ཐེ་བོ་སངས་རྒྱས་ཀྱིས།
༄།རྩོམ་པ་པོ་ན་བུན་མཆོག་ལ།
ཁམས་བཟང་། ཁྱེད་ཀྱིས་ང་ངོ་ཤེས་ཀྱི་མ་རེད་དེ་ངས་ཁྱོད་ལ་གྲོས་ཤིག་འདེབས་རྒྱུ་འདུག ཉེ་ཆར་སྐུ་ཉིད་ཀྱི་སྒྱུར་རྩོམ་ཨོ་སི་ཁཱར་ཝེལ་ཌེའི་བྱིས་སྒྲུང་ཚན་པ་གཉིས་དང་རྩོམ་པ་པོ་ངོ་སྤྲོད་ལྷན་སྦྱར་ཞིག་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལས་བཀླགས་པའི་སྐལ་བཟང་ཐོབ། སྐབས་དེར་ཁྱོད་ཀྱི་སྒྱུར་རྩོམ་དེའི་གཤམ་དུ་མཆན་ཞིག་འདེབས་ཐབས་བྱས་ཀྱང་ལས་སླ་བོས་གདབ་མི་ཐུབ་པ་བཟོས་འདུག
ཡིན་པ་ནི་ཉེ་དུས་ངས་སྐུ་ཞབས་ཁོང་གི་བརྩམས་ཆོས་ the happy prince,ཞེས་པ་དེ་བོད་བསྒྱུར་བྱས་ཡོད་ཀྱང་། ད་དུང་སྤྱི་ཚོགས་ཐོག་བཀྲམ་མེད། ངའི་སེམས་ལ་ཁྱོད་ཀྱིས་མུ་མཐུད་ནས་ཁོོང་གི་བརྩམས་ཆོས་གཞན་པ་དག་སྒྱུར་གྱིན་ཡོད་དམ་སྙམ་ནས་བརྡ་ལན་འདི་འབྲི་དགོས་བྱུང་།
སྤྱིར་ལོ་བརྒྱ་ཕྲག་སྔོན་གྱི་རྩོམ་ཡིག་རྙིང་བ་རྣམས་སྐད་ཡིག་གང་རུང་ཞིག་ཏུ་སུས་བསྒྱུར་ཀྱང་རང་དབང་ཡིན་པ་སྨོས་མེད་ཐོག གྲགས་རྩོམ་རེ་ལ་འགྱུར་མ་འདྲ་མང་པོ་ཐོན་པ་རྒྱུན་ལྡན་ཡིན་མོད། ངའི་ལྟ་སྟངས་ལ་འགྱུར་བཟང་ངན་ལ་མ་བལྟོས་པར་མི་ཞིག་གིས་བསྒྱུར་ཟིན་པ་ཞིག་བསྐྱར་དུ་སྒྱུར་བའི་འདོད་པ་མེད། མ་ཟད་སྐབས་རེར་འགྱུར་རྩོམ་རེའི་ཐད་རྙོག་གླེང་ཆུང་ངུའང་ཡོང་གི་ཡོད་པ་བཅས་ལ་བརྟེན་ནས་ཁྱོད་ལ་ལན་འདི་བཞག་པ་ཡིན།
ཐུགས་རྗེ་ཆེ།
༢༠༡༥/ ༣/ ༢༤ ལ་ཕུལ།
དེང་སྐབས་བརྡ་འཕྲིན་འཕེལ་རྒྱས་བྱུང་ཡོད་པས། གནད་དོན་འདིའི་རིགས་ཐད་ཀར་མི་སྒེར་ལ་འབྲེལ་གཏུགས་ཀྱིས་གྲོས་མོལ་བྱས་ན་མི་ལེགས་སམ། གལ་སྲིད་རྩོམ་དེབ་གཅིག་མི་གཉིས་ཀྱིས་བསྒྱུར་གྱི་ཡོད་ན། མཉམ་རུབ་བསྒྱུར་རྩོམ་དུའང་ཡོང་ཆོག་གི་བསམ། སྒོས་སུ་བསྒྱུར་རྩོམ་རིགས་མི་གཅིག་ལས་མི་མང་པོས་མཉམ་རུབ་བྱེད་ཐུབ་ན་སྤུས་ཀ་དང་དཔེ་བསྐྲུན་སོགས་གང་ཐད་ནས་བཟང་ཆ་འབུར་དུ་ཐོན་གྱི་རེད་སྙམ། བསམ་ཚུལ་ཙམ་ཡིན། དགོངས་པ་ཁྱོན་ནས་ཚོམས་མི་རུང་།
སྐུ་ཞབས་ཐེ་བོ་སངས་རྒྱས་མཆོག་གི་སྐུ་དྲུང་དུ།
