྲིན་ལན་མེད་རུང་ལོག་འཇལ་བསམ་པ་དོར་བ་འདི་གནད་འགག་ཆེ། ཟམ་དོང་གིས་ཚེ་གང་བོད་པའི་སྤྱི་དོན་ལ་དུས་འདས་པ་འདི་ཙམ་གྱིས་ངའི་སེམས་ནང་ཁོང་དྲན་སྐབས་ཚ་ཤུར་ཤུར་བྱེད།
སྒྲུང་ཞིག་དྲན་བྱུང་། མི་ཞིག་ལ་ནད་ཕོག་ནས་འཆི་ལ་ཁད་དུ་གྱུར་སྐབས། ཁོའི་གྲོགས་པོ་སེམས་ཀྱིས་མ་བཟོད་པར་ཐག་རིང་ལ་དཀའ་འཚེགས་དུ་མ་ཁྱད་སོད་ཀྱིས་སྨན་པ་གདན་འདྲེན་དུ་ཕྱིན། གཟའ་འཁོར་གཅིག་ཙམ་གྱི་རྗེས་སྨན་པ་ཁྲིད་ནས་ལོག་ཡོང་། སྨན་བཅོས་ལེགས་པར་བསྒྲུབས་ནས་ནད་ལས་བསྒྲལ།
ནད་པ་ན་རེ། ཅིའི་ཕྱིར་བདག་ལ་ཕན་པ་འདི་ལྟར་བགྱིས་སམ་ཟེར་དུས། གྲོགས་པོ་དེས། ངའི་མ་དེས་དེ་ལྟར་མངགས་སོ་ཟེར། ནད་པ་དེ་སྤྲོ་ལངས་ནས་དེ་ལྟར་ཡིན་ན་ཁྱེད་ང་ལ་ཤ་མི་ཚ་བ་བདེན་ཟེར། སྤོབས་པ་ཡང་དེ་ལ་གོ་རྒྱུ་མིན་འདུག་གམ།
དོགས་སློང་ཟེར་བ་འདི་གནས་ཚུལ་གསལ་བོ་ཧ་མི་གོ་བ་ཞིག་གི་འདྲི་རྒྱུ་ཞིག་མིན་ལ་ཕྱོགས་ལྷུང་བ་ཞིག་གི་སྐད་ཆ་དེ་བས་ཀྱང་མིན།
ཁང་གསར་གྱི་སྐད་ཆའི་ནང་རིགས་ཞེན་གཙོ་བོ་བྱས་པའི་རྒྱུ་མཚན་གང་མང་ཞིག་མཐོང་རྒྱུ་འདུག སྤོབས་པའི་རྩོམ་ཡིག་ནང་ཆེད་མངགས་རྒྱུ་མཚན་ལ་རྒོལ་ཕྱིར་ཧ་ཅང་དྲང་པོའི་རྣམ་འགྱུར་གྱིས་ཟམ་གདོང་རིན་པོ་ཆེར་དོགས་སློང་བྱས་འདུག
བདག་ཉིད་ཆེན་པོ་གཱན་རྡི་རྗེ་ཡི་རྒྱ་གར་གྱི་ཆོས་མི་ཉམས་ཆེད་ཆབ་སྲིད་ནང་འཛུལ་ཞུགས་བྱས་པ་ཡིན་གསུང་གི་ཡོད། མཁས་དབང་ཟམ་གདོང་རིན་པོ་ཆེའི་བླ་མའི་རྣལ་འབྱོར་ནང་ཐེག་ཆེན་ཆོས་ཀྱི་བྱིན་མཐུ་མང་པོ་འདུས་ཡོད་པ་འདྲ།
ཁོང་གིས་འཚེ་བ་ཆབ་སྲིད་ནང་བཅུག་པ་ཡིན་ན་དགོངས་ཞུ་གཏོང་རྐྱང་ཡིན་པ་དང་འཚེ་བའི་ཆབ་སྲིད་ནང་ནམ་ཡང་འཛུལ་གྱི་མིན་གསུངས་སོང་།
བོད་ཀྱི་ད་ལྟའི་གནས་བབ་ངོས་ནས་བཤད་ན་དབང་བསྒྱུར་བ་པོའི་ཆབ་སྲིད་མིན་པར་དབང་བསྒྱུར་བྱའི་ཆབ་སྲིད་དེ་ཡང་མི་སེར་སྤེལ་ཡུལ་དེ་ཡང་བྲོས་བྱོལ་བ་ཤ་སྟག་གི་ཆབ་སྲིད་ནང་འཛུལ་ཞུགས་གནང་པ་རེད།
དངོས་གནས་བྱས་ན་བླ་མའི་རྣལ་འབྱོར་ཟེར་བ་འདི་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཚད་ལྡན་ཞིག་མེད་ན་ཙི་ཙིའི་མདུན་ནས་བྱི་ལའི་འཚེ་བ་མེད་པའི་ཁུལ་བགྱིས་པ་ནང་བཞིན་ཆགས་འགྲོ་གིན་རེད། སྤོབས་པས་སྐྱེས་བུ་དམ་དམ་པས་བླ་མ་བློས་གཏོང་མི་བཏང་བའི་རྒྱུ་མཚན་སྙིང་རྗེ་ལ་ཐུག་ཡོད་པ་མཁྱེན་ན་འདི་ཚོར་བསྟོད་རྩོམ་རེད་ཡ།
སྐྱེས་བུ་རབ་འབྲང་ལྟར་བླ་མར་གུས་པའི་རྒྱུ་མཚན་འདྲ་གི་མ་རེད། བདག་ཉིད་ཉིད་ཆེན་པོ་གཱན་རྡི་རྗེ་ཡིས་ཇི་ལྟར་ལྷ་མཆོད་པ་དེ་ལྟར་འབྲས་བུ་ཅེས་པའི་དཔེའི་སྟངས་ནས་གནད་འགག་འདི་ལ་འགྲེལ་རྒྱག་གི་ཡོད།
བདག་ཉིད་ཆེན་པོ་ཞི་བ་ལྷས་དེ་བཞིན་གཤེགས་པ་མཉེས་པའི་མཆོད་པའི་མཆོག་སེམས་ཅན་གྱི་དོན་ལ་བརྩོན་པ་ཡིན་གསུང་གི་ཡོད། བོད་ལ་བླ་མའི་ཆོས་ལུགས་གང་ལ་གང་མཚམས་དར་སྲོལ་འདུག་མོད། སྙིང་རྗེ་དང་ཁ་བྲལ་བའི་བླ་མའི་རྣལ་འབྱོར་རྫུན་མ་ཉམས་ལེན་གནང་ན་འབྱུང་རྒྱུ་སྒོར་མོ་ཡིན་པ་འདྲ། གང་ལྟར་སྤོབས་པས་བསྟོད་འདོད་མེད་པར་བྱིངས་ཡར་ལ་བཀྱག་འདུག
ཟམ་གདོང་རིན་པོ་ཆེར་ཡོན་ཏན་ཡོད་པ་དང་མེད་པའི་རྩོད་པ་དེ་ལ་ཆོད་མི་འདུག ཡང་ཟམ་གདོང་རིན་པོ་ཆེས་གསུང་བཤད་སྟོང་ཕྲག་མང་པོ་གནང་བའི་གྲས་ནས་ཚིག་གྲུབ་གཅིག་གཉིས་ཤིག་ལ་བརྟེན་ནས་བཟང་ངན་སྒྲུབ་པ་དེ་ལ་ཡང་ཆོད་མི་འདུག་ ང་བྱས་ན་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་ཡོད་ཀྱི་རེད། ཡོན་ཏན་ཡང་ཡོད་ཀྱི་རེད། ནོར་ས་གཙོ་བོ་དེ་ཁོང་མ་རེད། ནོར་ས་གཙོ་བོ་དེ་བྱམས་དང་སྙིང་རྗེའི་ཆོས་བཤད་ནས་དུས་རབས་ཉེར་གཅིག་པའི་མི་རིགས་གཅིག་གི་མགོ་འཁྲིད་བྱེད་མི་ཐུབ་པ་དེ་རེད། སྲིད་འཛིན་ཨོ་བྷ་མས་ “ང་ནི་གསོད་རྒྱུ་ལ་ཧ་ཅང་ཡག་པོ་འདུག” (I’m ‘Really Good At Killing People’)ཅེས་བཤད་པ་རེད་ཅེས་ཉེ་ཆར་དེབ་གཅིག་གི་ནང་ལ་བཏོན་འདུག འདི་འདྲ་རེད། མིས་མི་གསོད་ཀྱི་ཡོད་རེད། ང་ཚོས་བྱམས་སྙིང་རྗེའི་སྲིད་བྱུས་འདི་སྲིད་བྱུས་ཡག་པོ་རེད། འོན་ཀྱང་དུས་ཚོད་དང་མཐུན་པ་མ་རེད། བོད་མི་རིགས་ཤི་ཡང་གཞུང་དང་རྒྱལ་ཁབ་གཞན་གྱིས་སྙིང་རྗེ་ཟེར་གི་མ་རེད། འདི་ཚོ་ཧ་ཅང་ནོར་འཁྲུལ་རེད་བསམས་ཀྱི་འདུག
སྤོབས་མཐའ་ཟེར་བ་འདི་ཡང་དམ་ཉམས་སྐྱག་ཟན་ཞིག་ཡིན་པ་གཞི་ནས་ཤེས་སོང་།
ང་རང་ཉིད་ཀྱིས་བཙན་བྱོལ་དུ་ཡོང་ནས་བཟུང་ཁྲི་ཟུར་ཟམ་གདོང་མཆོག་གིས་ཆོས་སྲིད་གཉིས་སྐོར་གྱི་གསུངས་གཏམ་གང་མང་ཉན་པ་ཡིན། རྒྱུ་མཚན་ནི་སྔ་མོར་དོགས་སློང་ཅན་གྱི་གསུངས་ཁ་ཤས་གཞན་བརྒྱུད་ནས་གོ་ཐོས་བྱུང་། དེའི་རྐྱེན་ཐེ་ཚོམ་གྱིས་བློ་མིག་བསྒྲིབས་ནས་ཉན་པ་མ་གཏོགས་བློ་ཁོག་ཡངས་པོར་བྱས་ནས་ཧ་ལམ་ཉན་མེད་པ་ཕྱིས་སུ་ཤེས་སོང་། བཙན་བྱོལ་དུ་འཚོ་བ་རོལ་ནས་བགྲང་བྱ་གཉིས་ལ་སླེབས་ཉེ་བའི་མཐོང་ཐོས་མྱང་གསུམ་ལས་ད་གཟོད་ཟམ་གདོང་བླ་མ་ནི་ངེས་པ་དོན་གྱི་སྐྱེས་བུ་རྣལ་མ་ཞིག་ཡིན་པ་ཤེས་སོང་། གཞན་ཞིག་གིས་ཆེ་བསྟོད་དང་དམོད་ར་བྱས་པ་གཉིས་ཀའི་མཐའ་ལས་རང་ཉིད་ཀྱི་བློ་རིག་བརྒལ་དགོས་པས་འགལ་བསྡུ་གང་ཡང་མི་འདུག དེང་གི་བོད་པའི་གཞོན་སྐྱེས་ཤེས་ཡོན་པ་དག་གིས་བཟང་ངན་གྱི་བསམ་བློ་དང་དཔྱད་གཏམ། ཚིག་སྦྱོར་གང་ཡིན་ཡང་གནས་ལུགས་དང་དངོས་ཡོད་ལ་མི་བསྟུན་པར་རང་གང་ལ་མོས་ཤིང་དུང་བ་ལ་ཨུ་ཚུགས་ཀྱིས་བཙན་བསྒྲིགས་བྱེད་མཁན་མང་ཤོས་ཡིན་སྟབས། གང་ཟག་ཞིག་གི་སྒེར་ཚུགས་རང་ལུགས་ལས་སྤྱི་སེམས་དང་སྤྱི་དོན་ལ་སྨན་པས་དཔྱོད་ཤེས་དྲང་པོ་ཞིག་ཡིན་མིན་སུས་ཀྱང་བརྗོད་དཀའ།
ད་ཡིན་ན་དྲྭ་འབྲི་ཚོ་ངོ་མ་རྙོག་གྲ་ཚ་བོ་འདུག
