ཀླུ་སྨྱོན།
གཅིག ཐོག་མའི་འགྲུལ་བཞུད།
ཞོགས་པའི་དུང་དཀར་གྱི་དབྱངས་སྙན་ཕྱོགས་བཞིའི་རི་ཚོགས་ཀྱི་བང་རིམ་ཁྲོད་དུ་ཁྱབ་བཞིན་འདུག ཡིན་ན་ཡང་དེ་རིང་ང་ལ་ཚོགས་པར་འགྲོ་བའི་དུས་ཚོད་ཅིག་ག་ལ་ཡོད་དེ། ང་རང་སྟོད་ཉི་མ་ལྷ་སར་འགྲོ་དགོས་པས་ཡིན། ཕ་ཡུལ་གྱི་མི་རྣམས་ལྷ་སར་འགྲོ་ཐེངས་རེར་མི་མང་ཆེ་བའི་དམིགས་ཡུལ་ནི་ཇོ་བོ་ཡིད་བཞིན་ནོར་བུར་ཐོད་པ་ལན་གཅིག་གཏུག་ཆེད་ཡིན། ལོ་འགའི་སྔོན་གྱི་ང་ལ་མཚོན་ན་ཡང་དེ་ལས་མ་འདས་པར་ཇོ་བོ་དང་པོ་ཏ་ལ། སེ་འབྲས་དགེ་གསུམ་དང་བསམ་ཡས་སོགས་གནས་རྩ་ཆེན་དག་ལ་མཇལ་སྐོར་བྱེད་རྒྱུ་དེ་དམིགས་ཡུལ་དུ་བཟུང་བ་མ་ཡིན་ནམ། ཡིན་ན་ཡང་དེ་རིང་གི་ང་ལ་མཚོན་ན་དམིགས་ཡུལ་གཞན་ཞིག་སྟེ། སྙན་གྲགས་འབར་བའི་བོད་ཀྱི་རྩོམ་པ་པོ་ཞིག་ལ་ཐུག་འཕྲད་ཀྱི་ཆེད་དུ་འདི་ལྟར་ལམ་ལ་ཆས་བཞིན་ཡོད། ཨ་ཞང་བརྩོན་འགྲུས་ཀྱིས་བཀག་འགོག་ཅི་ཙམ་བྱས་མིན་ལ་མ་ལྟོས་པར་ངས་རང་ལ་ཡོད་པའི་རྒྱ་དངུལ་ལྔ་བརྒྱའི་སྟེང་དུ་གྲོགས་པོ་འགའི་ས་ནས་སྒོར་ཉིས་སྟོང་གཡར་བ་དང་། དགུན་ལྭ་མཐུག་པོ་ཁ་ཤས་གྲ་སྒྲིག་བྱས་ནས་འགྲུལ་བཞུད་རིང་མོ་འདིའི་མགོ་བརྩམས་པ་ཡིན། སྤྱི་སྤྱོད་རླངས་འཁོར་དུ་བསྡད་པའི་ཚོར་སྣང་དེ་ཅུང་ཟད་འཚབ་འཚུབ་ཅིག་རེད་ལ། ཅུང་མ་འགོར་བར་ལམ་ཁ་ཡག་པོ་མེད་པའི་རྐྱེན་གྱིས་ཐལ་རྡུལ་དཀར་པོ་ཞིག་རླངས་འཁོར་གྱི་ནང་དུ་འཐིབས་ཡོང་ནས་དབུགས་ཀྱང་རྔུབ་གཏོང་བྱེད་དཀའ་བའི་ཚོད་དུ་བསྐྱལ། ཡིན་ན་ཡང་དུས་ཚོད་ཏག་ཏག་ཅིག་གི་སྟེང་དུ་ཟི་ལིང་ལ་བསླེབས་སོང་བས། འགྲུལ་བ་མང་ཆེ་བས་འཁང་ར་དེ་ཙམ་ཞིག་མི་བྱེད་པ་དང་རྒན་རྒོན་གློ་ནད་ཡོད་པ་འགས་ཀྱང་འཕྲོད་བསྟེན་སྡེ་ཁག་ལ་གཏུགས་གཤེར་བྱེད་རྒྱུ་ཟེར་བའི་རྩོད་གླེང་དེའི་མགོ་ཡང་སྐྱར་བཙུགས་མ་སོང་།
