བྲག་རྡོ།
༄༅།། འདི་ལོར་བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་འདི་ནས་ན་གཞོན་གསར་པའི་བཀའ་ཁྲི་དེང་རབས་ཤེས་ཡོན་པ་ཞིག་སྲིད་སྟེགས་སུ་འོས་འདེམས་བྱུང་འཕྲལ་ ༸གོང་ས་མཆོག་གིས་བོད་གཞུང་དགེ་ལྡན་ཕོ་བྲང་གི་ལོ་ངོ་སུམ་བརྒྱ་ལྷག་གི་ཆབ་སྲིད་ཀྱིོ་ཐུགས་འགན་མཚམས་འཇོག་གནང་པ་ནས་བཟུང་རང་ལུས་མེ་རུ་སྒྲོན་པའི་ཚེ་སྲོག་གིས་བདེན་པ་བརྡར་བའི་རྒྱལ་གཅེས་དཔའ་བོ་མང་ནས་མང་དུ་འགྲོ་བཞིན་པ་འདི་ཁ་སང་དེ་རིང་གི་བྱུང་བ་དངོས་ཡིན་སྟབས་འདིའི་ཕྱོགས་དང་ཟུར་མང་པོ་ཞིག་གི་ཐོག་བསམ་གཞིག་ཡང་དང་བསྐྱར་དུ་བྱེད་དགོས་ངེས་ལ་སོང ་། གོ་ལ་ཧྲིལ་བོའི་སྟེང་གི་སྲིད་དོན་པ་ཡིན་མིན་ལ་མ་ལྟོས་པར་འུ་ཅག་བོད་པ་ཚང་ལ་བཟང་ངན་གང་ལྟར་འབྲེལ་ཡོད་ཞིག་ཡིན་ཕྱིན་དོ་སྣང་མི་བྱེད་རིང་བྱེད་ཆགས་ཡོད་། ༸གོང་ས་མཆོག་གིས་ཉི་ཧོང་དུ་གསར་འགོད་པར་བཀའ་ལན་དང་། བཀའ་སྤྱི་མཉམ་འབྲེལ་གྱིས་ལྡི་ལིའི་ལས་འགུལ། བཀའ་ཁྲི་བློ་སེང་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་དུ་ཉན་ཞིབ། སྤྱི་འཐུས་ཚོགས་གཙོ་སྤེན་ཚེས་ཡོ་རོབ་ཏུ་ཞུ་འབོད་བསྐོར་བསྐྱོད། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་སྲིད་འཛིན་ཧུའུ་ཅན་ཐོའོ་ལ་ཕུལ་བའི་ཞུ་ཡིོག རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པའི་བསྒྲགས་གཏམ། རྒྱ་ནག་གིས་བལ་ཡུལ་དུ་སྤྲད་པའི་བཀའ་རྒྱ། རྔ་པ་དང་དཀར་མཛེས་ལྷ་ས་སོགས་ཀྱི་ས་གནས་རླུང་བརྙན་འཕྲིན་གྱི་གསར་འགྱུར་སྤེལ་སྟངས། རྒྱལ་ཕྱི་ནང་གི་རྒྱ་ནག་ཤེས་ཡོན་པ་ཚོས་ས་རྟགས་བསྡུ་རུབ་སོགས་ཀྱིས་དཔེ་མཚོན་ཐུབ་པ་ཡིན། ད་དུང་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་དཔོན་རིགས་མང་པོ་ཞིག་གི་གཏམ་བཤད་སོགས་ཡོད། རང་ལུས་མཆོད་མེར་སྒྲོན་པའི་རླབས་ཆེན་ལས་འགུལ་འདི་ཐོག་མར་གྲྭ་པའི་སྡེ་ནས་སྐྱ་བོ་དང་བཙུན་མ། བོད་ནང་ནས་ཕྱི་དང་ཕྱི་ནས་འཛམ་གླིང་ཅན་དུ་མཆོང་བསྐྱོད་བྱེད་རྒྱུ་ཡིན་པ་ཧ་ཅང་མངོན་གསལ་ཡིན་པའི་སྐབས་མཚམས་འདིར། འུ་ཅག་གི་སྤྱི་ཚོགས་ནང་བཤད་དགོས་པ་ཞིག་ལྷག་བསྡད་པ་དང་མི་དགོས་པ་ཞིག་གླེང་གིན་ཡོད་པའི་བསམ་ཚུལ་ཡ་མ་བརླ་ཞིག་དེ་རིང་ཁ་སང་རྒྱུན་དུ་ནས་ང་ལ་ཡོང་གི་འདུག ད་ལྟའི་ཚེ་སྲོག་གི་མཆོད་མེའི་ལས་འགུལ་འདིའི་འབྱུང་རྐྱེན་དང་འབྱུང་འགྱུར་གྱི་གནས་བབ་གང་ཞིག་ཏུ་འགྱུར་མིན་སོགས་ནི་ད་ལྟའི་ཆར་ཁ་ཚ་དགོས་གཏུགས་ཀྱིས་ང་ཚོ་ཚང་མས་བསམ་གཞིག་དང་གྲ་སྒྲིག་ཡོད་པ་ཞིག་བྱེད་དགོས་པ་གལ་འགངས་རང་བཞིན་ཅན་ཞིག་ཏུ་འདོད། མ་གཞི་ནས་འུ་ཅག་གི་སྤྱི་ཚོགས་འདི་ལས་རྒྱུ་མི་འདོད་ལ་བཤད་རྒྱུར་དགའ་བའི་མི་རིགས་ཤིག་ཡིན་སྟབས་འོས་བབ་མི་ཆེ་བའི་གླེང་གཞི་འགའ་ཞིག་གླེང་གིན་འདུག དཔེར་ན། རང་ལུས་མཆོད་མེར་སྒྲོན་པ་འདི་འཚེ་བ་ཡིན་མིན། འདི་ཆོས་དང་མཐུན་མིན། ༸གོང་ས་མཆོག་གི་དགོངས་གཞི་ཡིན་མིན། རྒྱུད་བསྐུལ་བྱས་ཡོད་མེད། སྒེར་གྱི་ཁེ་གྲགས་དང་ཀུན་སློང་ཡང་དག་མིན་སོགས་རེད། དེས་ན་བདེན་པ་ཡོད་མེད་ཀྱི་གླེང་གཞི་ཞིག་ཀྱང་འབྱུང་མི་སྲིད་པ་མིན་པའི་སེམས་ཚོར་ཞིག་ཀྱང་ཞོར་ཏུ་བྱུང་། འོ་ན་ང་ཚོས་གང་ཞིག་གླེང་དགོས་པའི་གལ་ཆེའི་རང་བཞིན་ངོས་མ་ཟིན་པ་འདི་རེད། ངས་བསམ་ན། ཆབ་སྲིད་རིགས་པའི་ཐོག་ནས་བལྟས་ན། ལས་འགུལ་འདི་ལྟ་བུ་ཇི་ལྟར་སྤེལ་སྟངས་ཀྱི་རིགས་པའི་རྣམ་གཞག་ཞིག་ངེས་པར་མཁོ་པ་ཡིན། ང་ཚོ་བོད་ལ་ད་ལྟའི་ཆར་ལྷག་ཏུ་མཁོ། འབྱུང་འགྱུར་ལ་བལྟས་ན་ལས་འགུལ་འདིའི་ངོ་བོ་དྲག་པོ་དང་སྡེབ་ཚོགས། མི་རིགས་ཕན་ཚུན་བར་ཀྱི་འཁོན་རྩོད་དང་འགལ་ཟླ་ཅན་དུ་འགྱུར་མི་སྲིད་པ་མིན་ལ། རང་ལུས་གཅིག་བུ་མེ་རུ་སྒྲོན་པའི་ལས་འགུལ་གྱི་རྒྱ་ལས་འདས་ཏེ་སྡེ་ཚོགས་དང་འདུས་ཚོགས་ཅན་ཏུ་ཡང་འགྱུར་མི་སྲིད་པ་རྩ་བ་ནས་མིན། དེས་ན་ང་ཚོས་བསམ་བློ་བ་དང་རྩོམ་པ་པོ་རུ་ཁས་འཆེ་བའི་ཁ་ཕོ་ཅན་མང་པོ་ཞིག་ལྐོག་ལྐོག་སུད་སུད་དུ་གང་ཞིག་ཏུ་ཡིབ་ནས་ཡོད་ཚུལ་ལ་ཡང་བསམ་བློ་མི་གཏོང་རིང་གཏོང་རེད། བཀྲ་རྒྱལ་ལགས་ཀྱི་གནམ་ས་གོ་འབྱེད་དང་ཐེའུ་རང་གི་ཁྲག་ཡིག ཉིས་སྟོང་བརྒྱད་ལོའི་ཤར་དུང་རི་སོགས་ནི་ཁོང་ཚོས་མིག་ལྟོས་བྱེད་ཡུལ་རེད་ཟེར་འདོད་བྱུང་། ནུབ་བྱང་ཚང་གང་དུ་ཉལ་ནས་ཡོད། མི་རབས་གསུམ་པ་དང་བཞི་པ་སོགས་གང་ཞིག་ཏུ་ཡིབ་ནས་ཡོད། ན་གཞོན་གསར་པ་གང་ཞིག་ཏུ་བྲོས་སོང་། ད་དུང་དགྲ་ཁ་ནང་ཏུ་བསྐོར་བའི་སྨྱུག་ཐོག་པ་ཁ་ཤོམ་ཅན་སྐྲ་རིང་རྐྱལ་སྟོང་མང་པོ་མང་པོ་ཞིག་ཡོད་པ་ཚོ་གང་དུ་ཡོད། དེ་ལས་ཀྱང་བོད་ཕྱི་ན་ཡོད་པའི་སྨྱུག་ཐོགས་པ་ཚོ་གང་ཞིག་ནས་རྒྱུགས་འདུར་བྱེད་ཀི་ཡོད། བཙན་བྱོལ་ནང་གི་སྣེ་ཁྲིད་པ་དང་ཆབ་སྲིད་པ་ཚོས་ཤེས་དགོས་པ་ཞིག་ལ། རང་ལུས་མཆོད་མེར་སྤར་བའི་ལས་འགུལ་འདི་མཚམས་འཇོག་དགོས་པའི་སྐད་ཆ་ཡ་མ་བརླ་ཞིག་སྒྲོག་གིན་པ་ངོ་མ་དགོད་ཤོར་སྤྱད་ཅིག་མ་རེད་དམ། འདི་ནི་སྲོག་ཉེན་ཡོད་པའི་ནད་པར་སྨན་ཟར་མ་བཅུག་པར་ཤིར་འཇུག་རྒྱུ་དང་གཅིག་པ་རེད། དེའི་ན་ང་ཚོར་བོད་མིའི་སྡུག་བསྔལ་སེལ་བའི་ནུས་པ་ཡོད་ན་མ་གཏོགས་དེ་ལ་ཐེ་གཏོགས་བྱེད་པའི་ཐོབ་ཐངས་རྩ་བ་ནས་ཡོད་པ་ཞིག་མིན། དེ་འདྲ་ཡིན་སྟབས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་ཀའི་ངོས་ནས་འདིའི་སྐོར་ལ་དགོངས་ཚུལ་འདོན་ཐུབ་མེད་པ་ཡིན། ཤོག་དང་ང་ཚོས་འདི་ལྟར་བལྟ་ནས་འདུག་ཚོད་ཅིག་མ་རེད། མ་མཐའ་ཡིན་པའི་རྒྱལ་གཅེས་དཔའ་བོ་འདི་ཚོས་བློས་གཏོང་ལ་ཁ་གཡང་ཙམ་སྒྲོག་དགོས་པར་འདོད། ཁ་སང་ཨ་རིའི་བོད་སྐད་བརྙན་འཕྲིན་ཀུན་གླེང་ནང་བཀའ་ཁྲི་མཆོག་གིས་ང་ཚོས་ཁ་དམག་རྒྱག་རྒྱུ་ཡིན་ཟེར་བ་འདིས་ཀྱང་རྩོམ་པ་པོ་ཚོར་བརྡ་ཞིག་སྤྲོད་ཀྱིན་པ་ཚོར་ཡོང་། རྩོམ་པ་པོ་དང་བསམ་བློ་བ་ནི་མི་མང་གི་མགྲིན་ཚབ་པ་དང་སྣེ་ཁྲིད་པ་ཡིན་ཟེར་བ་མ་ཡིན་ནམ། ཕྱོགས་གཞན་ཞིག་ནས་བཤད་ན། འུ་ཚོའི་གཞི་རིམ་མང་ཚོགས་ནི་འུ་ཚོའི་རྩོམ་པ་པོ་དང་བསམ་བློ་བའི་སྣེ་ཁྲིད་པ་ཞིག་ཏུ་ཆགས་ཀྱི་འདུག ང་ཚོ་འདི་ལྟར་མུ་མཐུད་འགྲོ་རྒྱུ་ཡིན་ནམ། ཀློག་པ་པོ་ཚོར་དགོངས་ཚུལ་ཞིག་སླེབས་རྒྱུ་ཡིན་པ་ནི་ཨོ་ན་ཁྱོད་སུ་ཡིན་ཟེར་རྒྱུ་ཡིན་ཤག་རེད་མོད། ང་རྩོམ་པ་པོ་དང་བསམ་བློ་པ་ཞིག་མིན་ཀྱང་བོད་མི་རིགས་འདིའི་ཆེད་དུ་བློས་གཏོང་ཇི་ལྟར་བྱེད་དགོས་ཀྱང་གྲ་སྒྲིག་ཨང་གསར་ཡིན་ཟེར་འདོད་བྱུང་།
རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་གྱི་ཚིག་ཅིག་དྲན་སོང་། “དགྲ་བོ་སྐྲག་ས་དངོས་གནས་པ་དེ་ནི་སྨྱུ་གུའི་མཚོན་ཆ་ཡིན།”
ཀརྡོས།
རང་གཞན་སྲོག་དང་རྒྱུ་ནོར་ལ། །
མ་གནོད་ཞི་རྒོལ་མཐར་ཕྱིན་ཅིག །
ད་ལྟའི་རྒྱ་གཞུང་སྲིད་བྱུས་ལ། །
ཚ་ཚ་འུར་འུས་བྱེད་དགོས་འདུག །
ང་ནི། ད་ལྟའི་དུས་སུ་འདི་ལས་བརྒལ་ནས་སྨྱུ་གུའི་མཚོན་ཆའི་རྣོ་ངར་སྟོན་ཐུབ་པ་མི་འདུག
ཐོག་མར་ཉིད་སྙུག་མིང་འོག་ཏུ་ཡིབ་པ་དེས་ཀྱང་འུ་ཚང་གི་རྩོམ་པ་པོ་ཚོའི་མི་གཞིའི་ཟུར་ཞིག་བསྟན་པ་རེད། ཉིད་ཀྱིས་དགོངས་ཚུལ་ལ་རྗེས་སུ་ཡི་རངས་ཞུ།
གཞན་ཁྱེད་ཀྱི་ཡིག་ནོར་འདི་ཚོ་ལ་དམིགས་བསལ་མེད།
༼ དོ་སྣང་མི་བྱེད་རིང་བྱེད་ཆགས་ཡོད༽ རིང་མ་རང་བྱེད་རེད།
༼ཨ་རིའི་གྲོས་ཚོགས་དུ་ཉན་ཞིབ།༽ ཚོགས་སུ་ཟེར་དགོས།
༼སྤྱི་འཐུས་ཚོགས་གཙོ་སྤེན་ཚེས་༽ བསྡུས་ཚིག་འདི་ལྟ་བུས་བོད་ཀྱི་ཡི་གེའི་ཚེ་སྲོག་ལ་ཟུར་ནས་གནོད་ཀྱིན་ཡོད། རྒྱུ་མཚན་དགོས་ན་རྗེས་སུ་བྲི་ཆོག
༼བསམ་བློ་མི་གཏོང་རིང་གཏོང་རེད།༽ རིང་མ་རེད་རང་གཏོང་རེད་ཅེས་ཟེར་དགོས།
༼སྨྱུག་ཐོག་པ་ཁ་ཤོམ་ཅན་༽སྨྱུག་ཐོག་མ་རེད་སྨྱུག་ཐོགས་ཟེར་དགོས།ངའི་རང་ལུངས་ལ་སྙུག་ཐོགས་ཟེར་གྱིན་ཡོད།
༼རྒྱུགས་འདུར་བྱེད་ཀི་ཡོད། ༽ འདི་ཁ་སྐད་ཡིན། བྱེད་ཀྱིན་ཡོད་ལབ་ན་བདེ། ད་དུང་རྒྱ་ནག་གིས་ཀི་སྒྲས་བཙན་འཛུལ་ཡང་དྲན་གི
༼མ་མཐའ་ཡིན་པའི་༽རྒྱལ་གཅེས་དཔའ་བོ་འདི་ཚོས༽ཚིག་འདིའི་དོན་ག་མ་སོང་། ཕལ་ཆེར་ཡིག་ནོར་དང་གཏགས་ནོར་གང་རུང་ཡོད་པ་འདྲ།
གཟབ་ནན་གྱིས་བལྟས་མེད། རགས་རིམ་ཞིག་བཀླགས་པའི་ཡིག་ནོར་རིགས་བཅོས།
ཁྲོ་མི་ཉན་ལགས།
རང་གིས་ནོར་འཆུག་ངོས་ཟིན་པ།
༼ངའི་རང་ལུངས་ལ་སྙུག་ཐོགས་ཟེར་གྱིན་ཡོད།༽ རང་ལུགས་ཟེར་དགོས།
༼རིང་མ་རང་བྱེད་རེད།༽རིང་མ་རེད་རང་བྱེད་རེད་ཅེས་ཟེར་དགོས།
༼ཚིག་འདིའི་དོན་ག་མ་སོང་། ༽གོ་མ་སོང་ཞེས་ཟེར་དགོས།
འདི་ངའི་ཁ་ལག་བར་ནས་ཤོར་བའི་ཡིག་ནོར་དང་གཏགས་ནོར་རང་གིས་ངོས་ཟིན་པ་དག་རེད། ངས་མ་ཤེས་པ་དང་མ་མཐོང་བའི་རིགས་ཁྱེད་ཅག་གིས་བཅོ་རོགས་ཞུ།
༼རྒྱུགས་འདུར་བྱེད་ཀི་ཡོད། ༽ འདི་ཁ་སྐད་ཡིན། བྱེད་ཀྱིན་ཡོད་ལབ་ན་བདེ། ་་་་། ལ་དཔྱད་པ།
ཉམས་ཞིབ།
་་་བྱེད་ཀི་ཡོད། དང་། བྱེད་ཀྱིན་ཡོད། གཉིས་ཀ་ཁ་སྐད་ལ་ཡོད་པ་གཅིག་མཚུངས་རེད།
ད་དུང་། བྱེད་ཀྱི་ཡོད། འདི་ད་ལྟ་བ་ཙམ་དང་། བྱེད་ཀྱིན་ཡོད། འདི་བྱེད་བཞིན་པའི་ད་ལྟ་བ་ཡིན། འདི་ཨིན་སྐད་ལས་རང་སྐད་ནང་ལ་ཁ་ཁག་སོ་སོར་ཡོད་པ་ཚུར་གོ་ཐུབ།
གསར་གཏོད།
བྱེད་ཀྱི་ཡོད། འདི། བྱེད་བགྱིད་ཡོད། དང་། ཀིན་གིན་གྱིན་འིན་ཡིན་ལྔ་ཡི་ཚབ་ཏུ་བགྱིན་ཞེས་གཅིག་ཉིད་སྦྱར་ནས། བྱེད་བགྱིན་ཡོད། ཅེས་བྲིས་ན་ཤེས་སླ་སྟབས་བདེར་གྱུར།
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་སྙིང་། ཉིད་ཀྱིས་ཐུགས་སྣང་མཛད་པ་བཀའ་དྲིན་ཆེ།
འོན་ཀྱང་། ཉིད་ཀྱིས་དེ་ལྟར་བྲིས་ན་འོས་ཤིང་འཚམ་མོད། ད་ལྟ་བོད་སྤྱི་ཡོངས་ལ་བྱེད་ཀྱིན་ཡོད་དང་བྱེད་ཀྱི་ཡོད་ཅེས་པ་ལས་ཉིད་ཀྱིས་བྲིས་པ་ལྟར་བྱེད་བགྱིད་ཡོད་ལབ་ན་དོན་དག་གཅིག་པ་རེད། ཡིན་ནའང་མི་མང་གི་མིག་ལམ་དུ་སོང་མ་སོང་དང་། བེད་སྤྱོད་མང་བོ་བཏང་མ་བཏང་གི་ཁྱད་པར་ཆེ། གང་ལྟར་ངས་ངོས་ནས་འདི་ཚོ་འདམ་ང་ཅན་ཞིག་ཏུ་བརྩིས་ཏེ་རྩོད་གླེང་བྱེད་འདོད་མེད་པ་སྔོན་ནས་བསྒྲགས་ཟིན་ནོ།།
ཀརྡོ་རབ་འབྱམས་པའི་སྙན་ལམ་དུ་གསལ་བཤད་འདི་ཕུལ་མཁན་ནི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་རབ་འབྱམས་པའི་མིང་འཛིན་པ་ཨ་རིག་དགེ་མཐོང་ངོ་།། ཧེ་ཧེ།