ད་ཁྱོད་ཚོའི་ཁ་ཟུམ། ངས་ཅིག་བཤད།
# 10 ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:
November 9th, 2013 at 4:43 AM
སྤོབས་མཐའི་སྐད་ཆ་ལ་གནས་ལུགས་ཅང་མི་འདུག རང་ཉིད་ཟམ་གདོང་ལ་མ་དགའ་བའི་ལབ་རྡོལ་ཙམ་རེད། ཟམ་གདོང་མཁས་པ་ཡིན་མིན་དང་འཇོན་ཐང་ཡོད་མེད་སོགས་ནི་བཙན་བྱོལ་ནང་ལ་ཡོངས་གྲགས་ཡིན་པས། བསྟོད་པས་མཐོ་འགྲོ་རྒྱུ་དང་སྨད་པས་དམའ་འགྲོ་རྒྱུ་ཅང་མེད་པ་རེད། དེ་ལས་རང་ཉིད་ཀྱི་ལྟོ་ཕོར་ལ་བདག་པོ་ཨེ་ཐོན་ལྟས་ན་ཏག་ཏག་རེད།
ཟེར།
འདིས་འཐུས་པ་བྱོས།
གསོད་གཏུབ་འཕྲོག་བཅོམ་ཟེར་བ་དེ་སང་གི་འགྲོ་རྒྱུགས་ཆེ་བའི་བྱ་བ་འདྲ་མོ་ཅིག་རེད། མི་བརྒྱའི་ནང་ནས་གོ་དགུ་རང་ཉིད་ཤི་ན་མི་འདོད་པ་གསལ་པོ་རེད། རིག་པ་འདི་བསྐོར་ར་ཅིག་བརྒྱབ་ན་འཛམ་གླིང་གི་མི་བརྒྱ་ཆ་གོ་དགུར་འཕྲོག་བཅོམ་གསོད་གཏུབ་ལ་མི་དགའ་མཁན་རེད། གསོད་གཏུབ་ལ་མི་དགའ་བ་དང་གསོད་གཏུབ་མི་བྱེད་པ་གཉིས་སོ་སོར་ཡིན་ཙ་སོ་སོར་གོ་ལེན་རོགས།
དུས་ཚོད་ཀྱིས་ང་ཚོར་བོད་དང་རྒྱ་ནག་ཙམ་མིན་པར་འཛམ་གླིང་ཡོངས་འཆམ་མཐུན་ངང་འདུག་རོགས་ཟེར་གྱིན་ཡོད་པ་འདྲ་མོ་རེད། རྒྱ་ནག་གིས་དམག་བེད་མེད་མང་པོ་གསོ་གིན་ཡོད་པ་མ་ཟད་བོད་ཐོག་ཏུ་བེད་སྤྱོད་ཡང་གཏོང་གི་ཡོད་མོད་འཆམ་མཐུན་གྱི་སྐད་སྒྲ་མཚམས་འཇོག་བྱུང་མེད། ང་ཚོས་དམག་གི་འོག་ནས་སྡུག་པོ་མྱོང་དེ་ཡོང་བ་རེད་ལ་བྱམས་པ་མ་བཤད་ཟེར་ན་ཁྱོས་ང་ཚོར་མགོ་སྐོར་ཞུ་གིན་ཡོད་པ་འདྲ་མོ་འདུག ང་ཚོས་མཚོན་ཆ་བཟོ་མཁན་གྱི་མགར་བའི་རིགས་ཡིན་པ་ཙམ་ལ་མཆུ་གཉེར་དང་སྣ་གཉེར་བྱས་ཏེ་འོང་བ་རེད་ལ་ཡུན་ཤིན་ཏུ་རིང་པོར་དེ་ལྟར་གནང་ནས་འོང་བརེད། ལོ་ངོ་སྟོང་ཕྲག་ཟིན་གྲབས་ཡོད། དམར་འོག་ནས་འཚར་ལོངས་བྱུང་བའི་སྨྱུགས་ཐོགས་པས་ཁ་ནས་གླེང་བྱ་མ་བགྱིས་པ་མ་གཏོགས་མ་ཤེས་པ་ཨེ་ཡིན་ན། ང་ཚོས་ད་དུང་ཡང་རྒྱ་ནག་གི་གླེན་རྟགས་དེ་བྱ་འདོད་མེད་ཙ་ཟམ་གདོང་དབུ་དཀར་ལ་ལས་རག་གི་ཡོད། ཆོས་བརྒྱུད་ཀྱི་དབུ་ཁྲིད་ཚོར་ལས་ཀ་རག་གིན་ཡོད། དེ་མིན་དམག་བརྒྱབ་ན་སྐད་གྲགས་ཡོད་པའི་བླ་མ་བཟང་པོ་བོད་ལ་བྱུང་མེད་དོ།
འགའ་རེས་བསྟོད་མ་ཤེས་པར་བསྟོད། རེ་འགས་སྨད་མ་ཤེས་ནས་སྨད། ད་དཀའ་མོ་རེད་འདུག
འོན་ཀྱང་སྤོབས་མཐས་ཡི་གེ་བྲིས་སྟངས་དེ་གཞན་དང་མི་འདྲ་བར་ཀློག་བདེ་པོ་ཅིག་རེད་ཡ།
སྤོབས་མཐའ་ཞུ་བ་ཁོང་ཡང་མིང་གྲགས་དང་སྐབས་འཚོལ་གྱིས་སྨྱུག་ཐོག་པ་ཞིག་ཅི་ལ་མིན། བཙན་བྱོལ་བོད་ཀྱི་མི་རྗེ་གཉིས་པ་ཟམ་གདོང་ཚང་ལ་སྐྱོན་ཚང་སྟོན་པ་འདི་དག་གིས་ཁོང་རང་ཉིད་ཀྱི་མི་གཤིས་དང་རྣམ་དཔྱོད། བློའི་ཁ་ཕྱོགས་དང་ཡིད་ཀྱི་ཞེན་པ་བཅས་ཀྱི་ངོ་བོ་གསལ་ནས་མཐོང་སོང་། དཔེར་ན། ཟམ་གདོང་བླ་མས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེ་མོ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལ་དད་གུས་ཀྱིས་བཀའ་གསུངས་འཛིན་པར་སྐྱོན་ཚང་དུ་སྟོན་འདུག་པ་དེས་ཁྱེད་ལ་ནང་ཆོས་ཀྱི་རྣམ་དཔྱོད་དང་འཇིག་རྟེན་གྱི་ཁ་ཕྱོགས་དེ་མཐོང་སོང་།
ངའི་མཆན་འདི་ཡིན།
ཟམ་གདོང་རིན་པོ་ཆེ་ལ་ཕྱག་གསུམ་ཤོར་སོང་། སྤོབས་པ་ལ་བཀའ་དྲིན་ལ་ལོག་འཇལ་མ་བྱེད་ཞུ་བ་ལགས།
གཞན་དྲ་གྲོགས་ཚོར་ཁམས་བདེའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
ང་ཚོ་ཆོས་ལུགས་ཀྱི་རྙོག་འཛིངས་མང་བའི་བསམ་བློའི་ལྟ་ཚུལ་དེས་མུ་མཐུད་ལོ་རྒྱུས་ལ་འཁྱོག་བཤད་ཐེབས་རྒྱུའི་ཉེན་ཁ་མེད་པ་མ་རེད། ལོ་རྒྱུས་པ་ཞིག་གི་ངོས་ནས་བཤད་ན། མི་ཡིན་ཕྱིན་ཁོ་ལ་དགེ་སྐྱོན་གཉིས་ཀ་ཡོད་པའི་ངོས་འཛིན་དང་གུ་ཡངས་ཀྱི་ལྟ་ཚུལ་ཞིག་དང་པོ་ནས་དགོས་རྒྱུ་གལ་ཆེ་སྙམ།
གང་གི་འཇིགས་བློ་ལ་དྲི་བ་ལྔ་ཡོད།
ཟམ་གདོང་གི་དོལ་བླའི་བཀའ་བཞིན་སྒྲུབ་ན་ནང་པ་སངས་རྒྱས་པའི་ཆེད་དུ་འདོད་ནུས་སམ།
དོལ་འདྲེ་དེ་ནང་པ་ཡིན་པའི་སྒྲུབ་བྱེད་འདྲ་ཡོད་དམ།
དོལ་པན་བཅུ་གཅིག་པ་དེ་བོད་ལ་དྲིན་ཆེན་བཤད་ནུས་སམ།
ཆོས་ལུགས་ཕྱོགས་རིས་ཟེར་བའི་འཛིན་མཚམས་རེ་བཤད་རྒྱུ་ཡོད་དམ།
ནང་པ་མིན་པ་ཞིག་གིས་ནང་པ་ཡིན་འདོགས་སྟོན་ན་ཁྲིམས་འགལ་ཡིན་ནམ།
ང་ལ་བཀའ་བཀྱོན་གནང་མཁན་ཚོར་ཞུ་བ། གཏམ་ལན་པོ་མེད་ན་ལྐུག་པ་ཡིན།།ཟས་ལན་པོ་མེད་ན་ཁྲམ་པ་ཡིན།།ཟེར་བའི་དཔེ་བཞིན་དུ་ངས་འདིར་ཁྱོད་ཚོར་ལན་འདེབས།
ངས་སྐུ་ངོ་རང་གི་གསུངས་བཤད་ལ་གཞིར་བཞག་ནས་གླེང་བ་མ་གཏོགས་ཚོད་འཇོག་གི་སྐད་ཆ་བཤད་བཞིན་མེད།
བླ་མའི་བཀའ་བསྒྲུབས་ན་བཟང་དང་མི་བཟང་ཞེས་པ་དེ་ནི་བླ་མས་བཀའ་གང་གནང་བ་ལ་རག་ལས། འདིར་ཡང་ང་ཚོས་བླ་མས་བཀའ་གང་གནང་མ་གནང་ལ་གནད་དོན་འཇུ་དགོས་པ་རེད། ཁྲི་བྱང་གིས་དོལ་རྒྱལ་བརྟེན་མ་བརྟེན་ཟེར་བ་དེ་ཡང་གནད་འགག་མིན། འོ་ན་གང་ཡིན་ཞེ་ན། དོལ་རྒྱལ་ཚོགས་པས་བོད་ཀྱི་བསྟན་སྲིད་མདུན་ལམ་སྟེང་དུ་བོད་མི་མང་གི་ཕྱོགས་སུ་ལངས་མི་ལངས་ལས་ད་གཟོད་དོལ་ཚོགས་ཀྱི་དབུ་ཁྲིད་ཚོའི་ལ་རྒྱ་སྤྱི་སེམས་མཐོང་ནུས།
ངས་འདི་ན་གནད་འགག་གང་ལ་འཇུ་བཞིན་ཡོད་ཟེར་ན། ཁྲི་བྱང་ཟེར་བའི་བླ་མ་དེས་རང་གི་སློབ་མ་སྐུ་ངོ་ཟམ་གདོང་ལ་རྡ་རམ་ས་ལའི་སྲིད་སྟེགས་དེ་གཏན་ནས་བློས་མ་གཏོང་ཞེས་པའི་ཞལ་ཆེམས་བཞག་པ་དེ་ངས་ཡ་མཚན་པོར་མཐོང་བཞིན་ཡོད། འདས་པའི་དུས་སུ་བསྟན་པའི་གཏད་རབས་བདུན་དང་རྗེ་ཡབ་སྲས་གསུམ་སོགས་བླ་སློབ་སུའི་རྣམ་ཐར་ལ་བལྟས་ན་ཡང་བླ་སློབ་བར་ན་ཞལ་ཆེམས་དེ་འདྲ་ཡ་མཚན་པོར་མཐོང་། དེ་ནི་སངས་རྒྱས་བསྟན་པ་སྤྱི་འགྲོས་ཀྱི་བླ་སློབ་བར་གྱི་ཞལ་ཆེམས་དང་ཅུང་མ་མཐུན་པ་ཞིག་ཏུ་གྱུར་འདུག