དགོང་ཟས་ཟོས་རྗེས་ལྕགས་ཤོག་མགྲོན་ཁང་གི་ཕྱིར་བུད་དེ་ཟི་ལིང་མེ་འཁོར་ས་ཚིགས་སུ་འཆམ་འཆམ་ལ་སོང་། གློག་འོད་སྣ་ཚོགས་ཀྱི་ཀློང་དུ་མགྲོན་པོ་ཡར་མར་ལ་འགྲོ་མཁན་དག་གིས་བྲེལ་ཟིང་ངང་རང་རང་གི་གནས་མལ་སྙེག་བཞིན་པ་དང་། ཟོག་ལུག་གི་ནང་ཁྲོལ་གྱིས་གཡོས་པའི་ཐུག་པ་འཚོང་མཁན་རྒྱ་མོ་དང་ཧེ་མོ་དག་གིས་སྐད་ཤུགས་ཆེན་པོས་མགྲོན་པོ་སྐོང་འགུག་བྱེད། ཆུ་ཚོད་གོང་ཁེ་འཚོང་མཁན་རྒྱ་མི་ལོ་གཞོན་དང་བུ་མོ་ན་གཞོན་གཤང་འཚོང་མ་ལོས་ཡིན་བསམ་པ་དག་གིས་མགྲོན་པོ་དག་ལ་རྗེས་འདེད་གཏོང་མཚམས་མི་འཇོག དེ་བཞིན་ཡུལ་སྐོར་བར་འདྲ་པར་རྒྱག་མཁན་དག་གིས་ཀྱང་རྒྱ་ལྕང་གྲལ་འགྲིགས་པོར་སྐྱེས་ཡོད་པའི་ལམ་ཁ་དེ་རུ་ཉི་མ་གཅིག་གི་དུས་ཚོད་ཉི་ཚེ་བ་རེར་སྐྱེལ་བཞིན་འདུག་ལ། ཉེན་རྟོག་པ་འགས་རྐུན་ཇག་སོགས་ལ་ཉེན་སོན་སྐོར་གཡེང་རྒྱུན་ཆད་མེད་པར་བྱེད། གནམ་གཤིས་ཤིན་ཏུ་གྲང་ན་ཡང་རྒྱ་མོ་ལོ་གཞོན་ཁྱུ་ཞིག་གིས་སྨད་གོས་ཧ་ཅང་ཐུང་ངུ་རེ་གྱོན་ནས་བརླ་ཤ་དང་བྱིན་ཤ་ངོམ་བཞིན་ཕར་འགྲོ་ཚུར་འགྲོ་བྱེད་པ་དང་། མེ་འཁོར་དང་རླངས་འཁོར་གྱི་འཛིན་ཡིག་གོང་ཁེར་འཚོང་མཁན་ཚོའི་སྐད་ཅོར་སྲང་ལམ་གྱི་ཁུག་ཀྱོག་གང་ས་ནས་ཐོས་རྒྱུ་འདུག
ཞོགས་པའི་ཉི་འོད་གྲང་མོ་ཞིག་སེར་ལྷང་ངེར་ཟི་ལིང་མཁར་གྲོང་གི་ཁང་བརྩེགས་ཚོའི་རྩེ་མོར་འཕྲོས་ཤིང་། ཅུང་ཟད་རྒྱང་རིང་བའི་ས་ནས་མེ་འཁོར་ལམ་ལ་ཆས་པའི་དུང་བརྡ་འགའ་གྲགས་ཡོང་བས། ངས་བྲེལ་ཟིང་ངང་ལག་ཁུག་བཟུང་ནས་དེའི་ཕྱོགས་སུ་བརྒྱུགས་པ་ཡིན། མེ་འཁོར་ག་ལེར་བསྐྱོད་མགོ་བརྩམས་ཤིང་ང་ནི་བརྩེ་དུང་ཉམས་རྒུད་ཀྱི་གློག་བརྙན་ཞིག་གི་ནང་དུ་ཡོད་པའི་མི་སྣ་གཙོ་བོ་བཞིན་སེམས་པ་སྐྱོ་ལྷང་ལྷང་དུ་གྱུར། མཁར་གྲོང་འདིར་ང་ལ་སེམས་པ་ཆགས་དགོས་ས་ཅི་ཡང་མེད་ན་ཡང་ནམ་རྒྱུན་གནའ་མཁར་འདི་ནས་ས་ཕྱོགས་གཞན་ཞིག་ཏུ་སྐྱོད་དུས་སེམས་ཁམས་དེ་འདྲའི་བདེ་རྒྱུ་ཞིག་མི་འདུག