ཧེ།
ཨ་༽ཡིག་མ་སྐྱེས་ངོ་བོའི་མདངས། །
རིག་༽པ་ཀུནད་ཏུ་འཆར་ངེས་འདི། །
དགེ་༽སེམས་ཁྱད་ཅན་ཟིནད་འགྱུར་ན། །
མཐོང་༽དང་མ་མཐོང་ཐེ་ཚོམ་མེད། །
ཀ་རམས་མིང་གི་ཁུར་བོ་ཅན།། རང་གཞན་སྲོག་དང་རྒྱུ་ནོར་ལ།། གནོད་མེད་ཡང་དག་ཞི་རྒོལ་གྱི།། ལས་འགུལ་ལམ་སྟོན་གནང་གནང་རེན་རེད །། སྐུ་ཉིད་སྨྱུ་གུའི་མཚོན་ཆ་ལ།། དགྲ་བོ་གསོད་པའི་གདངས་མེད་ན།། བདེན་པའི་སྲོག་རྩ་མ་ཟིན་པའི།། ཚིག་གི་རྣོ་ངར་མེད་ཚོད་རེད།། གོང་དུ་སྐུ་ཞབས་ཀླུ་སྨྱོན་ཀྱིས་དྲངས་པའི་ལུང་ཚིག་དེ་ལ་སླར་ཡང་ཐུགས་བསམ་ཞིག་བཞེས་རོགས་ཟེར་རྒྱུ་ལས་མེད།
ཨ་རིག་དགེ་མཐོང་གིས་དག་བཅོས་ལམ་སྟོན་གནང་བར་བཀའ་དྲིན་ཞུ། སླད་ཆར་མཉམ་འཇོག་བྱེད་ངེས་ཡིན། སྤེན་ཚེ་ཞེས་པའི་བསྡུས་ཚིག་འདི་འདྲས་བོད་སྐད་ཡིག་གི་ཚེ་སྲོག་ལ་ཇི་ལྟར་གནོད་ཚུལ་ཤེས་འདོད་འདུག
བྲག་རྡོ་ཟེར་ནས་སྨྱུག་མིང་འོག་ཡིབ་པར་དགའ་བསུ་རྩ་བ་ནས་མེད། ཡིན་ནའང་ད་ལན་བསམ་ཚུལ་གོ་རྒྱུ་ཡོད་པ་ཞིག་སྤེལ་འདུག་པས་དགའ་བསུ་ཞུ། དངོས་འབྲེལ་སྨྱུ་གུ་བེད་སྤྱོད་གཏོང་གི་ཡོད་པ་དང་། ལྷག་པར་རྩོམ་པ་པོར་ཁས་འཆེ་བ་ཚོར་གོང་བཀོད་བསམ་ཚུལ་དུ་བརྗོད་འདུག་པ་བཞིན། དེ་སྔོན་ཉིན་འགའི་གོང་དུ་གུས་པས་གནད་དོན་འདི་དག་གི་ཐོག་ལ་རྩོམ་བསྡུའི་གསལ་བརྡ་ཞིག་བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན། ཤམ་བྷ་ལ་དྲ་བ། འོད་དཀར་དྲ་ཚིགས་སོགས་སུ་ཛ་དྲག་གིས་སྤེལ་ཡོད། དེ་རིང་འདི་ནས་སླར་ཡང་དྲ་གྲོགས་ཚོར་གཟིགས་བདེའི་ཆེད་འདྲེན་བཀོད་ཞུས་ཡོད། ད་ལན་བྲག་རྡོས་བཤད་པ་ལྟར་བོད་སྤྱི་དང་། ལྷག་ཏུ་གཞིས་ལུས་མི་མང་གི་ངོ་ལ་གཟིགས་ནས་རྩོམ་ལུས་དཔྱད་ཅན་གང་མང་ངེས་གནང་ཡོད་པ་ཞུ།
གལ་ཆེའི་རྩོམ་བསྡུའི་གསལ་བསྒྲགས།
འདོན་སྤེལ། ༢༠༡༡/༡༡/༠༢
༄༅། །རྒྱལ་ཞེན་ལྷག་བསམ་དང་སྙིང་སྟོབས་གྱིས་ཕྱུག་པའི་རྩོམ་པ་པོ་རྣམས་ཀྱི་སྙན་དབང་དམ་པར།
གུས་འདུད་གྲངས་མེད་དང་བཅས་ཞུ་གསོལ། བོད་དུ་རྒྱ་ནག་དམར་པོའི་གཞུང་གིས་ཕྱི་ལོ་ ༡༩༤༩ ལོར་བཙན་འཛུལ་བྱས་པ་ནས་ད་བར་བོད་ཡུལ་ཟ་སེམས་དང་། བོད་མི་རྩ་མེད་དུ་གཏོང་རྒྱུའི་ངན་བྱུས་ཁོ་ནའི་འོག་བོད་མི་ཚོར་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གྲངས་མེད་ཅིག་བཏང་ཞིང་། དུས་ཡུན་དེའི་ནང་རྒྱུན་ཆད་མེད་པར་བོད་ཀྱི་དཔའ་བོ་དང་དཔའ་མོ་ཚོས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཤིང་། ཕྱི་ལོ་ ༡༩༤༩ ནས་ ༢༠༡༡ ལོའི་བར་རྒྱལ་གཅེས་དཔའ་རྒོད་ཁོང་རྣམས་ཀྱིས་བོད་དོན་ཐད་རེ་བའི་དམིགས་ཡུལ་གང་འདྲ་ཞིག་གླེང་བཞིན་རེ་རེ་བཞིན་ཕྱི་མའི་ཡུལ་དུ་གཤེགས་སོང་བ་རེད། དཔའ་རྒོད་ཕོ་མོ་དེ་དག་གིས་བོད་དང་བོད་མིའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་དོན་དངོས་ཀྱི་བྱུང་རབས་འདིའི་ངོས་ནས་ང་ཚོས་མ་འོངས་བོད་ཀྱི་ཆེད་དུ་གང་འདྲ་ཞིག་བྱེད་དགོས་ཀྱི་ཡོད་པ་འདི་གསོན་པོར་གནས་པ་རྣམས་ཀྱི་ངེས་པར་དགོངས་པ་ཟབ་བཞེས་གནང་དགོས་པ་ཞིག་དང་། འགན་ངེས་པར་ཁུར་དགོས་པ་ཞིག་ཀྱང་རེད། གནད་དོན་འདི་དག་གི་ཐད་བོད་མི་ཚང་མས་རང་རང་སོ་སོར་དྲི་བ་གཏོང་དགོས་པ་ཞིག་རེད། དེར་བརྟེན་འདི་ནས་བོད་མིའི་གལ་ཆེའི་བསམ་ཚུལ་བརྗོད་ཐུབ་པ་དང་། བོད་མི་ཚོའི་འགན་ཁུར་གྱི་འདུ་ཤེས་ལ་ཁ་ཕྱོགས་སྟོན་ཐུབ་པའི་ཆེད་༼ བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༽ཅེས་པའི་བརྗོད་གཞིའི་ཐོག་རྩོམ་བསྡུའི་གསལ་བསྒྲགས་ཞུ་བཞིན་ཡོད་ན། རྩོམ་པ་པོ་རྣམས་ཀྱིས་བོད་མིའི་ཚེ་སྲོག་གི་རིན་ཐང་ལ་ངོས་འཛིན་གང་ཡོད་པའི་དོན་དངོས་དེ་རྨང་གཞི་བྱས་པའི་ཐོག་ནས་མ་འོངས་རྩ་དོན་སྒྲུབ་ཕྱོགས་ཐད་རྩོམ་ཡིག་ཚེགས་བར་སུམ་སྟོང་ལྔ་བརྒྱ་ལས་མ་བརྒལ་བ་གང་མང་ངེས་པར་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༢ ཚེས་ ༡༥ ཚུན་གཤམ་འཁོད་ཁ་བྱང་དང་མྱུར་འཕྲིན་གང་རུང་ཐོག་བསྐུར་གནང་ཡོད་པ་ཞུ་རྒྱུ་དང་། དེ་རྗེས་འབྱོར་བའི་རྩོམ་ཡིག་རྣམས་ལ་ངོས་ལེན་ཞུ་རྒྱུ་མིན། འདི་ནས་དབང་ཚད་ལྡན་པའི་ཐོག་ནས་རྩོམ་སྒྲིག་བྱས་ཏེ་དཔེ་དེབ་རིན་མེད་འགྲེམས་སྤེལ་གྱི་སྒོ་ནས་བོད་གཞིས་བྱེས་གཉིས་ལ་ཁྱབ་སྤེལ་ཐུབ་ཐབས་ཞུ་རྒྱུ་ཡིན། རྩོམ་ཡིག་དང་ལྷན་དུ་སོ་སོའི་ངོ་སྤྲོད་མདོར་བསྡུས་དང་། འདྲ་པར། ཁ་པར་ཨང་གྲངས། མྱུར་འཕྲིན་ཁ་བྱང་བཅས་རྩོམ་སྒྲིག་པའི་འབྲེལ་བ་གནང་བདེའི་ཆེད་བསྐུར་གནང་ཡོད་པ་ཞུ། མ་རྩོམ་སོ་སོས་ཉར་དགོས་པ་ཡིད་འཇགས་ཞུ། གུས་འདུད་བཅས་བཀྲ་ཤིས་བདེ་ལེགས་དང་འཇིགས་བྲལ་བསྟན་འཛིན་གཉིས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣༡ དགེ་བར་ཕུལ།
རྩོམ་ཡིག་བསྐུར་ཡུལ།
Tashi Delek
C/O, Zamlha Farm House
TDL New Camp No, 2
Bylakuppe- 571104
District Mysore, (K.S.)