སྐུ་ངོ་རང་གི་གསུངས་ལས་གཞལ་ན་ཁོང་བླ་སློབ་ཀྱི་བར་ན་བོད་མི་མང་གི་རྩ་དོན་དང་སྟོན་པ་སངས་རྒྱས་ཀྱི་བསྟན་དོན་ཞེས་པའི་སྐད་ཆ་གཏན་ནས་མི་འདུག སྐད་ཆ་ཐད་ཀར་བཤད་ན། རྒྱལ་བ་རིན་པོ་ཆེའི་གྲིབ་མ་ལ་བརྟེན་ནས་སྲིད་ཀྱི་རྐུབ་སྟེགས་འདི་ཤོར་མ་འཇུག་ཅེས་པ་ཙམ་རེད། དེ་ཅུང་ཆེ་ས་ནས་བཤད་ན་བླ་བྲང་ཞིག་གི་མདུན་ལམ་དང་། ཆུང་ས་ནས་བཤད་ན་མི་སྒེར་བ་ཞིག་གི་འདོད་ཧམ་གྱི་གནད་དོན་ལས་འཕགས་མེད།
འདི་ནི་རྦད་དེ་མི་སྒེར་བ་ཞིག་གི་བཀས་བཀོད་སྟེང་དུ་ལྷུང་ཚར་ཡོད། སྐུ་ངོ་ཟམ་གདོང་གིས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བླ་མ་བརྟེན་སྟངས་ཞེས་པའི་ལྟ་གྲུབ་ཟབ་མོའི་ཚིག་གི་གཟབ་འཕྱོར་ཞིག་སྤྲས་ཡོང་དུས་མི་ཚོ་ཁག་གཅིག་གིས་གཟེངས་སུ་བསྟོད་སྲིད། བཀའ་འདི་འདྲ་གནང་མཁན་གྱི་བླ་མ་ཞིག་དང་བཀའ་དེ་བསྒྲུབས་ནས་མི་ཚེ་བསྐྱལ་མཁན་གྱི་སློབ་མ་འཛོམ་ས་ན་བོད་མི་མང་གི་མདུན་ལམ་ཟེེར་བ་ཞིག་ཚིག་གི་ཟུར་ན་ཡང་མེད་པ་སྐུ་ངོ་རང་གིས་གསལ་པོ་བཟོས་པ་དེ་རེད། དེ་དང་དེ་ལྟ་བུས་ནི་མ་འོངས་པའི་ང་ཚོའི་ཆབ་སྲིད་འཐབ་རྩོད་ཀྱི་མདུན་ལམ་ལ་བསླབ་བྱ་ཞིག་ཀྱང་སྟེར་གི་ཡོད་པ་རེད།
གསལ་པོར་གླེང་བསམ་ན་སྐུ་ངོས་ས་རཱ་མཐོ་སློབ་ཏུ་གནང་བའི་གསུངས་བཤད་དེ་ང་ཚོས་ཞིབ་ཏུ་བཀླགས་ནས་གླེང་ན་འོས། དེ་ངའི་གློག་ཀླད་ཀྱི་ཡིག་མཛོད་ནང་ཞིག་ན་ཡོད།
འདིར་བཀོད་དང་ང་ཚོས་ལྟ་ཆོག མཁས་དབང་ཟམ་གདོང་རིན་པོ་ཆེ་ལགས་ནི་གཱན་རྡི་རྗི་ལ་འདྲ་མོ་ཡོད་རེད་ད།
འབུམ་རམས་མིང་ཅན་བློ་སེང་ལ། །
ཇི་ལྟར་ཇི་ལྟར་རྣམ་བསམ་པ། །
དེ་ལྟར་དེ་ལྟར་ཟམ་གདོང་ལ། །
བདག་གི་སེམས་ནི་དུང་གྱུར། །
དེང་རབས་སློབ་ཐོན་བོད་ཕྲུག་ལ། །
ཇི་ལྟར་ཇི་ལྟར་རྣམ་བསམ་པ། །
དེ་ལྟར་དེ་ལྟར་ཟམ་གདོང་ལ། །
བདག་གི་སེམས་ནི་དུང་བར་གྱུར། །
དྲང་བདེན་དང་བཟང་སྤྱོད་མེད་པའི་སྐད་ཆ་རང་རེད།རྒྱུ་མཚན་ནི་འདི་ཡིན་ཟེར་བ་ཞིག་མི་འདུག མི་འདིས་ག་རེ་བསམ་གྱི་ཡོད་ན།འཇམ་དབྱངས་ནོར་བས་མི་ཆེན་དང་བླ་ཆེན་ལ་ཁ་བཏང་ན་།རང་གི་སྐད་གྲགས་ཆེ་བར་འགྲོ་བའི་དམིགས་ཡུལ་འཛིན་པར་གོ་བ་ལྟར་།མི་འདིས་ཀྱང་
(བཀའ་འདི་འདྲ་གནང་མཁན་གྱི་བླ་མ་ཞིག་དང་བཀའ་དེ་བསྒྲུབས་ནས་མི་ཚེ་བསྐྱལ་མཁན་གྱི་སློབ་མ) སྤྱི་དོན་ཞིག་མིན་པ་གསལ་ལྷང་ལྷང་རེད་དོ།
བྱས་རབས་འཇོན་རབས་གླེང་བ་མང་ན་ཡང། བྱས་པ་གཟེངས་སུ་ཐོན་པ་ལ་ལ་ཞིག
བྱས་མེད་འཇོན་མེད་གླེང་མཁན་ཉུང་བའི་ཁྲོད། དོན་གྱི་ཆེ་བས་བརྗིད་པ་སུ་དག་ཡིན།
ཅི་བཤད་ལ་མ་བལྟ་ཅི་བྱས་ལ་ལྟོས། ཟེར་བའི་གཏམ་དཔེ་དེས་མི་དོན་འཇལ་ན་ལེགས།
གང་ལ་གང་གིས་མཁས་རྟགས་བསྟན་པ་དེ།
བོད་ལ་ཕན་པ་རང་བཙན་ལེན་སྤྱད་མིན།
ལོ་འཁོར་བཅུ་ལ་སྒེར་སྲིད་འཁྲབ་པ་དེ།
ཡོད་ཡོད་མྱིག་ལ་མཛེས་བའི་མཛད་སྤྱོད་མིན།
ཕྱོགས་རིས་གདོན་གྱིས་མིག་ཟུང་བསྒྲིབས་པ་ཡིས། །
གནས་ལུགས་བདེན་པ་བརྡར་མཁན་སྐྱེས་བུ་ལ། །
འཁོན་དུ་འཛིན་པའི་དྲྭ་འབུ་འདི་དག་གིས། །
རང་མཚང་རང་གིས་སྟོན་པའི་ལྟད་མོ་མཚར། །
དྲྭ་འབུ་རེ་ཡིས་དྲྭ་ཐག་རྫུན་མ་ནི། །
གསུམ་ནས་བཞི་ལྔ་བར་དུ་རྒྱུན་སྤྱོད་ཐོག །
གཅིག་གིས་ལོག་གཏམ་གཅིག་གིས་རྒྱབ་སྐྱོར་ཚུལ། །
འཁྲབ་པ་འདི་ནི་ཁྱོད་ཚོས་རང་གཤིས་ཡིན། །
སྤོབས་པ་འདི་རིག་པ་རབ་རིབ་ཡོད་མཁན་ཞིག་ནས་ཕྲག་དོག་དུག་གིས་ཚོས་པའི་དུག་སྦྲུལ་ཞིག་ལ་གྱུར་བ་ངའི་མིག་མདུན་དུ་ཤར་སྐབས་རེ་ཞིག་བདག་ལ་ཡང་ཞུམ་པའི་བློས་ཆིངས། ཉེ་ཆར་བོད་ཀྱི་ཤེས་ཡོན་ཅན་པར་གྲགས་པའི་བོད་ཞུགས་མཁས་དབང་ཞིག་དང་ཞལ་བརྡ་ཞུ་སྐབས་ཁོང་གི་ཀྱང་བདག་ལ་འདི་ལྟར་གསུངས། སྔོན་མ་རྗེ་ཙོང་ཁ་པ་ནང་པའི་གྲུབ་ལྟ་སྨྲ་བྱེ་བྲག་པ་ལྟ་བུའི་སྟོན་པར་མཚན་རྨད་ཞུ་མཁན་རྣམས་ལ་སྡུག་སྐད་ཤོར་མྱོང། དགེ་འདུན་ཆོས་འཕེལ་ཡང་དེ་ལྟར་རེད། ད་ལྟ་བཙན་བྱོལ་ལ་མི་ལ་ལས་རྒྱལ་བ་མཆོག་གིས་བློས་འགེལ་དང་དགའ་པོ་བྱེད་པའི་མི་ལ་སྐྱོན་འཛུགས་ཁོ་ན་བྱས་ནས་རྒྱལ་བ་ལ་ཤུགས་མ་རྒྱད་ལ་སྙོན་འཛུགས་བྱེད་པ་འདི་བོད་ཐོད་དཀར་བའི་ལས་རེད་གསུངས།
སྤོབས་པའི་ཡི་གེ་འབྲི་སྟངས་ལ་ཡིད་སྨོན་ཤོར་སོ་། སྦོབས་པའི་གནས་ལུགས་འཚོལ་སྟངས་ལ་ཡིད་ཐང་ཆད་སོང་།
ཟམ་གདོང་རིན་པོ་ཆེར་སྐྱོན་མེད་པ་མིན་ནའང་། སྐྱོན་དང་ཡོན་ཏན་གཉིས་བསྡུར་ན། ཡོན་ཏན་ལྡབ་འགྱུར་གྱི་མང་བས། ད་ཐེངས་ཁང་གསར་ལ་བདེན་ཁ་སྤྲོད་རྒྱུ་ལས་སྤོབས་པ་མཐའ་ཡས་སྤྲོད་ཐུབ་ཀི་མི་འདུག
ངས་ཁ་སང་ཁང་གསར་ལགས་ཀྱི་རྩོམ་ཡིག་འོག་ཏུ་ཡང་མཆན་བཏབ་ཡོད། དེང་སང་མི་ཆེན་པོ་འགའ་ཤས་ཀྱི་རྒྱུག་ཁྱི་འགས་ཟམ་གདོང་རིན་པོ་ཆེ་དགའ་ལྡན་ཕོ་བྲང་དང་འབྲེལ་ཡོད་ཀྱི་ལས་ཀ་བྱེད་ས་མེད་པ་ཞིག་བཟོ་བྱེད་ཀྱི་ཡོད། གང་ལགས་ཞེ་ན་མི་འགའ་ཤས་ལ་ཁོང་གི་མདུན་དུ་གང་དྲན་བྱེད་ས་རག་གི་མེད་པས་རེད། སྤོབས་མཐའ་ཞེས་པའི་མིང་རྫུན་འོག་གབ་པ་ཁོང་ཡང་གང་འདྲ་ཞིག་ཡིན་ནམ། གཅིག་བྱས་ན་ཁོང་གི་གདོང་རིས་ངོ་མ་དེས་ད་ལྟ་ཟམ་གདོང་རིན་པོ་ཆེའི་མདུན་དུ་ངོ་བསྟོད་འདྲ་བྱེད་ཀྱི་ཡོད་ངེས། ཁྲི་བྱང་རིན་པོ་ཆེའི་སློབ་རྒྱུད་རིན་པའི་ཆ་ནས་དོགས་པ་ཡོད་པ་འདྲ་ཞིག་ཡིན་ན་སོ་སོས་སོ་སོ་ལའང་དོགས་བྱེད་དགོས་པ་འདྲ་ཞིག་མེད་དམ། གང་ལགས་ཤེ་ན། སྤོབས་མཐའ་རང་ཉིད་ཀྱང་ཁྲི་བྱང་གི་སློབ་རྒྱུད་ཡིན་པས་སོ། གལ་ཏེ་སྤབས་མཐའ་ཁོང་རང་གི་རྩོམ་ཡིག་འདིའི་མཇུག་གཏམ་ནང་བཤད་པ་ལྟ་བུའི་སྤོབས་པ་དངོས་གནས་ཤིག་ཡོད་ན་གདོང་རིས་ངོ་བ་དེ་ད་བ་མ་བསྟན་པ་གང་ཡིན་ནམ།
ཡིན་ལུགས་དོན་ལ་ལྟ་བའི་བློ་ལྡན་ཞིང་།།
རང་ལྟ་མཆོག་འཛིན་ང་རྒྱལ་ཕྲག་དོག་ཉུང་།།
བདེན་པ་བརྗོད་ལ་མི་ཞུམ་སྨྲ་མཁས་པ།།