མི་གྲངས་ས་ཡ་གཅིག་གཉིས་ཡོད་པའི་མཁར་གྲོང་འདིར་མཚོན་ན་ང་ལྟ་བུའི་རྒྱང་རིང་གི་རི་གྲོང་ཞིག་ནས་བསླེབས་པའི་མགྲོན་པོ་ཆེས་དཀྱུས་མ་ཞིག་ནི་རྒྱ་མཚའི་ནང་དུ་ཁབ་ཅིག་ལྷུང་བ་དང་འདྲ་བར་གོ་མེད་ཚོར་མེད་ཀྱི་སྣང་ཚུལ་ཞིག་གི་ཀློང་དུ་ཡོད་པ་བཤད་མ་དགོས་ཀྱང་། ངའི་སེམས་ཀྱི་གཏིང་རུམ་ཞིག་ཏུ་རང་ཉིད་ནི་གྲོང་ཁྱེར་འདིའི་ཚེ་སྲོག་གི་གྲུབ་ཆ་ཤིན་ཏུ་ཕྲ་མོ་ཞིག་གི་ངོ་བོར་གནས་ཡོད་པ་དང་། གལ་སྲིད་ང་རང་གནས་འདི་དང་ཁ་བྲལ་བ་ཡིན་ན་མཁར་གྲོང་འདིའི་ཚེ་སྲོག་གི་རྒྱུན་ཐག་དེ་ཡང་རིམ་པ་གཅིག་གིས་ཕྲ་རུ་འགྲོ་བའི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་བཞིན་འདུག ཡིན་ན་ཡང་མཁར་གྲོང་འདི་མིག་ལམ་ནས་ཡལ་བའི་སྐད་ཅིག་མ་དེའི་ནང་དུ། རང་བྱུང་ཁམས་ཆེན་པོ་འདི་ཡང་འཇིག་ཅིང་མི་རྟག་པའི་རང་བཞིན་ཅན་ཞིག་གི་ངོ་བོར་དུས་རྟག་ཏུ་གནས་ཡོད་པ་དང་། དེའི་ཕང་བར་ཡོད་པའི་དབྱིབས་འདྲ་མིན་གྱི་དངོས་པོ་འདི་དག་ཀྱང་ནམ་ཞིག་རང་སར་འཐོར་བའམ་ཡང་ན་གཅིག་ཏུ་འདྲེས་ནས་ལོ་ངོ་ས་ཡ་བརྒྱ་ཕྲག་གི་རིང་ལ་ཚེ་སྲོག་གི་འགུལ་སྐྱོད་ཅི་ཡང་མེད་པར་ཁུ་སིམ་སིམ་ངང་མ་འོངས་པའི་གཞན་འཇིག་རྟེན་ཞིག་འཆག་རྒྱུར་བསྒུགས་ནས་སྡོད་དགོས་པའི་གནས་ལུགས་དེ་ལ་ངོས་ཟིན་ཟབ་མོ་ཞིག་སྐྱེས་པ་དང་མཉམ་དུ། ཞེན་ཆགས་ཀྱི་ཀློང་གི་མཁར་གྲོང་འདི་ཡང་ག་ལེར་རབ་རིབ་དང་བན་བུན་ཞིག་གི་ཀློང་དུ་ཡལ་སོང་།
གཉིས། ལྷ་སའི་མགྲོན་པོ།
དཀའ་སྡུག་གི་འགྲུལ་བཞུད་ཅིག་བརྒྱུད་ནས་ལྷ་སར་བསླེབས་སོང་། འཛམ་གླིང་གི་ཡང་རྩེར་གནས་པའི་གནའ་བོའི་གྲོང་ཁྱེར་ཞིག་ཏུ་འབྱོར་སོང་། ཇོ་ཁང་དང་པོ་ཏ་ལའི་གསེར་མདོག་གི་རྒྱ་ཕིབས་ལས་ལྡོག་སྟེ་འཕྲོས་པའི་འོད་ཟེར་གྱིས་ཞོགས་ཀ་དང་ཉིན་གུང་། ས་སྲོད་བཅས་སུ་མི་རྣམས་ཀྱི་མིག་ལམ་དུ་ཆེས་ལྐོག་གྱུར་གྱི་མཛེས་སྡུག་ཅིག་ཕྱིར་མངོན་བཞིན