INDIA
E-mail: Jigdalten@yahoo.com , jigten1949@gmail.com tashi4delek@gmail.com
Mobile; +91-9741565987 , +91-9901884759 ,
རེད། ཡིན་ནའང་། དེང་སང་གི་རྩོམ་པ་པོ་ཚོར་སྒོར་མོ་མ་བསྟན་ན་རྩོམ་ཡིག་རེག་གི་མ་རེད། ཁྱེད་རང་གིས་དངོས་གནས་རྩོམ་ཡིག་མང་པོ་ཞིག་རེག་སྙམ་ན་སྒོར་མོ་ཁ་ཤས་ཀྱི་སྣེ་མོ་སྟོན་དགོས་པ་རེད། ཡང་ན་མི་རེ་རེའི་སྔུན་ལ་སོང་ནས་སློང་རྒྱག་དགོས་པ་རེད། དེ་ལས་གཞན་གྱི་ཐབས་ཤེས་ཡོད་པ་མ་རེད།
དཔེར་ན། སྒྲོ་ལོ་300ཅན་གྱི་ཀླུ་སྨྱོན་རྩོམ་རིག་འགྲན་བསྡུར་ལ་ཟླ་གཅིག་རིང་རྩོམ་ཡིག་ལྔ་བཅུ་འབྱོར་བ་རེད། དེ་སྔོན་གྱི་ལབ་ཙེ་ཚང་གི་སྙིང་གི་ཚུ་ལི་ཟེར་བར་ཡང་དེ་ལྟར་འབྱོར་བ་རེད། ཁྱོད་ལ་ག་ཚོད་འབྱོར་སོང་། ཕལ་ཆེར་གཅིག་གཉིས་ཤིག་ལས་འབྱོར་ཡོད་རྒྱུ་མ་རེད། ངས་ཀྱང་སྐུ་ལུས་སྒྲོན་མེར་འབུལ་མཁན་ཚོར་རྗེས་དྲན་གྱི་རྩོམ་བརྡ་ཞིག་བཏང་མོད། ད་དུང་བཙན་བྱོལ་ནས་རྩོམ་ཡིག་གཉིས་གསུམ་ཞིག་ལས་མ་འབྱོར་ཐལ། ཁྱེད་ཀྱང་དེ་འདྲ་ཡིན་རྒྱུ་རེད། གོང་དུ་བྲག་རྡོས་བཤད་པ་ལྟར་འུ་ཚང་གི་རྩོམ་པ་ཚོ་རྩ་དོན་ལ་བསྐོར་ན་སྨྱུག་ཁ་རྡུམ་རྡུམ་ཆགས་འགྲོ་གི་རེད། དེའི་ཕྱིར། གྲོགས་པོ་ཁྱོད་ཀྱི་བོད་ཀྱི་རྩ་དོན་སྐོར་ལ་རྩོམ་ཡིག་མ་བསྡུ་རོགས་ཀྱིས། རེག་གི་མ་རེད། རྩོམ་བརྡ་མང་པོ་མ་གཏོང་དེ་ལས་རྩོམ་བརྡ་དེ་དག་གི་འགྲོ་གྲོན་རྩོམ་རིན་ལ་སྟེར་གི་ཡིན་ཞེས་སྒེར་གྱི་ཟིན་བྲིས་ནང་གསལ་བརྡ་ཆུང་ཆུང་ཞིག་ཐོངས་དང་རུབ་བརྒྱབས་ནས་ཡོང་གི་རེད། མ་གཞི་མི་སུའང་སྒོར་མོ་ལོས་དགོས་མོད་སྒོར་མོ་དང་རྩ་དོན། སྒོར་མོ་དང་མི་གཞི། སྒོར་མོ་དང་སྒྱུ་རྩལ་སོགས་བརྗེ་བསྒྱུར་གྱིས་ཡོད་ཚད་སྒོར་ཤུགས་ཀྱིས་འཁྱེར་འགྲོ་བ་འདི་ཤེས་ཡོན་པའི་གཤིས་ཀ་ཞིག་མ་རེད་མོད། འུ་ཚང་གི་གནས་བབ་འདི་རེད། འུ་ཚང་གི་རྩོམ་པ་པོ་ཟེར་བའང་འདི་རེད། འུ་ཚང་གི་ཤེས་ཡོན་པ་ཟེར་བའང་འདི་རེད།
ད་ལྟ་རང་གྲོགས་འཇིགས་བྲལ་གྱི་འདིའི་ནང་ལ་མཆན་ཞིག་བཞག་ཡོད་པ་ད་མེད་པ་ཆགས་འདུག དེ་བསུབ་ན་ངའི་གོང་གི་ངའི་མཆན་འདི་ཡང་བསུབ་ཞོག ངའི་མཆན་དེ་ནི་གོང་གི་འཇིགས་བྲལ་གྱི་མཆན་དེའི་ལན་ཡིན།
ཀརྡོས་བྲག་རྡོ་ལགས་ལ་སྤྱན་འབུལ།
མ་གྱུར་འགྲོ་བའི་དོན་དུ། །
མ་ཎི་འདོན་མཁན་རྩམ་གཟན། །
མ་འདུག་ལྷོད་ལྷོད་མ་འདུག །
མ་དྲང་རྒྱ་གཞུང་སྲོངས་དགོས། །
བྱང་ཆུབ་སེམས་ཀྱིས་བོད་དར་ལ། །
བྱང་ཆུབ་སེམས་ཀྱིས་རྒྱ་ཡང་དར། །
བྱང་ཆུབ་སེམས་ཀྱིས་བོད་རྒྱ་དར། །
བྱང་ཆུབ་སེམས་ཀྱིས་ཐམས་ཅད་དར། །
བྱང་ཆུབ་སེམས་ཀྱིས་བོད་བདེ་ལ། །
བྱང་ཆུབ་སེམས་ཀྱིས་རྒྱ་ཡང་བདེ། །
བྱང་ཆུབ་སེམས་ཀྱིས་བོད་རྒྱ་བདེ། །
བྱབ་ཆུབ་སེམས་ཀྱིས་གཉིས་ཀ་བདེ། །
བྱང་ཆུབ་སེམས་ཀྱིས་བོད་རང་བཙན། །
བྱང་ཆུབ་སེམས་ཀྱིས་རྒྱ་གུ་ཡངས། །
བྱང་ཆུབ་སེམས་ཀྱིས་བོད་རྒྱ་གྲོལ། །
བྱང་ཆུབ་སེམས་ཀྱིས་ཞི་བདེར་འགྱུར། །
བྱང་ཆུབ་སེམས་ཀྱིས་རང་དར་ལ། །
བྱང་ཆུབ་སེམས་ཀྱིས་གཉེན་ཡང་དར། །
བྱང་ཆུབ་སེམས་ཀྱིས་དགྲ་འདུལ་ལ། །
བྱང་ཆུབ་སེམས་ཀྱིས་ཐམས་ཅད་བདེ། །
བྱང་ཆུབ་སེམས་མཆོག་སྐྱེས་པའི་བོད་རིགས་དེ། །
སྐད་ཅིག་དེ་ཉིད་རང་ལ་རང་དབང་དང་། །
རྒྱལ་སྤྱི་ཀུན་གྱིས་བོད་མིར་བསྔགས་འགྱུར་ལ། །
དགྲ་དང་མི་དགའ་ཀུན་ལས་རྒྱལ་བར་འགྱུར། །
ཡར་ཐོན་ཅན་གྱི་འགྲོ་བ་མི་ནི། །
འགྲོ་བ་མི་ལ་སྨྲ་ཤེས་ཡོད། །
འགྲོ་བ་མི་ལ་ཕན་སེམས་ཡོད། །
འགྲོ་བ་མི་ལ་གནོད་སེམས་ཡོད། །
འགྲོ་བ་མི་ལ་མཁོ་ཅི་་ཡོད། །
མཁོ་བའི་སྨྲ་ཤེས་དགོས་ཤིང་། །
མཁོ་བའི་བྱམས་སེམས་དགོས་ལ། །
མི་མཁོའི་གནོད་སེམས་མི་དགོས། །
མི་མཁོའི་གདུག་རྩུབ་མི་དགོས། །
འགྲོ་བ་ཡར་འགྲོ་དགོས་ཤིང་། །
འགྲོ་བ་མར་འགྲོ་འོས་མིན། །
མི་མཁོའི་གནོད་སེམས་མི་དགོས། །
མཁོ་བའི་བྱམས་བརྩེ་དགོས་འདུག །
ཡར་ཐོན་མི་ཁྱུས་ཁེངས་འགྱུར་ཅིག །
བྱང་ཆུབ་སེམས་མཆོག་དང་བོད་མི།
བྱང་ཆུབ་སེམས་མཆོག་ཐོས་པས་བོད་སྒྲིབ་དག །
བྱང་ཆུབ་སེམས་མཆོག་འདོན་པས་བོད་མི་དར། །
བྱང་ཆུབ་སེམས་མཆོག་བསམ་པས་བོད་དགྲ་ཉུང་། །
བྱང་ཆུབ་སེམས་མཆོག་བསྒོམས་པས་བོད་དོན་འགྲུབ། །
བྱང་ཆུབ་སེམས་ཀྱིས།
བྱང་ཆུབ་སེམས་ཀྱིས་རང་ཉིད་བདེ་བར་འགྱུར། །
བྱང་ཆུབ་སེམས་ཀྱིས་བོད་དོན་རྒྱ་ཆེར་འགྱུར། །
བྱང་ཆུབ་སེམས་ཀྱིས་ཕྱི་ནང་དགྲ་ཉུང་འགྱུར། །
བྱང་ཆུབ་སེམས་ཀྱིས་རྒྱལ་སྤྱི་ཞི་བདེར་འགྱུར། །
བྱང་ཆུབ་སེམས་ཀྱིས་ཀུན་རྒྱུད་བརླན་འགྱུར་ཅིག །
༤༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༡ གི་ཆུ་ཚོད་ ༤ སྐར་མ་ ༣༨
རང་གཞན་སྲོག་དང་རྒྱུ་ནོར་ལ། །
མ་གནོད་ཞི་རྒོལ་མཐར་ཕྱིན་ཅིག །
ད་ལྟའི་རྒྱ་གཞུང་སྲིད་བྱུས་ལ། །
ཚ་ཚ་འུར་འུས་བྱེད་དགོས་འདུག །
༢༣༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༡ གི་ཆུ་ཚོད་ ༤ སྐར་མ་ ༠༡