བཟོད་ལྡན་སྐྱེ་བུ་དུས་འདིར་ཉེ་བར་མཁོ།།
སྐུ་ངོ་ཟམ་གདོང་གིས་ས་རཱ་མཐོ་སློབ་ཏུ་བཤད་པའི་ཚིག་འདི་རེད། “ངའི་མི་ཚེའི་ནང་དུ་གང་བྱས་པ་དེ་བླ་མས་བཀའ་བསྒྲུབ་རྒྱུ་དང་། བླ་མའི་ཞབས་འདེགས་བསྒྲུབ་རྒྱུའི་བསམ་བློ་ཁོ་ན་མ་གཏོགས། ངས་མི་རིགས་ཀྱི་བསམ་བློ་གཏོང་གི་མེད་ལ་རྒྱལ་ཁབ་ལའང་བསམ་བློ་གཏོང་གི་མེད། ཆབ་སྲིད་ལའང་བསམ་བློ་གཏོང་གི་མེད་པས། ཁྱེད་ཚོར་དེ་ལྟ་བུའི་གཟིགས་ཚུལ་ཞིག་བྱུང་སྟེ་གཟེངས་རྟགས་གནང་གིན་ཡོད་ཚེ། གཅིག་བྱས་ན་གཟེངས་རྟགས་གནང་ཡུལ་ནོར་ཡོད་པ་རེད་བསམ་གྱི་འདུག་མོད། གནང་མཁན་གྱིས་གནང་གྲུབ་པ་དང་ཞུ་མཁན་གྱིས་ཞུས་ཚར་སྟབས། དེ་རང་འཇགས་འཇོག་རྒྱུ་ལས་དེ་ལ་བགྲོ་གླེང་བྱ་རྒྱུ་ལྷག་མེད།”
ཟམ་གདོང་གི་སྐད་ཆ་དང་ཡིག་ཐོག་ཚིག་གསོན་པོ་རེད། དེ་ཡང་ཁྲི་བྱང་ལ་བླ་མ་ཟེརཀི་ཡོད་ནི་རེད། རྒྱལ་བ་རིན་པོ་ཆེ་ལ་སྐུ་ཞབས་སམ་སྐུ་མདུན་ལས་བླ་མ་བརྗོད་ཀྱིན་མེད།
ཉིན་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། “ཁྱེད་ཚོས་ང་ལ་བསྔགས་བརྗོད་དང་གཟེངས་རྟགས་གནང་བ་དེ་ངས་བོད་མི་རིགས་དང་རྒྱལ་ཁབ། བོད་ཀྱི་སྤྱི་ཚོགས་བཅས་ཀྱི་དོན་དུ་ལས་ཀ་ཞེ་དྲག་བྱས་པ་རེད། དེ་ཡག་པོ་བྱུང་བ་རེད་ཅེས་གསུང་གི་ཡོད་ནའང་། ང་རང་ཉིད་ཀྱི་ངོས་ནས་ངས་མི་རིགས་ལ་ཤ་ཞེན་དང་སྤྱི་ཚོགས་ལ་ཤ་ཞེན་བྱེད་དགོས་བསམ་པའི་འདུན་པ་མེད་ལ། ངས་དེ་ལྟ་བུ་ཞིག་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཡང་ཁྱོན་ནས་མེད།”
སྤོབས་པ་མཐའ་ཡས་ད་ལན་དཔྱད་པ་ལེགས་པོ་ཞིག་གནང་ནས་བྲིས་བཞག་
སྤོབས་མཐའ་གཙོས་པའི་དྲྭ་འབུ་དག་ལ་གསལ་བཤད་ཞིག་འདོད་སོང་། ༸སྐྱབས་རྗེ་འཁྲི་བྱང་པོ་ཆེས་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་བཀའ་གནང་བ་ནི༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེབས་ཞུ་དགོས་ཚུལ་ནན་གཏན་ཐོག་ནས་ཕེབས་པ་དག་ཁྱེད་ཚོས་མ་ཤེས་ནས་བཤད་པ་ཡིན་མི་སྲིད་སྙམ། བོད་བསྟན་སྲིད་སྤྱིའི་རྩ་དོན་ངོ་མ་ནི་༸གོང་ས་ཆེན་པོའི་དབུ་འོག་དཔུང་འདེབ་ཞུ་རྒྱུར་ལས་ལྷག་ཚད་སུ་གང་གིས་དེ་སྔར་ཡང་བསྒྲུབ་མྱོང་མེད་ལ། ད་ལྟ་དང་འབྱུང་འགྱུར་ལ་ཡང་ཟམ་གདོང་རིན་ཆེ་ལས་ལྷག་ཙམ་ཞིག་ཁག་པོ་རེད་སྙམ། དོན་ངོ་མ་ནི་སེམས་ཁོངས་སུ་ཆོས་ལུགས་དང་། ཆོ་ཁའི་ཕྱོགས་རིས་གདོན་ནད་དེས་དུས་ཀུན་ཏུ་འཁྱོག་བཤད་དང་ལོག་བཤད་ཁོ་ན་ལས་སྤྱི་ལ་ཕན་པའི་དཔྱད་གཏམ་ཞིག་དྲྭ་འབུ་ཁྱེད་ཚོས་ངག་ནས་སྦྲང་མའི་སྐད་ཙམ་ཞིག་འདས་མ་དུས་གསུམ་གང་ལ་ཡང་རེ་བ་མེད་་པ་དེ་ཡིན།
བདག་ཉིད་ཆེན་པོ་གཱན་རྡི་རྗེ་ཡིས་དད་པ་ལས་གཞན་ག་གེ་བསམ་པ་མེད་གསུངས་པ་དང་ཧ་ལས་པ་འདྲ་མོ་འདུག མ་ཟད་བདག་ཉིད་ཆེན་པོ་ཞི་བ་ལྷས་དེ་ཕྱིར་གཞན་དོན་བསམ་པའང་བདག་མེད་ཅེས་གསུངས་ཡོད།། འདི་ཚོ་དམིགས་དཔེ་བལྟ་དགོས་པའི་གནས་རེད་མ་གཏོགས། བྱ་དགའ་དེ་སྤྲད་ས་ནོར་མ་སོང་མདོག་མདོག་བཤད་ན་ཡ་རབས་ཀྱི་འགྲོ་སྟངས་ག་ལ་ཡིན། མཁས་པས་ཁེངས་སྐྱུང་གི་གནང་སྟངས་འདི་འདྲར་སྨད་ན་བསྟོད་པར་འགྲོ་གིན་འདུག་ག འདི་ཚོར་སྤོབས་པས་སྦྱངས་དགོས་པ་རེད་ཡ། བྱ་དགའ་ཆུང་ཆུང་ཀླུ་སྨྱོན་རྩོམ་རིག་འདྲ་མོ་ཅིག་འཐོབ་ན་ཡང་ག་བ་ག་བ་ངས་དྲྭ་འབུ་བགྱིས་ནས་ཆུ་ཚོད་བསྐྱལ་བ་ནི་རང་གིས་དགའ་ཕྱོགས་ཅིག་རེད་མ་གཏོགས་སྤྱི་དོན་ཅིག་ཡིན་ཡིན་བསམ་བསམ་ཡིད་ལ་འཁོར་མྱོང་མེད་ཅན་པོ་བཤད་ན། ཁེངས་སྐྱུང་རིག་གནས་དུངས་པའི་དྲྭ་འབུ་ཚོར་ཤིན་ཏུ་ལོས་སྙན། དྲྭ་འབུ་ཚང་མས་ཉམས་ཞོག ནོར་ཝེ་རྩོམ་རིག་ཅན་པོ་དེ་འཐོབ་ན་ཁེངས་སྐྱུང་དགོས་མིན་སྔ་ས་སར་བསམ་བློའི་ནང་གྲ་བསྒྲིག་ཡོད་པ་གྱིས་མ་གཏོགས་ཕྱི་གླིང་བ་འདི་ཚོར་ཁེངས་བསྐྱུང་གི་སྤྱོད་པར་དགའ་མིན་གང་ཤེས།
སྤོབས་པ་མཐའ་ཡས་མཆོག་སྤྱང་གྲུང་རྣམ་དཔྱོད་ཅན་ཞིག་ཏུ་རྩི་ཡང་། ད་ལན། བཞི་པ། ལྔ་བ། གཉིས་ཀྱི་བར་དུ་་ཤོར་འདུག་ ཡང་ན། ལྔ་བ་ཇི་བཞིན་དུ། བཞི་པ་ཡང་། བཞི་བ། ཞེས་འབྲི་དགོས། དེ་མིན་ན། རིག་གཞུང་སྐད་བཞིན་དུ། ལྔ་བ་ཡང་། བཞི་པ་བཞིན་དུ། ལྔ་པ། ཞེས་འབྲི་དགོས། དེ་མིན་མགོ་གཉིས་འཁྲབ་མཁན་ཞེས་མི་རྣམས་ཀྱིས་ཆ་འཇོག་བྱེད་དཀའོ། །
གླལ་བ་ཙམ་གྱིས་ཞུམ་པའི་སྲོག་འཕྲོག་པ།
སེང་གེས་འཇིགས་པའི་ང་རོ་མ་སྒྲོགས་ཅིག།
འཇམ་མཉེན་བདེ་པའི་མལ་དུ་སྐྱིད་པའི་གཉིད།།
ཡུར་བ་རྣམས་ལ་འདི་ལྟར་སྡང་མི་རུང་།།
རྨོངས་དང་དད་པས་འཚོས་པའི་རྨི་ལམ་ནང་།།
ཉེར་ཅིག་དུས་སུའང་ད་དུང་བདེ་འབོལ་ལེར།།
བདེ་ཆེན་ཞིང་དང་ཤམ་བྷའི་གྲོང་འཚོལ་བཞིན།།
འདི་འམ་ཕྱི་མར་དེ་རུ་འགྲོ་བར་གྲབས།།
གནས་ལུགས་དགྲ་ལ་བཟུང་བའི་སྐྱེ་བུ་ལ།།
ཡིན་ལུགས་འཆད་པའི་ངལ་བ་བྱས་ཀྱང་ཅི།།
དེ་མ་ཐག་ཏུ་བརྩོན་པ་འདོར་ཞིག་དང་།།
སྣ་ཚོགས་ལྟད་མོ་འཁད་ཀྱིས་མཐོང་བ་ཉིད།།
གོ་ཚད་ཕལ་ཆེར་ཡིན་པའི་ཁུངས་སུ་བྱེད།།
མངོན་སུམ་མཐོང་ཡང་ཁས་ལེན་མི་འདོད་པ།།
ངོ་མཚར་མང་པོས་ཁེངས་པའི་ལྟད་མོ་འདི།།
རྒྱང་རིང་ཡུལ་ནས་ལྟས་ཀྱང་ཅིས་མི་མཚར།།
རྣམ་པར་དཔྱོད་པའི་ནུས་མཐུ་མ་རྗོགས་པར།།
གཞན་རྗེས་ཤ་ལ་བྱ་བཞིན་འབྲང་པ་ལས།།
རང་ལ་གྲུབ་མཐའ་འདི་ཞེས་བསྐལ་བའི་བར།།