ཞུ་སྙིང་།
གུས་བས་ཉེ་སྔོན་ཞིག་ལ་ཨ་རེ་ཤཱི་ (Irish) མི་རིགས་ཀྱི་རྩོམ་མཁན་གྲགས་ཅན་ཨོ་སི་ཁིར་ཝེལ་ཊི་ (Oscar Wilde) མཆོག་གིས་མཛད་པའི་བྱིས་སྒྲུང་(The Nightingale and the Rose ) (རྒྱ་སེ་མེ་ཏོག་དང་ཀ་ལ་པིང་ཀ) (The Selfish Giant) (སྒེར་སེམས་ཅན་གྱི་མི་བོ་ཆེ) གཉིས་དང་། ཁོང་གི་སྙན་རྩོམ་འགའ་ཞིག་བཅས་བཀླགས་ཐོ་རུ་རང་སྐད་དུ་བསྒྱུར་བ་ཡིན་མོད། ད་དུང་མཇུག་མཐའི་དག་སྒྲིག་བྱེད་ཁོམ་མ་བྱུང་བས། འགྱུར་རྩོམ་འདི་གཉིས་ཁྲོད་དུ་ཆད་ནོར་ལོག་འགྱུར་ཐེབས་ཡོད་པ་བསྙོན་དུ་མེད་ན། ངས་འདི་ནས་ཀློག་མཁན་ཡོངས་ལ་དགོང་དག་ཞུ་རྒྱུ་ཡིན།
མ་ཟད་ཁོང་གི་བྱིས་སྒྲུང་ (The Happy Prince) (དགའ་ཞིང་སྐྱིད་པའི་རྒྱལ་སྲས་) ཞེས་པ་འདི་བཀླགས་པ་ཙམ་ནས་བསྒྱུར་རྒྱུ་མ་བྱུང་བས། གལ་ཏེ་སྐུ་ཉིད་ཀྱིས་བསྒྱུར་གྲུབ་ཡོད་ཚེ། ཁྱེད་རང་གི་ཚུར་ལེན་རིང་ལུགས་ཀྱི་ཀུན་སློང་བཟང་བོར་ངས་སྙིང་ཐག་ནས་ཡི་རང་ཞུ་ཞུ།
གུས་པས་རྩོམ་མཁན་ཁོང་ནི་ནུབ་གླིང་རྩོམ་རིག་ལོ་རྒྱུས་ཁྲོད་དུ་མཛད་རྗེས་བླ་མེད་བདོག་མཁན་ཞིག་ཡིན་པ་ཙམ་ལས། ཁོང་གིས་མཛད་པའི་སྙན་རྩོམ་དང་འབོལ་རྩོམ། བྱིས་སྒྲུང་དང་འཁྲབ་གཞུང་སོགས་མདོར་ན་ཁོང་གི་བརྩམས་ཆོས་ཧྲིལ་བོ་བཀླགས་པའི་བསྐལ་བ་དབེན་པར་གྱུར། སྤྱིར་སྐུ་ཉིད་ཀྱིས་ཀྱང་རྩོམ་མཁན་ཁོང་གི་རྩོམ་རིག་ལོ་རྒྱུས་བཀླགས་ཡོད་ཤས་ཆེ་བས། འདིར་ཉོག་གཏམ་མི་གླེང་བར་བྱ།
ཡང་སྙིང་ངས་ ( The Happy Prince) (དགའ་ཞིང་སྐྱིད་པའི་རྒྱལ་སྲས་) ཞེས་པའི་བྱིས་སྒྲུང་འདི་རང་སྐད་དུ་བསྒྱུར་མེད་པས། སྐུ་ཉིད་ཀྱིས་བསྒྱུར་བའི་རེ་སྐུལ་སྙིང་ནས་ཞུ་ཞུ།
ཨོ་ད་དུང་ཞུ་རྒྱུ་ཞིག་ལ། རྗེས་སུ་ངོ་དེབ་བརྒྱུད་ནས་སྐུ་ཉིད་ལ་བགྲོ་གླེང་མང་ཙམ་ཞུ་འདོད་པ་བཅས་གུས་པ་ན་བུན་ནས་ཕུལ།
ངའི་ངོ་དེབ་ཁ་བྱང་ལ། (Nawin) ན་བུན་ཡིན་པས།
བདེ་མོ།
ཁྱེད་གཉིས་ཀྱི་འཕྲིན་དང་འཕྲིན་ལན་འདི་ཅི་ཞིག་གི་ཆེད་དུ་རེད། མདོར་ན་ངེད་ཀྱིས་ཅིག་ཤེས་ཀྱིི་ཡོད་ཟེར་བ་དེ་རེད་པས།