རྒྱ་གཞུང་དྲག་གནོན་ཚད་མེད་ཚོར་མེད་མཐའ་མཇུག་མེད། །
བོད་མིའི་འུ་ཐུག་ཐབས་ཟད་རང་ལུས་རང་སྲོག་ཤོར། །
བོད་མིའི་རྒྱབ་སྐྱོར་འཛམ་གླིང་ཤར་ནུབ་མི་རིགས་དང་། །
མཉམ་དུ་ཚེ་ནོར་གནོད་མེད་ཞི་རྒོལ་མཐར་ཕྱིན་དགོས། །
༢༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༡ གི་ཆུ་ཚོད་ ༣ སྐར་མ་ ༣༦
བོད་ཀྱི་རྒྱལ་དར།
རྒྱལ་དར་དངོས་གནས་ཡོད་པ་ལ། །
གློག་བརྙན་ཁྲབ་ནང་བསུབ་པ་འདིས། །
རྒྱ་གཞུང་རྫུན་དབང་ཆེ་སྟོན་ལས། །
རྒྱལ་དར་ནག་བསུབ་ག་ལ་འགྲོ། །
ལོ་རྒྱུས་བདེན་པའི་རྒྱལ་དར་འདི། །
༸གོང་ས་མཆོག་དང་མ་འོ་གཉིས། །
མཇལ་ཕྲད་སྐབས་སུ་མ་འོ་ཡིས། །
རྒྱལ་དར་ཡོད་ན་བཙུགས་འོས་བཤད། །
ད་ལྟའི་རྒྱ་གཞུང་ཁ་བྲལ་བ། །
མ་འོའི་གསུང་ལའང་མི་བརྩི་ཞིང་། །
ཡར་ཐོན་དམངས་གཙོའི་རྗེས་མ་ཟིན། །
འ་ཆད་འུ་ཐུགས་ཅི་བཤད་འདི་བཤད་རེད། །
ཀརྨ་རྡོ་རྗེ།
༢༠༡༡/༡༡/༡༡ ཉིན་འདོན་སྤེལ་བྱས།
རང་གཞན་སྲོག་ལ་གནོད་པ་ལྟ་ཅི་སྨྲོས། །
རང་གཞན་རྒྱུ་ལའང་མི་གནོད་དམ་བཅས་ནས། །
རྣམ་དཔྱོད་ལྡན་པའི་ཞི་རྒོལ་མཐར་ཕྱིན་དགོས། །
གསུངས་མཁན་༸ཀརྨ་པ་དེ་ཡུན་བརྟན་ཤོག །
༨༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༡ གི་ཆུ་ཚོད་ ༢ སྐར་མ་ ༥༧
དཔའ་བོའི་ཀ་ཕྲེང་།
ཀ་འགོ་འཛུགས་མཁན་དཔའ་བོ་དངོས་གྲུབ་དང་། །
ཁ་བ་ཅན་ནས་ཕུན་ཚོགས་རྗེས་འབྲངས་ནས། །
ག་ས་ག་ནས་ལུས་སྲོག་མེར་བསྒྲོན་པའི། །
ང་ཅག་གངས་ཅན་པ་ཡི་ལས་འདིས་སྐྱོ། །
ཅ་ཅོའི་རྫུན་གྱིས་བསླུས་པའི་རྒྱ་གཞུང་འདི། །
ཆ་འཇོག་འཕེར་བའི་གཞུང་ཅིག་ད་དུས་འཛུགས། །
ཇ་དར་བོད་ལ་བརྫངས་ནས་བོད་རྒྱ་འབྲེལ། །
ཉ་ཉོག་དམར་དམག་མཇུག་སྒྲིལ་ག་དུས་འོང་། །
ཏྰ་ལའི་བླ་མའི་རྗེས་འབྲངས་བོད་རིགས་ཚོ། །
ཐ་ཏ་ག་ཏའི་དབུས་ལམ་གཞིར་བཟུང་ནས། །
ད་ནས་བཟུང་ནས་ལུས་སྲོག་སྨྲོས་ཅི་དགོས། །
ན་ཟུག་གཞན་ནོར་གནོད་ལས་མེད་ལའང་བརྩོན། །
པ་ཕ་བོད་རིགས་མིན་དང་ཡང་ན་མ། །
ཕ་མ་གཉིས་ཀ་བོད་མི་ཡིན་པའི་མིས། །
བ་ལྟར་མི་ཉལ་རྟ་ལྟར་ཕྱི་ཉལ་གྱིས། །
མ་ལྟར་བོད་སའི་རང་དབང་རྩོད་ལ་རེམས། །
ཙ་ཅིག་རྒྱ་བོད་མི་མཐུན་མ་བསམས་པར། །
ཚ་ཚ་འུར་འུས་བོད་རྒྱར་ཕན་པའི་ལས། །
ཛ་ལངས་ལངས་ཤོར་རྒྱ་གཞུང་ཁྲལ་མེད་འདིའི། །
ཝ་མོ་གཡོ་ཁྲམ་རྔ་མ་གཅོད་རན་འདུག །
ཞྭ་ལྟར་བཞུགས་པའི་༸བསྟན་འཛིན་རྒྱ་མཚོ་ཡི། །
ཟ་སྟངས་སྡོད་སྟངས་ནས་བཟུང་རྒྱལ་ཁབ་ཀྱི། །
འ་ཆད་འུ་ཐུགས་གནས་ནས་གྲོལ་བའི་གསུང་། །
ཡ་མེད་རང་གར་མ་འཇོག་སློབ་སྦྱོང་གྱིས། །
ར་མ་ལུག་གི་ཆ་ལུགས་གནས་དགོས་ཀྱང་། །
ལ་ལུང་བརྒྱབས་པའི་དོན་གོ་ཆོད་པ་ལ། །
ཤ་ཁྲག་གཅིག་པའི་བརྐོས་ཐང་མ་བརྗེད་པར། །
ས་མཐའ་བསྐོར་ནས་ཕ་སར་འཛོམས་རན་འདུག །
ཧ་ཧ་ཟེར་བའི་དགའ་སྤྲོའི་གཏམ་འདིར་མེད། །
ཨ་ཁ་ཟེར་ནས་འགྱོད་གཏམ་དེ་བས་མེད། །
ཧ་ཅང་བྲེལ་ནང་བྲིས་པས་དག་ནོར་དག །
ཨ་རོགས་དྲ་གྲོགས་རྣམས་ཀྱིས་བཅོས་པར་འཚལ། །
རྒྱ་ནག་དམར་གཞུང་གིས།
བྱུས་གཏོགས་བྱས་ནས་རྒྱ་རིགས་ཚང་མའི་མདུན་ལམ་བརླགས། །
བྱུས་གཏོགས་བྱས་ནས་བོད་སོག་ཡུ་གུར་བདེ་སྐྱིད་གཏོར། །
བྱུས་གཏོགས་བྱས་ནས་ག་ཐ་ཕི་ཁོ་རྐྱེན་ལམ་བཏང་། །
བྱུས་གཏོགས་བྱས་ནས་སོག་རྒྱལ་ཡུལ་མིས་ཁ་བརྡུང་རག །
ཀརྨ་རྡོ་རྗེ།
༢༠༡༡/༡༡/༡༡ ཉིན་འདོན་སྤེལ་བྱས། ༸གོང་ས་མཆོག །
རྒྱ་གཞུང་གིས།
རྒྱ་གར་མོན་དང་ཧོར་སོག་ཡུལ་ལ་བཀག་ཐབས་བྲལ། །
ད་ནི་བལ་ཡུལ་ཧོང་ཀོང་བཅས་ལ་གདན་འདྲེན་དགོས། །
བོད་རིགས་ཚོས།
དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་རྗེས། །
བོད་ས་ཡོངས་ལ་ཕེབས་ཕྱིར་བརྩོན་པ་མ་ལྷོད་ཅིག །
༢༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༢ གི་ཆུ་ཚོད་ ༩ སྐར་མ་ ༥༧
བོད་མིའི་ལས་འགུལ་འདི།
ས་ཆ་ལམ་མདོར་ཕྱིན།
ལག་ན་འཕྱེད་དར་བསྣམས།
ཞལ་ནས་འབོད་ཚིག་བསྒྲགས།
ཞི་རྒོལ་མཐར་ཕྱིན་མཛད།
མཐའ་མ་བདེན་པ་རྒྱལ།
བྲག་རྡོ་ལགས།
མདོར་དྲིལ་ན། གཞིས་ལུས་བོད་རིགས་བརྒྱ་ ༥༡ དང་། བྱེས་འབྱོར་བོད་རིགས་བརྒྱ་ཆ་ ༥༡ ཉིན་གཅིག་དུས་གཅིག་ལ།
ས་ཆ་ལམ་མདོར་ཕྱིན།
ལག་ན་འཕྱེད་དར་སྣོམས།
ཞལ་ནས་འབོད་ཚིག་སྒྲོགས།
ཞི་རྒོལ་མཐར་ཕྱིན་གནོངས་དང་། །
བོད་རིགས་ཀྱི་བདེན་དོན་སྒྲུབ་མི་ཐུབ་མི་སྲིད་པ་རེད་སྙམ་ལགས། དགེ་བར་འགྱུར་ཅིག །
འོནད་ཀྱང་ང་ཀརྡོ་སྨྱོན་པའི་ཁ་ལ་སུས་ཉན། སྔར་ཡང་མ་ཉན། ད་ཡང་མི་ཟློས། མ་འོངས་པ་ལ་ཡང་མི་རེ། ཨ།