བསྟན་དུ་མེད་འདི་སྙིང་རྗེའི་ཡུལ་ཙམ་ཟད།།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་བྲིས་གནང་བ་དེ། དེ་རིང་ལྷོད་ལྷོད་བྱས་གཅིག་བཀླགས་པ་ཡིན། ཚིག་སྦྱོར་ལེགས། ཡི་གེ་དག །བརྗོད་དོན་ནི་ང་རང་གིས་ཀྱང་སྔོན་མ་ད་ལྟ་ཁྱེད་ཀྱིས་བྲིས་པ་དེ་འདྲ་ཐེངས་ཁ་ཤས་བྲིས་ཏེ་རྩོམ་ཡིག་གམ་མཆན་གྱི་ཚུལ་དུ་སྤེལ་བས། ད་ནི་ཁྱེད་ལ་ལན་ལྡོན་དགོས་ན་རང་ལ་ལན་ལྡོན་པ་འདྲ་ཞིག་རེད། དེ་བས་ཚིག་གཅིག་ལས་མི་ཞུ། དེ་ནི་ཟམ་གདོང་རིན་པོ་ཆེས། སྐབས་གཞན་ཞིག་ཏུ་ས་རཱ་མཐོ་སློབ་ཏུ། “རིགས་དང་མཐུན་པའི་ལས་བརྩམས་ཏེ”ཞེས་སྤྱོད་འཇུག་གི་ལུང་ཞིག་དྲངས་ཏེ། མི་རིགས་ཀྱི་དོན་དུ་ལས་ཀ་བྱེད་དགོས་པར་གསུངས་འདུག དེ་འདྲ་རེད། གྲུ་བཞི་ལམ་འཁྱེར་ཟེར་བ་དེ་མ་ཤེས་པའམ་ཤེས་ཀྱང་མ་བྱས་ན། ཚིག་གཅིག་གིས་ཡར་འཐེན་དགོས་པ་འདྲ་པོ། ཚིག་གཅིག་གིས་མར་འཐེན་དགོས་པ་འདྲ་པོ་འཐོམ་འགྲོ་བ་ཞིག་རེད། ཡར་འཐེན་རུང་། མར་འཐེན་རུང་། དངོས་ཡོད་གནས་ཚུལ་དུ་འཐེན་མི་ཐུབ་པ་ངས་ཤེས། ཁྱེད་ཀྱིས་ནི་ལོས་ཀྱང་མཁྱེན། དེ་ཙམ་ལས་མི་ཞུ། མ་ཞུས་པ་འདི། ཁྱེད་ལ་མ་གུས་པས་མིན། དེ་ཙམ་གྱིས་ཆོག་པས་ཡིན་ལགས། ཁ་དྲོ། བཀྲ་ཤིས།
སྤོབས་པའི་རྙོག་ཁྲ་འདི་གཙོ་བོ་ཟམ་གདོང་རིན་པོ་ཆེས་ཁྲི་བྱང་རིན་པོ་ཆེའི་ཁ་ལ་ཉན་ནས་བོད་གཞུང་ལ་ཚེ་གཅིག་ཞབས་ཕྱི་ཞུས་པ་རེད། དེ་ལ་ཁོ་འདོད་མིན་འདུག ཁོ་བའི་འདོད་པར། ཟམ་གདོང་རིན་པོ་ཆེས་ཆོལ་གསུམ་གཅིག་ཏུ་སྦྲེལ་བའི་བོད་མི་ཡོངས་རྫོགས་ཀྱི་རང་དབང་དོན་དུ་མི་ཚེ་གཅིག་དཀའ་བ་སྤྱད་ཟེར་ན་ཁོ་དགའ་ས་རེད།
དེ་ཨེ་རེད་སྤོབས་པ་ལགས།
ང་དགའ་ས་དེ་ཟམ་གདོང་དྲང་པོ་དང་ཁ་རི་ཁ་ཐུག་ལས་གཞན་ངོ་བསུ་བ་དང་། སྤྲེལ་ལད་མི་བྱེད་པ་འདི་རེད། འདི་ཁམས་པའི་རྒྱུད་རེད། རྒྱུད་ལེགས་པ་དེ་རེད། ཟམ་གདོང་ལ་འདི་འགོས་པ་དེ་ལེགས་ཆ་རེད་སྙམ།
དྲང་པོར་བཤད་ན་ནོར་བ་ཡོད་ཚད། མཆན་རྒྱག་མཁན་ཚོར་འདུག ཁྱེད་ཚོར་སུ་ཞིག་གིས་སྤོབས་མཐའ་སོགས་ཀྱི་སྐྱག་པ་གཏོང་སར་སྡོད་ཟེར།
མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བ་ཅི་མ་བདེན་་་་ང་ནི་ཟམ་གདོང་ལ་གུས་བཀུར་ཚད་མེད་ཞུ་མཁན་ཞིག་གི་ངོས་ནས་ཀྱང་་་སྐབས་རེར་ཁོང་གི་བཀའ་སློབ་འགའ་རེ་ཐལ་དྲག་པའམ། ཡང་ན་སྤྱི་ཚོགས་ཆུང་ཆུང་འདི་དང་ཅུང་མཐུན་གྱི་མེད་པའི་ཚོར་སྣང་ཡོང་མྱོང་བ།
སྤོབས་མཐས་བཤད་པ་བདེན་པ་རེད། ཟམ་གདོང་བླར་རྒན་ལྷ་ཆོས་རིང་ལུགས་ཀྱི་ལྟ་ཞེན་ཁོ་ནས་འཇིག་རྟེན་མི་ཆོས་རིང་ལུགས་ལ་མཐོང་ཆུང་བྱེད་པའི་ལམ་ལུགས་དེའི་འོག་ནས་ནང་བསྟན་ཆོས་ལུགས་འཛམ་གླིང་འདིའི་སྟེང་དུ་རྒྱུན་གནས་བྱུང་ན་བོད་མི་རིགས་རྩ་འཐོར་ཕྱིན་ནའང་ཁྱད་པར་མེད་བཤད་པ་རེད། འདིས་ག་རེ་བསྟན་པ་རེད་ཟེར་ན་བོད་ཀྱི་ནང་བསྟན་ལྷ་ཚོགས་ཀྱི་ལྷ་སྐུ་གསོན་པོ་རྣམས་ཀྱི་ལྟོ་འཕོར་ལས་གཞན་ཅི་ཡང་མི་བསམས་པ་དེ་རེད། དེ་ལྟ་བས་ན་བླར་རྒན་གྱི་འདས་པའི་བྱ་གཞག་ཐམས་ཅད་བླ་སློབ་ཀྱི་དམ་ཚིག་བསྲུང་ཆེད་ཙམ་རེད་ལ་མི་ལོ་བཅུའི་རིང་གངས་སྐྱིད་ཀྱི་ལམ་དབུ་མའི་སྲིད་ཁྲིའི་སྟེང་ནས་ཆོས་ཕྱོགས་ཁོ་ན་བསྐྱངས་ནས་བཞུགས་པ་མ་གཏོག་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་བྱ་གཞག་འདི་ཡིན་ཞིག་མཐོང་ཚོད་མི་འདུག།
ང་ཡང་ཐོག་མར་ཟམ་གདོང་ཚོགས་གཙོ་ཡིན་དུས་དང་དེའི་རྗེས་སུ་ཡང་ལོ་མང་པོར་ཁྱོད་ཚོ་དང་མཚུངས་པར་ཟམ་གདོང་ལ་ཁ་གཏོང་མཁན་ཞིག་དང་ཐུག་ན་ལག་འཛིངས་གཏུག་མ་ཐུབ་རུང་ཁ་འཛིངས་བྱེད་པར་ཐེ་ཚོམ་མེད་མཁན་ཡིན། ཡིན་ན་ཡང་། འདས་པའི་ལོ་ཤས་ནས་བཟུང་སྟེ་རང་རེ་བོད་ཀྱི་ཆབ་སྲིད་སྒྲིག་འཛུགས་ཀྱི་འགུལ་སྐྱོད་འདི་གང་ཟག་སྒེར་དབང་བཙན་པར་བྱས་ནས་བླ་སློབ་ཀྱི་དམ་ཚིག་དང་། བླ་བྲང་གི་ཕ་ཆུས། སློབ་བརྒྱུད་ནང་ཁུལ་གྱི་དབུ་འོག་དཔུང་འདེགས་སོགས་ཙམ་ལ་བེད་སྤྱད་ཀྱི་ཡོད་པ་གསལ་གསལ་ཐིངས་ཐིངས་སུ་གོ་ཚོར་བྱུང་། དེར་བརྟེན་ངས་དོག་སློངས་དང་དགག་བཞག་མི་བྱེད་ཐབས་མེད་བྱུང་སོང་།
དབུས་བོད་མིའི་སྒྲིག་འཛུགས་ཞེས་འབོད་པའི་ཆབ་སྲིད་སྒྲིག་འཛུགས་འདི་བླ་བྲང་དང་། སློབ་བརྒྱུད། ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་འབུལ་བའི་སློབ་གསོ་ལ་ཁ་གཡར་བའི་གང་ཟག་སྒེར་གྱིས་སྲིད་དོན་དབང་བསྒྱུར་གྱི་འདོད་ཧམ་ལ་གཞི་བཅོལ་བར་གྱུར་སོང་ན་རིས་སུ་མ་ཆད་པའི་བོད་མི་མང་སྙིང་ཡང་རྗེ་ལ་སེམས་ཀྱང་ཕམ་འོས་པ་ཞིག་རེད། དེར་བརྟེན་ངས་དོག་སློང་དང་དགག་བཞག་འདི་ཚོ་མི་བྱེད་ཐབས་མེད་བྱུང་སོང་།
ངས་འདི་ན་སྐུ་ངོ་ཟམ་གདོང་རིན་པོ་ཆེ་མི་སྒེར་བ་ཞིག་གི་སྐྱོན་ཡོན་གཙོ་བོར་འདོན་གྱིན་མེད། འདི་ན་ཁོང་གཅིག་པོ་མ་ཡིན་པར་ཁོང་དང་ཁོང་འདྲ་བ་བརྒྱ་སྟོང་མང་པོ་ཞིག་གིས་ཉམས་དམའ་བའི་བོད་ཀྱི་བསྟན་སྲིད་ཀྱི་གནད་དོན་འདི་ལག་ཆར་བེད་སྤྱད་ནས་བླ་སློབ་བར་གྱི་སྒེར་གཅོད་འདོད་འདུན་སྒྲུབ་པ་དང་། བླ་བྲང་ཞིག་གི་འདོད་འདུན་སྒྲུབ་པ། སྐྱེས་བུ་སྒེར་བ་ཞིག་གི་འདོད་ཧམ་བློས་མི་གཏོང་བའི་རྒྱུད་འཛིན་སོགས་ལ་བེད་སྤྱད་ཀྱིན་ཡོད་པ་ཤེས་བྱུང་། དེར་བརྟེན་ངས་དོག་སློང་དང་དགག་བཞག་འད་དག་མི་བྱེད་ཐབས་མེད་བྱུང་སོང་།
