ཚེ་རིང་དོན་འགྲུབ།
བྱ་ཁུ་བྱུག་ནགས་ན་མེད་གི།
བྱ་ཁུ་བྱུག་ནགས་ན་ཡོད་ན།།
དགོང་ཕྱི་དྲོར་ཤིང་རྩེར་འབབ་བ།།
ནངས་སྔ་མོར་ཐེངས་གསུམ་གྲག་ག།
ངས་མེད་གི་ཟེར་དོན་དེ་རེད།།
འབྲི་ཐུལ་མ་རྫ་ན་མེད་གི།
འབྲི་ཐུལ་མ་རྫ་ན་ཡོད་ན།།
དགོང་ཕྱི་དྲོ་རྫ་མཐར་འཁོར་ར།།
ནངས་སྔ་མོར་རྫ་མགོར་འབུད་ལ།།
ངས་མེད་གི་ཟེར་དོན་དེ་རེད།།
ནགས་རྒྱ་རྫོངས་མཐུག་རྒྱོ་མང་ན།
བྱ་མ་ཡས་མང་རྒྱོ་མང་ངས།།
བྱ་ཁུ་བྱུག་མེད་ནི་མིན་ར།།
གྲགས་འདོད་རུང་སྐྱག་ནི་ཟིག་རེད།
རྫ་མཐོན་པོ་བཙན་གི་ཡུལ་ན།
བུ་དཔའ་བོ་མང་རྒྱོ་མང་ངས།།
ལྷ་གཞི་བདག་མེད་ནི་མིན་ར།།
ཅིག་སྐྱོབས་རྒྱོ་དཀའ་མོ་ཟིག་རེད།
བྱ་ཁུ་ལོ་སྙིང་ལ་རྗེ་བོ།།
ཟླ་བཞི་བ་མ་ཚེས་མི་ཡོང་གི།
ཟླ་དྲུག་པ་ཚེས་དུས་འཕུར་དགོས་གི།
འཕུར་དགོས་ནོ་ནམ་ཟླའི་འགྱུར་བ་རེད།།
གཅིག་མ་འཕུར་ཐབས་ཤེས་མ་ཡོད་ཟིག།།
བྱ་ནགས་ན་མེད་ནོ་དེ་དོན་རེད།།
རྫ་མཐོན་པོ་འབྲི་མོའི་ཕ་ས་རེད།།
རང་ཕ་ས་སྐྱིད་ཀྱི་གཞི་མ་རེད།
དགུན་ཟླ་གསུམ་ཙག་གིས་རྒོལ་ས་རེད།།
ཁངས་བབས་ནས་རྫ་རྩྭ་མི་ལོན་གི།
འབྲོང་རྫ་ན་མེད་ནོ་དེ་དོན་རེད།།
གངས་དང་ཁངས།
དགུན་ཟླ་གསུམ་མདོ་དབུས་ཁམས་གསུམ་ལ། །
གངས་དཀར་པོ་གངས་གཟུགས་ཡོད་བཞིན་དུ། །
ཁངས་བབས་སོ་ཞེས་པའི་ཁ་ཁངས་འདི། །
ངེད་ཁ་རྡའི་དག་ཆར་ཚུད་མདོག་མེད། །
དགུན་ཟླ་གསུམ་གངས་རི་ཁངས་གིས་བཟུང་།།
གངས་དང་ཁངས་གཉིས་ལོགས་ཀ་རེད།།
ཁངས་བབས་སོ་ཞེས་པའི་ཁ་ཁངས་ཏེ།
ཁྱེད་ཁ་བརྡའི་དག་ཆར་མ་ཚུད་ན།
མགོན་ཕྱག་གཉིས་ཚང་གི་ཞབས་འདྲེན་མིན།
ཁྱེད་ཁ་བརྡ་ཚང་གི་ཞལ་རས་ན།
སྤྱན་གཅིག་ལས་མེད་པ་ཨེ་མ་ཧོ།