རྣམ་པ་ཚོས་སྙུག་མིང་བཀོལ་བ་དང་ཆབ་སྲིད་ཀྱི་རྩོམ་ཡིག་མི་འབྱོར་བར་ཁེངས་ར་གནང་བར་ཐུགས་ཁེགས་མི་འདུག་ཞུ་རྒྱུ་ཡིན་ལ་ཉིད་ཅག་བདེན་པ་རེད་ཅེས་ཀྱང་ཞུ་བཞིན་ཡོད། འོན་ཀྱང་སྙུག་མིང་བཀོལ་མཁན་ལ་སྙུག་མིང་བཀོལ་མཁན་གྱི་གནས་ལུགས་ཡོད་པ་རེད་ལ། ཆབ་སྲིད་རྩོམ་ཡིག་འབྲི་བ་ལ་ཆབ་སྲིད་ཀྱི་བསམ་བློ་དགོས་པ་རེད། མ་ཟད་མི་མངོན་པའི་ཕག་ན་གནོན་ཤུགས་ཀྱང་ཡོད་སྲིད་པ་རེད། རྩོམ་ཡིག་ཅིག་གི་རྐྱེན་ལ་བརྟེན་ཏེ་དུས་དབང་ལ་རིང་ནས་རེ་བའི་ཕ་མ་སྤུན་མཆེད་ཚོ་ལམ་སྐེད་ནས་སྐེ་རྩ་དགག་སོང་ན་དེའི་ཚོར་བ་དེ་རྣམ་པ་ཚོས་རང་སྟེང་ལ་གཅིག་སྦྱོར་དང་དེ་ནས་ཧ་ཞིག་གོ་ཡོང་གི་རེད། དེ་བས་ན་བྲག་རྡོ་ལགས་ལ་ཡང་ཐུགས་ཁེགས་མེད། ཁེངས་ར་ཞུ་རྒྱུ་མིན་ཞེས་བཤད་འདོད།
བོན་རྒྱ་དང་འཇིགས་བྲལ་ལགས། དྲ་བ་སོགས་སུ་བཀོད་པའི་འབྲེལ་ཡོད་རྩོམ་ཡིག་དག་ལ་བདག་པོ་རེ་བརྒྱབ་ནས་དོ་བདག་ལ་འབྲེལ་བ་རེ་གནང་ན་མི་བཟང་ངམ། རྩོམ་ཡིག་དང་རྩོམ་མཆན་ཁག་ཕྱོགས་གཅིག་བསྒྲིགས་ན་ཡང་མི་འོས་པ་མི་འདུག བྲིས་ཟིན་པ་ཚོར་དེ་ལས་དམིགས་བསལ་ཅང་འབྲི་རྒྱུ་མེད་ན་ཐང། ཡང་མ་བྲིས་པ་ཚོར་ཨུ་ཚུགས་བརྒྱབ་ཀྱང་ཅང་ཡོད་མེད་ཅི་ཤེས། ལས་དོན་འདི་ཡང་སྒོར་མོ་དང་འབྲེལ་བ་ཡོད་ན་ཕྱི་གླིང་བོད་མི་ཁ་ཤས་ཤིག་ལ་འབྲེལ་བ་གནང་ནས་རྩོམ་ཡོན་ནམ་འགྲན་རྩོམ་བྱ་དགའི་སྦྱིན་བདག་རེ་རག་ངེས་སྙམ།
རྩོམ་ཡིག་བརྗོད་བྱ་ལ་གཅིག་གྱུར་སྟངས་འཛིན་མ་བྱས་ན་བཟང། ང་ཚོའི་པེན་གྱི་ངོས་ནས་ཀྱང་འདི་འདྲ་ཞིག་བྱེད་དགོས་བསམས་ན་ཡང། རྣམ་པ་ཚོ་སྔོན་ལ་ཤོར་སོང་བས་རྗེས་ཟློས་བྱེད་འོས་མ་མཆིས་བསམ་བྱུང། གལ་ཏེ་ང་ཚོས་མཉམ་འབྲེལ་བྱས་ན་དེབ་སྤུས་དག་གཅིག་འཁྱོངས་ན་ཐང། གཙོ་བོ་རང་རང་གིས་འབྲི་དགོས་སྙམ།
རྒན་ལྷ་མོ་ལགས། འཇིགས་བྲལ་གྱི་རྩོམ་བསྡུ་ནི་སྐབས་འདིའི་རང་ལུས་མེ་བསྲེག་གི་སྐོར་ཙམ་མ་རེད། མི་ལོའི་ལྔ་བཅུའི་ཕྱིར་མིག་ཐེ་ཡོད་རྒྱུ་རེད་སྙམ། ངས་ནི་རྒན་ལགས་ཀྱི་གང་གསུང་ལ་མོས་མཐུན་ཆ་ཚང་ཡོད། མཐུན་ཚོགས་ནས་ཅིག་ལས་བསམས་ན་རིན་ཐང་ཡང་དེ་ལ་ཆེ་གི་རེད་ལ། རྩོམ་སྒྲིག་སོགས་གང་ཐད་ནས་རོགས་རམ་གྱི་ཐ་སྙད་མེད་པར་བཀའ་ཐོངས་དང་གང་ནུས་ཀྱིས་སྒྲུབ་ངེས་ཡིན། འུ་ཚང་ར་འུ་ཚང་རེད། དེ་ལ་སྔོན་དང་རྗེས་ཀྱི་ཐ་སྙད་ཅིག་ཡོད་པ་མ་རེད། ངས་ཀྱང་ཡུན་རིང་ཞིག་ལ་དེ་འདྲ་རེ་བསྒྲུབ་ནི་ཨེ་ཡོད་བསྒུག་བསྡད་ཡིན་མོད། དཔའ་ཁས་ལེན་བྱེད་ནི་འདྲ་མ་མཐོང་ཐལ། དེ་ནས་སྔོན་མཆོང་བྱས་པ་ཙམ་ཡིན། ད་དུང་དྲ་ཁྱི་ཞིག་དང་ལྷན་དུའང་འཐབ་འཁྲུག་ཡུན་རིང་བྱས་པ་ཡིན། ཁྱེད་ཚང་གི་མཆན་དག་དང་ལམ་སྟོན་དག་ལའང་བལྟས་པ་ཡིན་མོད། ཁྱེད་ཚང་གིས་དབུས་སྒྲིག་འཛུགས་དང་བཅས་པར་ཅིག་བྱེད་དགོས་པ་རེད། ཉིག་གནང་དགོས་པ་རེད་ཅེས་བཀའ་གནང་གིན་འདུག་མོད། ངེད་ཚང་གིས་ཅིག་བྱེད་ཀི་ཡིན་ཟེར་བ་འདྲ་མ་མཐོང་ཐལ། དེ་ནས་ངས་ཁས་ལེན་བྱས་པ་ཡིན།
ཡང་གཅིག་བཤད་ན། ངས་ནི་དྲ་ཐོག་གི་ཁྱིམ་ཕྱགས་བསྡུ་འདོད་མེད། སྒོར་དགའ་ཚོར་ཧམ་སེམས་འགུག་འདོད་མེད། བོད་རྩ་དོན་གྱི་ཆེད་དུ་སེམས་གཏམ་རྣལ་མ་རེ་བཤད་ནི་ཡོད་ན་གླེང་སྟེགས་ཤིག་བསྐྲུན་པ་ཙམ་ཡིན། འུ་ཅག་གི་ཆེད་དུ་ཚེ་སྲོག་ལ་མེ་བསྒོས་པ་དེ་ཤེས་ན་འདི་ལ་བརྡ་ཙམ་བསྟན་ན་འོས་པ་ཤིག་རེད་སྙམ། འདི་ལ་སྒོར་མོས་རིན་དང་ཞུ་བ་བྱེད་དགོས་དོན་ཞྀག་མཐོང་གི་མི་འདུག་མོད། དངོས་ཡོད་དེ་འདྲ་ཞིག་རེད་ཅེས་སུ་ཐལ་བ་ཙམ་མོ།
༡རྡ་རམ་ས་ནས་བལ་ཡུལ་བྷོ་དྷ་རུ།།༢ སླེབས་མཚམས་རྒྱལ་གཅེས་དཔའ་བོ་བོད་ཕྲུག་གིས།།
ལུས་སྲོག་མཆོད་མེར་སྒྲོན་པའི་སྐབས་ཐོག་དེར།། སྒེར་དང་གཞུང་གིས་བྱེད་སྤྱོད་སྣ་ཚོགས་ཤིག།
དངོས་སུ་མཐོང་དང་ཐོས་པའི་རྒྱུ་རྐྱེན་གྱིས།། བྲག་རྡོའི་ཀུན་རྟོག་རླུང་གིས་བསྐུལ་བ་ཡིས།།
འདུག་དུ་མ་བཟོད་སུག་ལག་འགུལ་བའི་གཏམ།། བོད་ཀྱི་རིགས་སུ་གྱུར་པའི་རྩོམ་མཁན་དང་།།
བསམ་བློའི་སྨིན་ཚད་ཟབ་པའི་སྨྱུག་ཐོགས་པར།། འཁང་དང་ཁྲོ་ཚོར་འདྲེས་མའི་བསམ་ཚུལ་ཙམ།།
ཁ་བརྡ་ཞིག་གི་ཚུལ་དུ་སྤེལ་བ་ལ།། ཀ་རྡོས་ཡ་ལན་གནང་བའི་གཏམ་ལན་དུ།།
བྲག་རྡོས་སྐབས་འཕྲལ་སྐད་ཆ་འགའ་ཞིག་ཐལ།། གདོང་དམར་བོད་ཀྱི་བསྟན་སྲིད་རླབས་པོ་ཆེ།།
ཧ་ཅང་ཛ་དྲག་གཉེན་འཕྲང་ཆེ་སྒང་འདིར།། བྱང་ཆུབ་སེམས་ལ་ཕན་ཡོན་ལོས་ཡོད་མོད།།
དེ་ཡི་དགེ་མཚན་གླེང་ནས་འདུག་རེན་མིན།། འོན་ཀྱང་འདི་ཡིས་སྐྱབས་ཡོང་སྙམ་པ་མེད།།
འདས་པའི་ལོ་རྒྱུས་མེ་ལོང་དེབ་ཐེར་ནང་།། འདི་འདྲ་བཤད་ནས་ལྷག་པ་གསལ་བོ་ཡིན།།
དེའི་ཕྱིར་ན་གཞོན་གསར་པ་མང་པོ་ཞིག། འདི་ལ་འཐད་པ་ཡེ་ནས་མེད་ཚོད་འདུག།
བཀྲ་རྒྱལ་སེང་རྡོར་ཚ་བ་མདའ་སྨྱུག་སོགས།། ང་ཡིས་བསམ་ན་དཔེ་མཚོན་ཡག་ཤོས་རེད།།
བརྗོད་བྱ་འདི་དང་བསྟུན་ན་གླེང་དགོས་མེད།། འདི་ནི་ནང་པ་ཚང་མས་བསྒྲུབ་བྱ་ཡིན།།
འཇིག་རྟེན་སྲིད་དང་ཆོས་ཀྱི་བྱང་སེམས་ལུགས།། གཅིག་ཏུ་སྤྲེལ་བ་སྐབས་འདིའི་གླེང་གཞི་མིན།།
འོན་ཀྱང་འདི་ལ་བཞེད་ལུགས་མང་བའི་ཕྱིར།། གཞན་ཏུ་བཤད་ན་སྐབས་དང་མཚམས་པར་འདོད།།
སྐབས་དང་འབྲེལ་བ་གདོང་དམར་བོད་ཀྱི་སྲིད།། ཚད་མེད་ཞི་བའི་རྒྱ་ལས་མི་འདའ་བར།།