གོང་དུ་མི་ཞིག་གིས”ང་དགའ་ས་དེ་ཟམ་གདོང་དྲང་པོ་དང་ཁ་རི་ཁ་ཐུག་ཁམས་པའི་རྒྱུད་རེད། རྒྱུད་ལེགས་པ་དེ་རེད། ཟམ་གདོང་ལ་འདི་འགོས་པ་དེ་ལེགས་ཆ་རེད་སྙམ”ཞེས་བྲིས་འདུག ཡིད་ཆེས་བྱེད་སྟངས་འདི་ག་འདྲ་ཡིན་མིན་ལོ་རྒྱུས་ཀྱི་ཐོག་ནས་ཐག་གཅོད་དགོས་པ་ཞིག་རེད། དཔེར་ན་བཙན་བྱོལ་སྤྱི་ཚོགས་ནང་ཐེ་ཝན་གྱི་ཕོག་གི་རྙོག་དྲ་མང་པོ་བྱུང་ནས། བོད་དོན་འཐབ་རྩོད་ཀྱི་ནུས་པ་དང་ཆིལ་སྒྲིལ་ལ་འགལ་རྐྱེན་ཆེན་པོ་བྱུང་འདུག དེ་ནས་ལྷ་སྲུང་བསྟེན་སྟངས་ཀྱི་བཀའ་སློབ་ལམ་སྟོན་དང་ལེན་མ་བྱས་པར་རྒྱ་དམར་ལ་ངོ་དགའ་སྤྲེལ་ལད་འཁྲབ་ནས་བོད་པ་ནང་ཁུལ་ལ་ཆགས་སྒོ་མང་པོ་བཟོས་པ་རེད། བོད་སོག་ལས་ཁུངས་དང་ལྐོལ་འབྲེལ་བྱས་ནས་ཡང་བསྐྱར་བོད་མི་རིགས་ཀྱི་བདེ་རྩར་བར་ཆད་ཆེན་པོ་བཟོས་པ་རེད། རྙོག་དྲ་འདི་དག་ནི་སྤྱིར་བཏང་རྙོག་དྲ་ཆུང་ཆུང་མ་ཡིན་པར། རྒྱ་དམར་གཞུང་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་ས་སྒང་འདིའི་ཐོག་ནས་རྩ་མེད་ནག་གསུབ་གཏོང་རྒྱུ་སྲིད་ཇུས་ལ་མཐུན་རྐྱེན་མེད་དུ་མི་རུང་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྙོག་དྲ་འདི་དག་རྒྱ་དམར་གཞུང་གི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། རྙོག་འདི་དག་ཚང་མའི་རྩ་བ་ལྐོལ་དངུལ་ལ་ཐུག་ཡོད་པ་རེད། དེ་འདྲ་ཡིན་ཙང་གང་ལྟར་ཁམས་པ་ཡོད་ས་ཞིག་ཏུ་རྙོག་དྲ་མེད་པར། སྤྱི་དོན་དང་སྤྱི་བའི་སྒྲིག་འཛུགས་ཤིག་སྲ་ཐག་ཐག་བྱས་ནས་གནས་ཐུབ་རྒྱུ་མི་སྲིད་པ་ཞིག་རེད། ད་དུང་བློ་ཕམ་པ་ཞིག་ཉེ་ཆར་བོད་ནང་ཨ་དཀོན་རིན་པོ་ཟེར་བ་བོད་རིགས་ལ་བཀའ་དྲིན་ཅིན་ཞིག་ཀྱང་མེད་བརླག་བྱས་འདུག
གཞན་ཟམ་གདོང་གིས་རང་གི་བླ་མར་ཤ་ཞེན་གྱི་ཐོག་ནས་བླ་མའི་བཀའ་ལྟར་བོད་དོན་བསྒྲུབ་པ་ཡིན་དང་། ཡང་ན་བོད་མི་རིགས་རང་ལ་ཤ་ཞེན་གྱི་ཐོག་ནས་བོད་དོན་བསྒྲུབ་པ་གང་ལྟར་ཡང། ཀུན་སློང་གི་ཁྱད་པར་ཙམ་ལས་གྲུབ་འབྲས་སྨིན་ས་བོད་མིའི་སྤྱི་ཚོགས་རེད། དེ་ཕྱིར་བླ་མའི་བཀའ་བཞིན་བོད་ལ་ཕན་བཏགས་ན་བཀའ་དྲིན་ཆུང་དགོས་པ་དང་། ཡང་ན་བོད་ཞེན་རང་གིས་ཐོག་ནས་བོད་ལ་ཕན་བཏགས་ན་དམིགས་བསལ་བཀའ་དྲིན་ཆེ་དགོས་པའི་ངེས་པ་མེད། དཔེར་ན་རྒྱལ་སྤྱིའི་༧རྒྱལ་བ་རིན་པོ་ཆེར་དགའ་དད་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་རེད། ཁོ་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་ཐུགས་རེ་ལྟར་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཙང་། ཁོ་ཚོ་ཡག་པོ་མ་རེད་ལབ་ཁག་པོ་རེད།
ཡང་སྙིང་ཟམ་གདོང་གི་ཀུན་སློང་ག་རེ་ཁྱེར་ནས་བོད་དོན་བསྒྲུབ་ཡོད་མེད་རྩོད་པ་མ་བརྒྱབ་པར། ཁ་ཡོད་ལག་ཡོད་ཀྱི་བོད་པའི་སྤྱི་ཚོགས་ལ་ཕན་མང་བ་བཏགས་འདུག་གམ། ཡང་ན་གནོད་མང་བ་བསྐྱལ་འདུག་ལ་དཔྱད་པ་གཏོང་རྒྱུ་གལ་ཆེན་པོ་རེད།
གོང་དུ་རྩིས་པའི་རྙོག་འདི་དག་ཚང་མའི་རྩ་བ་ལྐོག་དངུལ་ལ་ཐུག་ཡོད་པ་རེད། བྱས་ཙང་ཁམས་པ་དྲང་པོ་དང་ཁ་རུ་ཁ་ཐུག་རེད་ལབ་ཁག་པོ་འདུག
བདག་ཉིད་ཆེན་པོ་གཱན་རྡི་རྗེ་ཡིས་རྒྱ་གར་ཀྱི་ཆོས་ཉམས་སོང་ན་རྒྱ་གར་ཆོ་མེད་པར་བརྩི་གིན་ཡོད། མཁས་དབང་ཟམ་གདོང་གནང་ལུགས་ཡང་འདི་དང་ཤིན་ཏུ་མཐུན། བླ་སློབ་དབུ་འོག་དཔུང་འདེགས་ཀྱིས་ཆ་གང་གིས་མིས་བདེ་སྐྱིད་ལ་གནོད་ཀྱིན་ཡོད་ན་མཚམས་འཇོག་དགོས་པ་དེ་ཡང་གསལ་བོ་རེད། བླ་སློབ་ཀྱི་འབྲེལ་བ་བརྒྱུད་འཛིན་དེ་རང་དོན་དང་གཞན་དོན་གང་ཡིན་ཀྱང་སེམས་ཅན་ལ་འཚེ་བ་ཅན་ཆགས་ན་སངས་རྒྱས་པའི་སྤྱི་གཞུང་དང་འགལ་འགྲོ་བ་རེད། སྐུ་གཤེགས་སྐུ་ངོ་རྟ་ར་བ་རྙིང་མར་ཕྱོགས་ནས་དགེ་ལུགས་པ་ཕོངས་སོང་ཟེར་མཁན་ཡོད། མཁས་དབང་ཟམ་གདོང་རིན་པོ་ཆེས་རྙིང་མར་ཕྱོགས་ནས་དགེ་ལུགས་པར་རྡོག་རྫིས་གཏོང་བའམ་ཡང་ན་བོན་པོར་རྡོག་རྫིས་བཏང་བ་གང་ཡིན་གྱང་དོགས་གཞི་ཡོད་ན་བཀོད་ན་ཡག་པོ་རེད། མི་ཆོས་ནི་མཁས་དབང་ཟམ་གདོང་རིན་པོ་རིན་པོ་ཆེས་ཁྱིམ་བཟུང་ནས་བུ་ཕྲུག་གསོ་སྐྱོང་གནང་ཡོད་པ་མ་རེད། བཙན་བྱོལ་ནང་གི་མི་ཡག་ཤོས་ཀྱི་གྲངས་རེད། ལྷ་ཆོས་རིང་ལུགས་པ་ཡིན་སྲིད།
ངས་ངོས་ནས་བཤད་ན། འདས་པས་པའི་ལོ་ངོ་གཅིག་ལྷག་རིང་དུ་ཁ་བརྡ་དྲྭ་ལམ་ནང་དུ་འཁྱམས་མྱུལ་མི་ཉུང་བ་ཞིག་བྱས་པའི་རྒྱུད་རིམ་ནང་དུ་དྲྭ་མཆན་པ་དང་རྩོམ་ཡིག་བསྐུར་མཁན་ཚོས་བྱ་སྤྱོད་སོགས་ལ་ཡང་རྒྱུས་མངའ་གང་ཙམ་བྱུང་ཡོད། ཉམ་མྱོང་དེ་དག་ལས་དེང་སྐབས་སྔོན་མ་དང་བསྡུར་ན་དེ་ཙམ་ཡོང་མི་འདོད་པ་དང་། ཡོང་ན་དགེ་མཚན་ཡང་དེ་ཙམ་མེད་པར་ཤེས་པའི་སྒོ་ནས་དཔྱད་མཆན་སྤེལ་བ་སོགས་ཧ་ལམ་མ་བྱས་ནས་ཟླ་བ་ཁ་ཤས་ཕྱིན་སོང་། ཉེར་ཆར་འདིར་མིག་གཤེར་ཐེངས་གཅིག་བྱས་སྐབས་འདྲྭ་འབུ་དག་གིས་སྔར་བཞིན་ཞབས་བྲོ་འཁྲབ་བཞིན་ཡོད་པ་མཐོང་སོང་བས་དེ་རིང་འདིར་མཆན་ཐོག་ནས་བསམ་ཚུལ་ཐུང་ངུ་ཞིག་བཤད་འདོད་པ་འདྲ་བྱུང་།
སྤྱིར་སྒེར་ནད་དང་ཆོལ་ཁ་ཆོས་ལུགས་ཀྱི་གདོན་ནད་དྲགས་པོས་མ་ཟིན་པའི་མི་བུ་གཟུར་གནས་ཅན་དང་། ལྷག་པར་དུ་ཡང་ཁ་ཞེ་གཉིས་མེད་དང་རྒྱབ་མདུན་གཉིས་མེད། མི་རིགས་ཀྱི་བདེ་སྡུག་ཁ་ལ་འཁྱེར་བཞིན་རང་དོན་ཁོག་བཅངས་ཀྱི་མཚོན་པའི་བྱ་སྤྱོད་ཐ་ཤལ་རིགས་ལ་གོམས་པ་དང་དགའ་ཞེན་མེད་མཁན་གྱི་མི་བུ་རང་ཚུགས་ཅན་དང་རྣམས་དཔྱོད་ཞིག་ཡིན་ཚེ། མཁས་མཆོག་ཟམ་གདོང་རིན་པོ་ཆེས་མཛད་རྗེས་འདི་དང་འདི་ཡིན་ཞེས་གསལ་བཤད་དགོས་གལ་གང་ཡང་མ་མཐོང་པས་དེ་རིང་ངས་གསལ་བཤད་གང་ཡང་བྱེད་འདོད་མེད།
གོང་གསལ་སྤོབས་མཐའ་དང་། སྟག་སྨྱོན་མིང་ཅན་སོགས། སྤྱི་ཚོགས་དྲྭ་འབུ་འདི་དག་གིས་དུས་ཀུན་ཏུ་གཞི་མེད་སྐྱོན་བརྗོད་དང་། མིག་ལྡན་གཡང་འཆང་ཁོ་ནའི་མི་མང་ལོག་ལམ་དུ་འཁྲིད་རྒྱུའི་འབད་བརྩོན་ཡང་དུས་ཀུན་ཏུ་ཡོད་མུར་ཡིན་པར་སྔར་ནས་ཤེས་ཀྱིན་ཡོད། ཡིན་ཡང་སྟབས་ལེགས་པ་ཞིག་ལ་མི་མང་གི་ངོས་ནས་དེ་སྔོན་ད་བར་དུ་ལེགས་ཉེས་སམ་བཟང་ངན་དབྱེ་བར་ཤེས་པའི་སྒོ་ནས་བཟང་པོ་ལ་ངོ་སོ་དང་། ངན་པ་ལ་གདོང་ལེན་ཚད་མཐོན་པོའི་སྒོན་ནས་གནང་དང་གནང་བཞིན་འདུག་པར་ནི་ཆེས་ཡིད་རངས་ཀྱི་གནས་སུ་གྱུར།