་ཡོད་པ་དང་། རྣམ་དཀར་དགེ་སྒྲུབ་དེ་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བའི་བོད་མི་གནས་སྡོད་པ་དང་ཡུལ་སྐོར་བ་དག་གིས་ཕན་ཚུན་བརྩི་བཀུར་དང་ཡིད་ཆེས་བླ་ན་མེད་པ་བྱེད་པའི་གནའ་བོའི་སྲོལ་རྒྱུན་བཟང་པོ་དེ་གཉིས་ཀྱིས་གྲོང་ཁྱེར་འདི་ད་དུང་ལོ་ངོ་སྟོང་ཕྲག་གི་རིང་ལ་མུ་ནས་མུ་རུ་བསྲིངས་པའི་རྣམ་ཤེས་ཀྱི་ཞགས་པ་ཞིག་གིས་བར་མེད་དུ་བསྡམས་ཡོད་པའི་ཚོར་སྣང་དྲག་པོ་ཞིག་སྟེར།
ཡིན་ན་ཡང་། རྒྱ་དཀར་ནག་དང་དེ་མིན་ཕྱི་རྒྱལ་ནས་བསླེབས་པའི་མགྲོན་པོ་ཚོའི་སེམས་ཁོང་གི་དོགས་པ་དང་ཡ་མཚན། ཐ་ན་འཕྱ་སྨོད་བཅས་འདུས་པའི་ཚོར་བ་རེ་རེ་བཞིན་འདི་གའི་མཁའ་དབུགས་ཀྱི་ཁྲོད་དུ་ཡོངས་སུ་ཁྱབ་ཡོད་ལ། དུས་ངན་སྙིགས་མའི་རང་རྟགས་སུ་འབོད་པའི་བྱ་སྤྱོད་སྣ་ཚོགས་ཀྱང་ཤེས་མེད་ཚོར་མེད་དུ་སྤྱི་ཚོགས་ཁྲོད་ས་ཁྱབ་རྡོ་ཁྱབ་ཏུ་དར་བཞིན་འདུག དཔེར་ན་གཤང་འཚོང་མ་དང་ཇག་རྐུན་གྱིས་ཉི་མ་ཁ་དཀར་ངོ་དཀར་ལ་ཡང་མི་རྣམས་ལ་བསླུ་བྲིད་དང་མགོ་སྐོར་འཕྲོག་བཅོམ་བྱེད་བཞིན་ཡོད་ལ། དགོན་པའི་ལྷ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་གང་མང་དཀོར་གཉེར་དང་རྐུན་མ་ཁ་མཐུན་གྱིས་དངུལ་ལོར་འབོར་ཆེན་ལ་བརྗེས་པའི་གསར་འགྱུར་དུས་རྟག་ཏུ་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་བ་དང་། འཆི་རྒྱུར་མི་སྐྲག་པའི་རྒྱལ་སྤྱིའི་ཉེས་ཅན་ཚོས་ལྷ་ས་གྲོང་ཁྱེར་བརྒྱུད་ནས་ཉལ་དུད་དཀར་ནག་གི་རིགས་རྒྱ་ནག་དང་རྒྱ་གར་སོགས་སུ་ལྐོག་འདྲེན་བྱེད་བཞིན་པའི་གནས་ཚུལ་ཧ་ལས་དགོས་པ་མང་པོ་ཞིག་ཉིན་རེའི་གསར་འགྱུར་གྱི་མདུན་ངོས་སུ་ཡིག་ཆེན་དང་འདྲ་པར་མཉམ་དུ་བཀོད་ཡོང་བ་མ་ཟད། སྐབས་འགར་མི་དམངས་འབོད་འགུག་གིས་ནག་ཅན་དེ་རིགས་སྲོག་ཐོག་ཏུ་གཏོང་བའི་ཚོགས་ཆེན་ཡང་བསྐོངས་པ་རེད། ཡིན་ན་ཡང་ཞོགས་པ་