ཇི་ལྟར་ལེན་དང་བསྐྱངས་དང་འཛིན་པའི་ཚུལ།། ཐོག་མཐའ་བར་གྱི་སྦྱོར་དངོས་མཇུག་གསུམ་ལ།།
འཇུག་ཚུལ་ཆབ་སྲིད་རིག་པའི་གཞུང་ལུགས་ཤིག། ལྷག་བསམ་དག་ཀྱང་དཔའ་བའི་སྙིང་འབར་བའི།།
གཞིས་བྱེས་དཔའ་བོ་རྣམས་ཀྱི་བགོ་སྐལ་དུ།། དགོས་པ་སྐབས་འདིའི་བཤད་བྱ་གཙོ་བོ་ཡིན།།
བགྲང་བྱ་དྲུག་ཅུ་འདས་པའི་དེ་རིང་བར།། ང་འདི་རྨོངས་པ་མིན་ན་འདི་འདྲ་ཞིག།
ཡིད་ངོར་འབབ་པ་ཞིག་ནི་ངས་མ་མཐོང་།། དེའི་ཕྱིར་ཤེས་དཔྱོད་ཟབ་པའི་རང་རིགས་ཀྱི།།
མཁས་དང་རྩོམ་པ་པོ་ཞིག་ཡོད་ཚད་ལ།། གང་ན་སུ་བཞུགས་ཚང་མར་རེ་བསྐུལ་ཙམ།།
ཞུས་པ་གཏམ་འདིའི་ཉིང་དགོས་ཡིན་ན་ཆོག། མདོར་ན་རྒྱ་ཆེན་ཆབ་སྲིད་རིགས་པ་ལས།།
ཡང་དག་ཚད་མེད་ཞི་བའི་ཉམས་ལེན་དང་།། ཕུལ་དུ་བྱུང་བའི་དབུ་མའི་ལམ་བུ་བརྒྱུད།།
རྒྱ་བོད་ཞི་གྲོས་འབྲས་བུ་སྨིན་པ་ཡིས།། བོད་མིའི་མངོན་འདོད་འགྲུབ་པའི་གཞུང་ལུགས་ཤིག།
མངོན་དུ་ཤར་བའི་བསྐལ་བཟང་མྱུར་ཐོབ་ཤོག། ཀ་རྡོ་ཁྱོད་དང་བྲག་རྡོ་ངེད་གཉིས་ཀྱིས།།
ཅི་ལྟར་འབད་ནས་བྲིས་ཀྱང་འདི་འདྲ་ཞིག། ཡོང་བ་མིན་ན་རེ་བསྐུལ་བྱེད་རྒྱུ་ལས།།
ལྷག་པ་མི་འདུག་དྲ་གྲོགས་ཀ་རྡོ་ལགས།། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཀུ་རེ་དང་བཅས།
ཚང་མ་བཀའ་དྲིན་ཆེ། ལས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་ཟེར་རྒྱུ་ལས་མི་འདུག་པ་ཁྱེད་ཅག་གིས་མཁྱེན་གསལ་རེད།
ངས་ནི་བོན་རྒྱའི་རྩོམ་བརྡ་དེ་མཐོང་སྐབས་ལྡི་ལི་ན་ལས་འགུལ་ནང་མཉམ་ཞུགས་བྱས་ནས་ཡོད་པས་རྗེས་ལུས་ཐེབས་ཡོད་རྒྱུ་རེད་བསམ་པ་དེ་གཅིག་དང་། གཉིས་པ། རྩོམ་བརྡ་ལ་གཞིག་ན་ཁོ་བོ་ལྟ་བུའི་རྙོག་གཏམ་ཞིག་བསྐུར་རིན་མི་འདུག་སྙམ་པ་དེ་ཡིན།
འཇིགས་བྲལ་གྱི་རྩོམ་བརྡ་མཐོང་མ་ཐག་གཅིག་བསྐུར་ཡིན། ཁ་ཐུག་བྲིས་ཡིན། འབྱོར་སོང་ཞེས་པའི་བརྡ་ཡང་ཐོན་ཐལ། དངོས་གནས་ཁ་ཐུག་བྲིས་པས་ནོར་འཆུག་མང་བོ་འདུག དེའི་ཕྱིར་ཁ་པར་བརྒྱུད་འཇིགས་བྲལ་ལགས། ངའི་རྩོམ་རྙོག་དེ་ལ་བཟོ་བཅོས་རྒྱག་དགོས་ཀྱིན་འདུག་ལབ་ཡིན། དེའི་ཕྱིར་ལོ་རྒྱུས་ཀྱི་གལ་ཆེའི་དེབ་ཁག་ཅིག་གཡར་ཏེ་ཅིག་བརྩམས་ལབ་ན་མི་བདེ་ཡང་བསྒྲིགས་དགོས་བསམ་མོད། ད་ལྟ་རང་ལ་ཡང་ལས་དོན་མང་བོ་ཞིག་གིས་བཙིར་ནས་ཐོན་པས་དུས་ཚོད་མི་འདུག རྒན་ལྷ་མོ་སྐྱབས་ཀྱི་སྐད་ཆ་ལ་གོ་རྒྱུ་འདུག མ་ཟད་གོ་སྐབས་ཤིག་རེད་བསམ་ཐལ། འོན་ཀྱང་། བོན་རྒྱུའི་སྤོམ་བཤད་ལ་ཡང་གནས་ལུགས་འདུག་པས་ཅི་ཟེར་དགོས་མི་ཤེས་པ་ཞིག་ཏུ་གྱུར་ཐལ
མདོར་ན། འཇིག་རྟེན་ཁ་དཔེ་ལ། ༼འདྲི་ས་གཞན། གཅོད་མདོ་རང་༽་ཟེར་བ་ལས་མ་འདས་སོ།།
བོན་རྒྱ་ལགས་ཀྱིས་བཤད་པ་བདེན་གི མཚམས་རེར་ཚོགས་མི་ཚོས་ངོས་ནས་ཀྱང་རྒྱུན་ལས་ཚོར་དྲན་སྐུལ་དང་རེ་བ། བསམ་འཆར་བཏོན་ན་ཡག་པོ་འདུག ངས་བལྟས་ན་དྲ་བ་སོགས་སུ་བྲིས་དང་འབྲི་བཞིན་པ་ཚོའི་རྩོམ་ཡིག་གི་སྤུས་ཀ་བཟང་པོ་ཅན་ཉུང་ན་ཡང་་་བསམ་པ་རྣམ་དག་དང་ཚོར་སྣང་རྣལ་མ་ལོས་ཡིན་སྙམ།
ཁྱེད་ཀྱིས་མཉམ་ཞུགས་ཀྱིས་འོས་འགན་སྒྲུབ་འདོད་ལ་དགའ་བོ་བྱུང། ཡང་གཅིག་བཤད་ན་ཚོགས་མི་སོ་སོའི་ངོས་ནས་དང་བླང་གིས་རྩོམ་འབྲི་སོགས་ལས་འགན་ཅི་ཞིག་ཁུར་ན་ཡང་དེ་ཚོགས་པའི་ལས་དོན་གྱི་ཆ་ཤས་ཤིག་ལའང་ངོས་འཛིན་ཆོག་སྙམ། རྒྱུ་མཚན་ཚོགས་པ་འདིར་ཞུགས་ཚར་རྗེས་ནམ་རྒྱུན་ནས་རང་ཉིད་པེན་གྱི་སྙུག་ཐོགས་པ་ཞིག་བསམ་ནས་རྩོམ་པ་པོ་གཞན་དག་ལས་འགན་འཁྲི་ཆེ་བ་འཁུར་དགོས་ལ་་དེ་ལྟར་དགོས་པའི་གཞེན་སྐུལ་བདག་གིས་ཀྱང་ཚོགས་ཆེན་སྐབས་སུ་ཡིག་ངག་གཉིས་ཐོག་ནས་གཞེན་སྐུལ་བྱས་ཡོད། དེ་བས་ད་དུང་ཡང་མཐུན་ཚོགས་ཀྱི་ལས་ཀ་གང་ཞིག་ཡིན་ཡང་རྒྱུན་ལས་ཁོ་ནས་སྒྲུབ་དགོས་པ་དང་ལས་ཁུངས་ལ་བལྟས་ནས་མི་སྡོད་པར་སོ་སོའི་ངོས་ནས་ནུས་པ་འདོན་རོགས། ངས་ནམ་རྒྱུན་དྲ་ལམ་སོགས་སུ་རྩོམ་ཡིག་སྤེལ་མཁན་དང་མཆན་འདོགས་མཁན་རིགས་ཚོགས་མི་ཡིན་མིན་ལ་ད་སྣང་བྱེད་ཀྱིན་ཡོད་ལ། ཚོགས་མི་ཞིག་ཡིན་ན་དགའ་གི་ཡང་ཡོད། རང་ཉིད་ཆེད་དུ་དྲ་ལམ་དུ་གང་ཐུབ་ཐུབ་ཀྱིས་ཞུགས་བཞིན་པ་འདི་ཡང་ཚགས་མི་ཚོར་མིག་དཔེ་དང་དྲན་སྐུལ་གྱི་ཆེད་དུའང་ཡིན།
བཀུར་འོས་ཚོགས་གཙོ་མཆོག་གི་གཏགས་ནོར།
ད་སྣང་དོ་སྣང་ལབ་ན་བདེ།
ཚགས་མི་ཞེས་པ་ཚོགས་མི་ལབ་དགོས།
བྲག་རྡོའི་རྩམ་ཐུང་འདི་ལས་འཕྲོས་ཏེ་རྩོམ་ཡོན་དང་རྩོམ་པ་བོ་དག་བཟང་ངན་ཞིག་གླེང་སོང་།
ངའི་འདོད་ཕྱོགས་ཁྱེད་ཅག་དང་གཏན་ནས་མི་འདྲ། རྩོམ་ཡོན་དགོས་ལ་རིན་ཐང་འཇོག་རྒྱུ་གལ་ཆེ།
རྩོམ་ཡོན་གང་ནས་རེག་དགོས་ཟེར་ན། བོད་དོན་ཆེད་རོགས་སྐྱོར་རེག་མཁན་གྱི་ཚོགས་པ་ཁག་ཡིན།
ཁོང་ཚོས་སྒོར་མོ་བྱེ་བ་མང་བོ་གཞུང་དང་མི་མང་ལག་ནས་རེག་གིན་ཡོད། རེག་མཁན་བོད་པ་ཡོད་ལ་
ཕྱི་རྒྱལ་བ་ཡང་འདུག ཉམ་ཆུང་གི་བོད་རིགས་རྩོམ་པ་བོ་དག་ལ་ལས་གླ་མ་སྤྲད་ན་འཛམ་གླིང་གི་འགྲོ་སྟངས་