སྤྱི་ཚོགས་དྲྭ་འབུ་དུ་གྲགས་པའི་མི་བུ་འགའ་རེས་མཐུན་སྒྲིལ་གཏོར་བཤིག་གཏོང་ཐབས་ནི་ཆོས་ལུགས་བྱེ་བྲག་དང་ཆོལ་ཁ་ག་གེ་མོའི་མིང་བེད་སྤྱོད་ཐོག་ནས་མངོན་གསལ་དོད་ཙམ་དང་། རེ་ཟུང་ནི་སྡུག་ནད་ཁོག་བཅངས་ཐོགས་ནས་ཟ་དང་ཟུར། སྐབས་དང་དུས་ནམ་བྱུང་ལ་ལོག་བཤད་དང་སྙོན་འཛུགས་ཁོ་ནར་བྱེད། ཡང་ཁག་གཅིག་གིས་སྤྱི་དོན་ཁ་ཡི་མཛེས་རྒྱན་དུ་སྤྲས་ཏེ་ཕྱོགས་གང་སར་གཞི་མེད་སྐྱོན་འཛུགས་དང་། མི་རེའི་དྲྭ་བྱང་དང་དྲྭ་མིང་འདྲ་མིན་གསུམ་བཞི་རེ་ཙམ་བེད་སྤྱོད་བཏང་སྟེ་གཅིག་རྒྱབ་གཅིག་ལངས་ལྟ་བུའི་བྱེད་ཐབས་ལ་གཉེར་མཁན་ཡང་ཉུང་ཉུང་མིན་ཚོད། མཐར་གཏུག་ན་དངོས་མིང་ཙམ་ཡང་སྟོན་མི་ནུས་མཁན་གྱི་དྲྭ་འབུ་འདི་དག་ནི་དུས་ནམ་ཡང་གོང་སྨོས་ཀྱི་གནད་དོན་དེ་ཚོ་གང་ཡང་རུང་བ་ལས། དེ་མིན་ལ་རྒྱ་དང་། སྤྱིར་སེམས། མི་རིགས་ཀྱི་ཆེད་དུ་ལྷག་བསམ་ཟོལ་མེད་ཐོག་ནས་བསམ་ཚུལ་སྤེལ་མཁན་མེད་པ་ནི་གཟུར་གནས་ཀུན་གྱིས་མཁྱེན་ངེས་ཡིན།
ངས་དེ་རིང་དམིགས་བསལ་དྲྭ་བའི་བདག་གཉེར་བ་སྤྱི་དང་། ལྷག་པར་དུ་ཡང་ཁ་བརྡ་ཚང་གི་དྲྭ་བདག་རྣམས་པར་ལྷན་རྒྱས་ལ་འབོད་བསྐུལ་ཞུ་རྒྱུར། ཁྱེད་ཚོས་བོད་ཡིག་གི་ལམ་ནས་དྲྭ་བ་བདག་གཉེར་གནང་བཞིན་པ་འདི་ནི་ཕྱོགས་ཡོངས་ནས་དགེ་མཚན་ཞིག་ལ་ངས་ངོས་ནས་དུས་ནམ་ཡང་ངོས་འཛིན་ཞུ་ངེས་ཡིན་ལ་ཡིད་རངས་དང་བསྔག་བརྗོད་ཡང་ཡོད།
ཡིན་ཡང་ཁྱེད་ཚོས་མི་རིགས་འདིའི་རྩ་དོན་དང་འཕྲལ་ཕུགས་རྒྱང་གསུམ་ལ་གཞིག་ཏེ་ཚད་ལས་རྒལ་བས་་བྱ་སྤྱོད་རིགས་ལ་བརང་འཛིན་ངེས་པར་དུ་དགོས་གལ་སྣང་།
ཡིན་ཀྱང་ཤེས་དགོས་པ་ཞིག་ལ་སྨ་བརྗོད་རང་དབང་དང་། བསམ་བློ་རང་དབང་སོགས་ལ་ཁ་གཡར་ཏེ་བྱུང་རྒྱལ་དུ་སྨ་མཁན་ཚོ་ལ་ཁྱེད་ཚོས་ཚོད་འཛིན་མ་གནང་ཚེ་འབྱུང་འགྱུར་དྲ་ལམ་འདི་དག་གི་བདག་པོ་དག་ལ་མཚོན་ན་ཡང་འགྱོད་དགོས་པའི་གནས་སུ་གྱར་མི་སྲིད་པའི་ངེས་པ་གང་ཡང་མེད། འདི་ནི་འབོད་བསྐུལ་ཙམ་ཡིན།
རྣམ་དཔྱོད་ཅན་ཞིག་་་་་སོགས་ཡིག་ནོར་ཁག་གཅིག་ཤོར་འདུག་པར་དགོངས་སེལ་ཞུ
ད་དུང་ཤེས་དགོས་པའི་གནད་དོན་གཞན་ཞིག་ནི་ངས་གོང་དུ་ལམ་ཙམ་གླེང་ཟིན་པའི་ནང་ནས་ཁ་གསལ་དེ་ཙམ་མེད་པ་ཞིག་ནི། ཆོས་ལུགས་དང་བླ་བྲང་སོགས་ཁ་ནས་ཤོར་ཚུལ་འདི་ལ་བསྐྱར་ཞིབ་གནང་ཚེ། ཁོང་ཚོས་གླེང་པའི་གནད་དོན་འདི་ནི་ཆོས་ལུགས་རང་གི་ཕྱོགས་ཞེན་དང་འགྲན་སེམས་ཙམ་ལས་ཆབ་སྲིད་སྤྱི་དང་འབྲེལ་བ་མེདཔ་མ་ཟད། དྲྭ་འབུ་འདིའི་རིགས་ལ་སྤྱི་སེམས་ཡང་གང་ཡོད་གསལ་གསལ་ཐིངས་ཐིངས་སུ་མངོན་བ་མ་ཡིན་ནམ། མདོར་ཁྱེད་ཅག་ལ་གཞན་གྱི་དཔལ་ཡོན་དང་མཚན་མཐོང་དེ་དག་དགོས་ཚེ་སྡུག་སྐད་འདོན་པ་ནི་བྱབ་ཆུང་དང་ཐ་ཤལ་གྱི་སྤྱོད་ངན་ཙམ་ལས། ནམ་ཡང་གཟི་བརྗིད་དང་སྤོབས་པ་མིན། དེའི་ཕྱིར། ཁྱེད་ཚོས་ཀྱང་སྤྱི་ལ་ཕན་པའི་བྱ་བ་རེ་བསྒྲུབ་ནུས་ན་ཕ་རོལ་པོའི་ཆེ་མཐོང་དེ་དག་ཁྱེད་ཚོ་ལ་ཅིའི་ཕྱིར་མི་འཐོབ། དེ་ལྟར་མ་ནུས་ན་བསྐལ་པའི་བར་དུ་སྡུག་སྐད་འདོན་ནས་འདུག་རྒྱུར་ཙམ་དུ་ཟད།
དྲ་འབུ་ཚོས་ཟམ་གདོང་རིན་པོ་ཆེ་ལ་སྟོད་སྨད་གང་བྱེད་ཀྱང་ཁོང་ལ་ཕན་གནོད་གང་ཡང་མི་འགྱུར། ཁོང་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གྲགས་ཆེ་བ་དང་གྲུབ་མང་བ་གོང་ན་མེད་པའི་སྐྱེ་བུ་ཞིག་རེད། དེ་སྔོན་ཨ་མདོ་བསྟན་འཛིན་མགོན་པོས་ཟམ་གདོང་བླ་མ་ནི་༧གོང་ས་མཆོག་གི་སྐུ་དབང་ལ་འཐབ་རྩོད་བྱེད་མཁན་ཞིག་ཏུ་གླེང་ནས་སྤྱི་ལྷན་གྱི་སྒོར་ཁར་ངོ་རྒོལ་བྱས་པ་དེ་དག་དང་ཅིག་མཚུངས་རེད། ད་ཆ་༧གོང་ས་མཆོག་གིས་ཆ་ཟམ་གདོང་བླ་མ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ངོ་མར་སྐོས་པ་རེད། དེ་བཞིན་དུ་སྐུའི་ཡོངས་འཛིན་སྐུ་གཞོན་འདས་པོ་ཁྲི་བྱང་རིན་པོ་ཆེ་ཡང་༧གོང་ས་མཆོག་གི་དབུ་བླ་དང་འཛམ་བུ་གླིང་འདིའི་ནང་གི་མི་ཚེ་གང་པོར་༧གོང་ས་མཆོག་ལ་སྐུ་ཡོན་ཕུལ་མཁན་ཨང་གཉིས་པ་དེ་རེད། དེས་ན་ཁོང་ནི་༧་གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་དང་ཐད་ཀར་འབྲེལ་བ་ཡོད་པའི་སྐྱེས་ཆེན་དམ་པར་ཞིག་ཡིན་པ་ལས། སྤོབས་མཐའ་སོགས་དྲ་འབུ་ཙམ་ལས་ངོ་གདོང་མེད་མཁན་དེ་འདྲ་ཞིག་མ་རེད། ད་་་་་་་་་དེ་དག་མི་བཤད། དྲ་འབུ་ཚོ། ཧཧཧཧཧཧཧཧཧ།
ཡང་འདི་ན་ནམ་རྒྱུན་གྱི་དྲ་བའི་འཇིགས་སྐུལ་རིང་ལུགས་པ་ཁོ་སླེབས་ནས་དྲ་འབུ་དང་དྲ་བདག་པ་ཚང་མར་འཇིགས་སྐུལ་བྱེད་ཀྱི་འདུག་ག། དེ་འདྲའི་འཇིགས་སྐུལ་བྱེད་པའི་བློ་ཁོག་ཡོད་ན་གདོང་རིས་ངོ་མ་བསྟོན་ཤོོག་དང་དུས་རབས་ཉེར་གཅིག་འདིར་དམངས་གཙོའི་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་ག་པར་གནས་ཡོད་ཀྱང་འཇིགས་སྐུལ་ཀྱི་ཁ་ལ་ཉན་དགོས་པའི་གནས་དོན་གཅིག་ཀྱང་མེད་པ་རེད།
ང་འཁྱམས་མྱུལ་བཟོ་ཡུལ་དྲྭ་ལམ་ནི་ཁ་བརྡ་ཚང་དང་དུས་བབ་སོགས་ཀྱི་མཚོན་པའི་བོད་ཡིག་དྲྭ་ལམ་དག་རེད། དྲྭ་ལམ་དེ་དག་གི་ནང་དུ་བས་གང་བྲིས་པ་ནི་དངོས་མིང་རང་གི་ཐོག་ནས་བྲིས་པ་ལས་སྨྱུག་མིང་ལ་ཁ་གཡར་བ་དང་མིང་བྱང་མང་པོ་སྤྱོད་ནས་འབྲི་སྲོལ་བདག་ལ་མེད། ད་ལྟ་གང་ཡོད་ཤེས་པར་འདོད་ན་དྲྭ་བདག་སོ་སོར་འབྲེལ་བ་བྱོས་དང་གསལ་ངེས་རེད། དེ་ནས་དགོས་གལ་བྱུང་ན་གང་འདོད་གནང་དང་ནམ་ཡང་ཕྱིར་བཤོལ་བྱས་སོང་ན་མི་བུ་མིན། དེ་མིན་བདེན་གཏམ་རྣ་བར་གཟན་མཁན་སུ་ལ་ཡང་བཟོད་གསོལ་དང་མཐོལ་བཤགས་མི་འདོད་ལ། ངས་མི་ཚེ་འདིའི་ནང་དུ་སོ་སོའི་གང་བཤད་དང་གང་བྲིས་དེ་དག་སྤོབས་པ་དང་ལྡན་པའི་སྒོ་ནས་འགན་འཁུར་ཐུབ་པར་རློམ་ཡོད།
འཇམ་གཅེས་ནི་ཁོང་ཁྲོ་ལངས་འདུག
འཇམ་གཅེས་ཀྱི་བཀའ་མོལ་ཚད་ལྡན་གནང་འདུག མ་རིག་པའི་བུ་ནི་སྨོན་པ་ལོག་པ་རང་རེད།
ལ་དགས་པས་མི་དགོས་ས་ལ་མཆོག་ཞིག་སྦྱར་ནས།
མཐའ་སྡོམ།
བསྟོད་པ་ལས་ཀྱང་སྨད་ར་ཡིས། མཐོ་རུ་གྱུར་འདི་དོན་གྱིས་མཐོ།
དྲ་འབུ་ངོ་མ་སུ་ཡིན་ནམ།།
དྲ་འབུ་ངོ་མ་ཁྱོད་ཚོ་རེད།།
བྲན་གཤིས་རྨོངས་དད་རྗེས་ལུས་ཀྱི།།
ནད་རོ་སྤེལ་བའི་དྲ་འབུ་རེད།
འདྲ་མཉམ་ལྟ་བ་ཁྱོད་ལ་མེད།།
རང་བཀུར་བསམ་བློ་ཁྱོད་ལ་མེད།།
མི་དྲགས་བླ་དྲགས་ཆེན་པོ་ཚོའི།།
སྐྱག་པ་ཡིན་ཡང་གསེར་དུ་ལྟ།།
བེད་སྤྱོད་ཡོད་པའི་ཚིག་གཅིག་མེད།།
རྒྱུ་མཚན་ཡོད་པའི་དོན་གཅིག་མེད།།
ཚིག་གི་རྙིགས་རོ་འདོར་བ་ཡི།།
དྲ་འབུ་ངོ་མ་ཁྱོད་རང་རེད།།
ཕ་མས་གནང་བའི་མགོ་བོ་འདི།།
མི་ཆེན་རྣམས་ཀྱི་རྐུབ་སྟེགས་རེད།།
ལྷན་སྐྱེས་རང་དབང་ཐོབ་ཐང་དེ།།
བླ་དྲགས་རྣམས་ཀྱི་འཕོངས་འཕྱིད་རེད།།
ཆེན་པོ་རྣམས་ཀྱི་སྐྱག་པའི་ཁྲོད།།
ངོ་བསྟོད་ཚིག་གི་ཟིར་སྒྲ་ཅན།།
དམོད་ངན་ཚིག་གི་ནད་རོ་སྤེལ།།
དྲ་འབུ་ངོ་མ་ཁྱོད་ཚོ་རེད།།
རྨོངས་དད་བཤང་གཅིའི་འདམ་རྫབ་ལས།།
ནམ་ཡང་ཐར་པ་མི་མངའ་བ།།
བླ་བྲང་ཞིག་གི་ཆབ་ཁང་དེ།།
ཁྱོད་ཀྱི་བསྟི་གནས་མཆོག་ཏུ་འོས།།
རྒྱུ་མཚན་རྒྱ་མར་བཀྱགས་ནས་ཡོད།།
གནས་ལུགས་ཚད་མས་གཞལ་ནས་ཡོད།།
གོ་ན་རྣ་བའི་བདུད་རྩི་ཡིན།།
མ་གོ་སྙིང་གི་འཛེར་བུ་ཡིན།།
གནས་ལུགས་བཤད་ས་མི་འགྲོ་བའི།།
གོག་མོའི་རྡོ་ཡི་མགོ་བོ་ཅན།།
ལྕགས་ཀྱི་དབྱུག་པས་འདེད་རྒྱུ་ལས།།
གནས་ལུགས་གཏམ་གྱིས་ཡོང་རབས་མེད།།
སྨྱུག་རྩེའི་རལ་གྲི་རྣོ་ན་ཡང་།།
དགྲ་ཡི་ཕྱོགས་སུ་མི་གཡུག་པར།།
ཕུ་ནུ་སྤུན་ཟླའི་ནང་རོལ་ལ།།
ཤུགས་ཀྱིས་གཡུག་པར་ངོ་རེ་ཚ།།
མཁས་པའི་སྨྱུག་ཁ་འཁྱོག་གྱུར་བས།།
དེབ་མིང་བྲིས་ཀྱང་ཕན་ཐབས་ཅི།།
ཡི་གེ་སྣ་གཅིག་མི་ཤེས་ཀྱང་།།
དྲང་ཕྱོགས་ལངས་པའི་མྱི་དག་ཡག།
སྐྱེས་ས་ངན་པ་ཁམས་ཀྱི་ཡུལ་དུ་སྐྱེས།།
འཚར་ས་བཟང་པོ་དབུས་གཙང་ཡུལ་དུ་འཚར།།
སྲུང་མ་ཡ་མཚན་ཅན་ཞིག་བསྟེན་པ་ཡི།།
བླ་དྲགས་ཤིག་གི་བྲན་དུ་ཁྱོད་ཉིད་གྱུར།།
མི་རིགས་ལ་རྒྱ་སེམས་ཀྱི་གཏིང་ན་མེད།།
རང་ཡུལ་ཞེན་པ་སྙིང་གི་དབུས་ན་མེད།།
སྲིད་སྟེགས་ནག་པོ་བློ་ཡིས་མ་ཐོངས་བ།།
རྩ་བའི་བླ་མའི་བཀའ་བཞིན་བསྒྲུབས་སོ་སྐད།།
སྔོན་བྱོན་དམ་པའི་སྐྱེས་བུ་བརྒྱ་སྟོང་གི།།
ཞལ་གདམས་སྙིང་པོ་དབེན་པ་བསྟེན་པ་ཡིན།།
དུས་ཕྱིས་བླ་མའི་ཞལ་ཆེམས་ཡ་མཚན་ཅན།།
སྲིད་སྟེགས་ནག་པོ་རྐུབ་ལ་སྦྱར་རྒྱུ་ཡིན།།
བླ་མ་སློབ་མ་ཞེས་པའི་མིང་སྦྱར་ཡང་།།
བླ་སློབ་དབུ་འོག་དཔུང་འདེགས་ཆབ་སྲིད་པ།
ཀེམ་ཇོང་མི་རབས་གསུམ་གྱི་ལས་སྟངས་དང་།།
དབྱེ་བ་འབྱེད་པའི་ཁྱད་པར་ངས་མ་མཐོང་།
བཙན་བྱོལ་བོད་མིའི་གཞུང་ཞབས་ཀུན།།
རིལ་རིལ་གཅིག་ཏུ་བཟོས་ན་ཡང་།།
སྐར་ཆེན་ལྟར་བུའི་ཟམ་གདོང་གི།
འོད་ཐིག་གཅིག་ལ་དོ་ཡ་དཀའ།།
གོང་ས་རྒྱལ་བ་མཆོག་གི་ཁ་གཏད་ལ།།
བདེ་པའི་ཨ་ཚུགས་ཟེར་ནིའི་སྲིད་ཇུས་འཁྲབ།།
ཆོལ་གསུམ་རྒན་གཞོན་སྐྱ་སེར་ཕོ་མོ་ཡི།།
ཚེ་སྲོག་དགྲ་ལ་ཕུལ་རྩིས་བྱས་ཉེས་སྤེལ།།
དེ་ནས་ལམ་འགྲོ་མ་རྒྱུག་ཡིད་ཙམ་ནས།།
རྒྱལ་བ་འདྲ་བའི་སྲིད་པ་རྟོག་ལྡན་ཞིག།
མེད་རབ་མང་པོ་བཤད་པའི་དབུ་སྐོར་འོག།
རྒྱལ་བའི་རྒྱལ་སྲིད་འཕྲོག་པའི་བྱས་ཉེས་སྤེལ།།
ཁྲི་ཁ་མཐོན་པོར་ཁ་དབང་ཆེ་དུས་སུ།།
དར་རྒྱས་ར་ལོག་བཅད་པས་བློན་ལ་གཙེ།།
དགྲ་ཁ་ནང་ལ་གཏད་ནས་ནང་སྐྱོན་བཙལ།།
ཕྱི་དགྲ་ཨ་ཞིང་བཀུར་བའི་བྱས་ཉེས་སྤེལ།།
ལོ་རྒན་བཅུ་ལ་ཁ་རྐུབ་གང་ཡོད་བཙུམས།།
མུ་བཙུམ་བུ་ལ་ཁ་རྡུང་དྲག་པོ་བྱས།།
འདི་བྱས་འདི་རེད་མེད་པའི་གྱོང་ཁ་དེ།
བོད་མི་ཡོངས་ལ་སྤྲད་བའི་བྱས་ཉེས་སྤེལ།
བླ་མ་སྤྲུལ་སྐུའི་གོ་ས་གང་ཡོད་ནས།།
རྒྱལ་རབས་མེད་པའི་རྒྱལ་རབས་ཤེས་མདོག་བསྟན།
བོད་མི་མི་གཅེ་བླ་མ་གཅེ་རབ་བཤད།
བཤད་བཤད་སྙིང་བོ་མེད་པའི་བྱས་ཉེས་སྤེལ།
སྟོབས་འབྱོར་མི་དགོས་ཟེར་བའི་བྱས་ཉེས་སྤེལ།།
བོད་མའི་མདུན་ལམ་བཀག་པའི་བྱས་ཉེས་སྤེལ།།
དགྲ་ལ་རྒོལ་ལན་བཀག་པའི་བྱས་ཉེས་སྤེལ།།
བྱས་ཉེས་སྤེལ་བ་ད་དུང་དེས་མི་ཚད་པའི་བླ་མ་ཟམ་གདོང་རིན་པོ་ཆེ་ལ་དགོངས་དག་ཐུགས་བདེན་སེམས་གཏིང་ནས་ཞུ་འོ།
མི་ཆེན་བླ་མའི་མདུན་དུ་སུག་བཞི་བཙུགས།
ཉམ་ཆུང་མི་སེར་སྟེང་དུ་དཔའ་སྐད་བསྒྲགས།
སུག་བཞི་ས་ལ་བཙུགས་པའི་མི་ལུས་ཅན།
དེང་གི་དྲ་འབུ་འདི་ཚོའི་གཤིས་ཀ་རེད།།
བླ་མའི་བཀའ་རྒྱ་རེད་ཅེས་ཚད་མར་འཛིན།
བླ་སློབ་དམ་ཚིག་རེད་ཅེས་ཆབ་སྲིད་འཁྲབ།
བཀའ་བཀོད་རྒྱུད་འཛིན་ཅན་གྱི་རང་གཤིས་ཅན།
དེང་གི་དྲ་འབུ་འདི་ཚོའི་མི་ཚེ་རེད།།
མི་ཆེན་བླ་ཆེན་རྣམས་ལ་ངོ་བསྟོད་བྱས།
མི་དམངས་དམངས་གཙོའི་ཐོག་ཏུ་ཚིག་ངན་སྨྲ།
དམངས་ལ་བརྩི་བཀུར་མེད་པའི་རང་གཤིས་ཅན།
དེང་གི་འདྲ་འབུ་འདི་ཚོའི་ཀུན་སྤྱོད་རེད།།
མི་རྗེ་ལྐོག་ཟ་དཔོན་པོའི་སྐྱག་ཁུ་དང་།
ལྷ་རྗེ་བླ་མ་ཆེན་པོའི་བཀོར་ཁུ་གཉིས།
ཟས་སུ་རེ་ནས་མི་ཚེ་བསྐྱེལ་སྟངས་འདི།
དེང་གི་དྲ་འབུ་འདི་ཚོའི་འཚོ་བ་རེད།།
ཟམ་གདོང་བླ་མའི་བློ་སྟོབས་ཀྱིས།
རྙིང་མའི་ལུགས་ཀྱི་ཁ་གནོན་ཏུ།
འཇམ་དབྱངས་འདྲེ་རུ་གྱུར་པ་བཟློག
འདྲེ་ཁ་ཏང་གིས་གསོ་བ་བཟློག
ཟམ་གདོང་བླ་མའི་ཞལ་ཤུགས་ཀྱིས།
སྟོབས་ཆེན་རྒྱ་ཡི་ཁ་གནོན་ཏུ།
གཞོན་ནུ་བྱི་ལ་སྟག་གྱུར་བཟློག།
ཚོགས་དངུལ་རྒྱ་ཡིས་འབུལ་བ་བཟློག
ཟམ་གདོང་བླ་མའོ་སྐུ་སྟོབས་ཀྱིས།
ལོ་བཅུར་ཁྲི་སྟོང་མ་གྱུར་པར།
འོས་མི་མེད་པའི་སེམས་ཁྲལ་བཟློག
མང་གཙོས་མང་ཁ་མ་ཆོད་བཟློག
བཟློགས་པས་དོལ་ཟས་མ་ཟོས་བསྟོད།
བཟློགས་པས་ཆོལ་ཁ་མ་འཐོར་བསྟོད།
བཟློགས་པས་བྱིས་པ་མ་བོར་བསྟོད།
བཟློགས་པས་སུས་འཇོན་བདག་མེད་བསྟོད།
ཀླད་མེད་སྤོབས་པར་བརྫུས་པ་དང་།
སྐྱག་ཁང་གནམ་ཏུ་བརྫུས་པ་དང་།
ཁྱི་ཕྲུག་ཅོ་རིར་རྫུས་པ་རྣམས།
རྒྱ་བྱ་ཁུག་རྟས་ཞལ་ཏུ་གསོལ།
སཱ་མ་རྒྱ:
ཐོན་མིས་ལེགས་བྱས་བྱིན་མཐུ་འདི།
འཇོན་མེད་འབུ་ལ་ཞུགས་པའི་ཚུལ།
མཐོང་བས་འབུ་ཐིག་བཏུང་འདོད་བྱུང་།
ཆོ་མེད་འབུ་རྣམས་སྐལ་བ་བཟང་།