དང་མ་མཐུན་པའི་སྐད་ཆ་རང་རེད། མ་འོངས་པར་སྨྱག་ཐོགས་ཉུང་དུ་འགྲོ་བའི་ལམ་བགག་གཙོ་བོ་དེ་ཡིན།
ང་ལ་མཚོན་ན་པདྨ་འབུམ་དང་ལྷ་མོ་སྐྱབས་གཉིས་ལྟ་བུ་རིན་ཐང་རེ་བཞག་ན་བོད་ཡིག་ལ་ཕན།
བོད་ཡིག་མི་ཤེས་མཁན་ཞི་ཇེི་ལྟར་མགོ་ལ་ཞོར་ན་བོད་ཀྱི་རིག་གནས་་གནོད།
བོན་རྒྱ་ལགས་ཀྱི་རྩོམ་བརྡ་གནང་བ་དང་དགའ་བ་ཆེན་པོས་གཅིག་འབྲི་གིན་གཏོང་རན་ཡོད་མོད། ད་ནི་ཁོ་ཡང་པེན་ཟེར་བ་དེ་དང་སྦྲེལ་བྱུང་བས་རྩོམ་ཡིག་ཕུལ་འདོད་དེ་གཏན་ནས་རྩ་ཡུལ་ཕྱིན་སོང་། པེན་ཟེར་བ་འདི་ནི་ཚོགས་པ་རིས་ཅན་ཞིག་དང་། འདིའི་ལས་བྱེད་དག་ནི་བོད་ཀྱི་སྨྱུག་མིང་བཙང་ནས། རང་ཉིད་ཕྱི་རྒྱལ་དང་། ནག་ཚོང་གིས་རོགས་པ་ཕྱི་རྒྱལ་བཏང་ནས་དངུལ་ཟ་མཁན་ཞིག་རེད། འདིས་རང་ཉིད་ཀྱི་མི་ཚེ་དང་། རང་གི་ཕ་ཡུལ་གཅིག་པ། དེ་མིན་ན་དངུལ་དངོས་ཀྱི་རྗེས་རྒྱུག་གིས་ལས་ཀ་བྱེད་མཁན་ཞིག་ལས། བོད་ཀྱི་སྨྱུ་གུའི་འགན་ཁུར་དང་སྣེ་ཁྲིད་གནང་མཁན་ཞིག་མིན་པ་ཡོངས་གྲགས་རེད། དེ་ཙམ་ཡིན།
རྣམ་པ་ཚོ་ཚང་མས་ཡག་པོ་གསུངས་འདུག ངས་བལྟས་ན་འདི་ཡང་སྤྱི་ཚོགས་དཔྱད་གླེང་ཞིག་རེད་སྙམ།
དེ་ནས་ཁ་ཤས་ཀྱིས་རྩོམ་ཡོན་ལེན་པ་ནི་ཐ་ཆད་ཡིན་པ་དང་། ནང་སྙིང་མེད་སྐོར་སོགས་མང་པོ་ཞིག་བྲིས་འདུག་མོད། འོན་ཀྱང་ངས་བལྟས་ན་རྩོམ་ཡོན་འབུལ་ཡང་དགོས་ཀྱི་རེད་ལ་ལེན་ཡང་དགོས་ཀྱི་རེད་འདོད། སྤྱིར་ངལ་རྩོལ་བྱེད་མཁན་ལ་གླ་འབབ་སྤྲོད་པ་ནི་ཆོས་འཇིག་རྟེན་གཉིས་ཀར་མཐུན་པ་ཞིག་རེད་ལ་གླ་འབབ་ལེན་པ་ཡང་ཆོས་ཉིད་དང་འགལ་མེད་པས་དེ་ལ་འཁང་ར་དང་དམའ་འབེབས་བྱེད་པ་ནི་འོས་འཚམ་ཞིག་མ་རེད་འདོད། རྩོམ་འབྲི་བ་ལུས་ཤུགས་ངལ་རྩལ་མིན་ཡང་ཀླད་ཤུགས་ངལ་རྩོལ་ཡིན་པས་ངལ་རྩོལ་གྱི་ནང་ནས་དཀའ་ལས་ཁག་ཤོས་དང་གནད་འགག་ཆེ་ཤོས་རེད་འདོད། འོན་ཀྱང་། རང་རེའི་སྤྱི་ཚོགས་ཁྲོད་ཀླད་ཤུགས་ངལ་རྩོལ་པར་མཐོང་དང་དོ་སྣང་སྤྲོད་མཁན་མེད་ཁར་ཁོང་ཚོར་འབབ་པའི་གླ་འབབ་ཉི་ཚེ་བ་ཞིག་ལེན་པ་ལ་ཡང་འདི་ལྟར་དམའ་འབེབས་དང་ཁྱད་གསོད་བྱེད་པ་ནི་འོས་འཚམ་ཞིག་མ་རེད་འདོད།
སྤྱིར་ན་ངས་རྩོམ་ཡིག་འབྲི་ཤེས་ཀྱི་མེད་མོད། འོན་ཀྱང་རྩོམ་འབྲི་བ་ལས་སླ་བོ་ཞིག་མིན་པ་ཤེས་ཀྱི་ཡོད། དཔེར་ན། དྲ་མཆན་ཞིག་བཏགས་ཀྱང་དཀའ་ལས་འཕྲད་ཀྱི་འདུག་གཱ ཡིག་ནོར། གཏགས་ནོར། དོན་ནོར། ཚིག་སྦྱོར་མི་བདེ་བ། བརྗོད་སྙིང་གཅིག་སྡུད་བྱེད་མི་ཐུབ། ཚིག་ཉོག་མང་པོས་བརྗོད་དོན་བསྒྲིབས་པ་སོགས་མང་པོ་མཐོང་རྒྱུ་ཡོད་པ་འདི་ཡང་ཀླད་ཤུགས་ངལ་རྩལ་ཁག་པོ་ཡོད་པའི་རྟགས་ཤིག་མ་རེད་དམ།
དེ་ནས་སྤྱི་སྒེར་སུ་ཡིས་ལས་དོན་ཅི་ཞིག་བྱས་ཀྱང་ཐབས་མཁས་ཐུགས་རྗེ་གཉིས་ཀ་ཟུང་དུ་འབྲེལ་ཐུབ་ན་ད་གཟོད་ལས་དོན་དེ་ཉིད་ལམ་ལྷོང་ཡོང་གི་རེད་འདོད། དེ་མིན་ལས་བདའ་དང་འཁང་ར། དམའ་འབེབས་སོགས་བྱས་བསྡད་ན་ལས་དོན་ལམ་ལྷོང་མི་ཡོང་བའི་འགག་རྡོ་ཆགས་ཀྱི་འདུག་ཟེར་འདོད་བྱུང་།
ཀླུ་ཚང་དང་ཕྱུགས་རྭ་གཉིས་ཀའི་བཤད་སྟངས་དེ་ནི་སྔོན་མ་དབུས་པ་ཁ་ཤས་ཀྱིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཚོང་པ་རྒྱགས་པ་ཞེས་བོད་རྒྱལ་ཁབ་བཙོང་བའི་ནག་ཉེས་འཁེལ་ཐབས་བྱས་པ་དང་འདྲ་བོ་ཞིག་འདུག
བོད་ཀྱི་རྩོམ་པ་པོའི་ཚོགས་པས་ཁོང་གཉིས་ཀྱིས་བཤད་པ་ལྟར་གྱི་ཕྱག་ལས་གནང་གི་ཡོད་མེད་ངས་གང་ཡང་ཤེས་ཀྱི་མེད་མོད། འོན་ཀྱང་། ཡོད་པའི་དབང་དུ་བཏང་ཡང་བདག་གཞན་གཉིས་ཕན་ཞིག་མ་རེད་དམ། ཀླུ་ཕྱུགས་གཉིས་ཀའི་གཙོས་དེང་སྐབས་ཕྱི་རྒྱལ་འགྲོ་འདོད་མེད་མཁན་སུ་ཡོད་རེད། འགྲོ་མཁན་རྣམས་ཀྱིས་ཀྱང་འགྲོ་གྲོན་ཕོན་ཆེན་བཏང་བའི་ཐོག་ཟླ་བ་གཅིག་གཉིས་རེར་རྒྱལ་ཁབ་མང་པོ་བརྒྱུད་པ་མ་ཟད་དཀའ་ངལ་ཆེ་ཞིང་ཉེན་ཁ་མང་བ། ད་དུང་ལམ་སྐེད་ནས་མ་ཐར་བ་དང་བཙོན་ལ་ཚུད་པ། སྲོག་གི་ཉེན་ཁར་འཕྲད་མཁན་ཡང་ཡོད་པ་རེད། དེ་བས་ཚོགས་པ་དེ་འདྲར་འབྲེལ་བ་བྱས་ཏེ་སོང་ན་བདག་གཞན་གཉིས་ཕན་རེད། ལར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཆོས་ཚོགས་རྣམས་ཀྱིས་ཀྱང་མགྲོན་ཤོག་བཙོང་གི་ཡོད་པ་ཡོངས་གྲགས་རེད་འདུག་ག རྡི་ལིའི་ཨ་རིའི་གཞུང་ཚབ་ཀྱི་ཤེལ་སྒོ་གཅོག་མཁན་དེ་ཡང་ཆོས་ཚོགས་ཤིག་གི་མིང་འཁུར་མཁན་ཞིག་གི་མགྲོན་ཤོག་ལམ་འགྲོ་མ་རྒྱུགས་པའི་མཇུག་འབྲས་མ་རེད་དམ།
དེ་ལས་ཚབ་ཆེ་བ་ནི། དེང་སང་རང་བཙན་ལག་དེབ་ཀྱི་ཚོང་རྒྱག་མཁན་དག་རེད་འདོད། དེ་ནི་གཞུང་རྒྱུ་སྒེར་བདག་བྱས་པ་མ་ཟད། རྒྱལ་འཚོང་བ་དངོས་གནས་པ་རེད། རང་བཙན་ལག་དེབ་ཅིག་ལ་ཧིན་སྒོར་ཁྲི་གསུམ་བཞི་རེ་ལེན་བཞིན་པའི་ནང་ནས་གཞུང་ལ་སྐར་མ་གཅིག་ཀྱང་འབབ་ཀྱི་མེད་པ་དངོས་ཡོད་མ་རེད་དམ། ད་དུང་བཙོང་ཡུལ་དག་ཀྱང་བལ་ཡུལ་དང་རྒྱ་གར་གྱི་མི་སེར་ཡིན་པའི་བོད་རིགས་དག་ཡིན་པ་ལས་རྒྱལ་ཁབ་ཁོར་བའི་ཡུལ་གྱར་བོད་མི་དག་མིན། དེ་བས་དྲང་བདེན་དང་ཕན་གནོད་ཀྱི་དབྱེ་བ་བཀར་ནས་སྐད་ཆ་བཤད་ཤེས་རྒྱུ་གལ་ཆེན་པོ་རེད་འདོད།