རེ་རེར་བར་སྐོར་སྐོར་ལམ་གྱི་བསང་དུད་དཀར་པོ་གྱེན་དུ་འཕྱུར་བའི་ཀློང་ན་དཀར་ཤག་ཤག་ཏུ་དགུང་སྔོན་དབྱིངས་སུ་འཕུར་བའི་ཁ་དོག་སྣ་ལྔའི་རླུང་རྟའི་ཚོགས་དང་། གྲོང་ཁྱེར་གྱི་ཕྱོགས་གང་ས་ནས་གྲག་ཡོང་བའི་ནང་ཆོས་ཀྱི་སྒྲ་དབྱངས་སྙན་མོའི་འགྱུར་ཁུག་རེ་རེས་མི་རྣམས་ཀྱི་སེམས་ཁོང་དུ་ཆེས་བླ་མེད་དྭངས་གཙང་གི་ཚོར་བ་ཞིག་ངང་གིས་བསྐྱེད་པ་དང་། གཞོན་ཉམས་དོད་པའི་ལྷ་སའི་བུ་མོ་ཚོའི་འཇའ་ཚོན་གྱི་རི་མོ་བཀྲ་བའི་པང་གདན་གྱི་ངོས་ནས་འཁྱུག་པའི་གཟི་འོད་དག་གིས་ཡུལ་སྐོར་བ་ཚོའི་རྣམ་ཤེས་རེ་རེ་བཞིན་དྲག་ཏུ་བསྡམས་ནས་ས་ཕྱོགས་གཞན་དུ་བསྐྱོད་མི་འདོད་པ་ཞིག་བཟོས་འདུག
ལ ལ མུ་མཐུད་ནས་གསུང་དང་ དེ་ནས་ག་རེ་བྱས་སོང
hello Rinpoche I am very glad to read something new from you . unfortunatley , I cannot get the whole of it . half of the text is upside down , and the letters are half erased . could you try to send it again on the website , so that I can get the whole of it ?
( may be in another formate ) . That would make me so happy ! Thank you very much .
བྱམས་པ་ལགས། ངས་འདི་ནས་ཀློག་ཐུབ་ཀི་འདུག ཉིད་ཀྱི་གློག་ཀླད་ཀྱི་སྐྱོན་མིན་ནམ།
བྱམས་པ་ལགས། ཉིད་ཀྱིས་དྲ་ངོས་ལས་གཟིགས་ཐུབ་ཀི་མེད་ཚེ། ཉིད་ཀྱི་གློག་འཕྲིན་email or gmailཁ་བྱང་གནོངས་དང་ངས་ཉིད་ལ་རྩོམ་ཡིག་འདི་འབུལ་ཆོག
ཨ་ཁུ་ཀླུ་ལགས་
ལྷ་སར་བུ་མོ་ཚོ་གཞོན་ཉམས་ཅི་ཙམ་དོད་ནའང་འཇའ་ཚོན་གྱི་རི་མོ་བཀྲ་བའི་པང་གདན་རྒྱག་ཟིན་པའི་རྗེས་མི་གཞན་གྱིས་བདག་ཏུ་བཟུང་ཚར་བ་རེད ཁྱེད་རང་ཨ་མ་དང་བུ་མོ་མ་ནོར་བའི་ཐོག་ནས་རྩོམ་ཡིག་སྤེལ་མ་གཏོགས་་་་་
དོན་དགའ་ལགས། ལྷ་སར་ཨ་མ་ཡིན་ན་བུ་མོ་མ་ཡིན་པས་ཁྱབ་པ་དང་བུ་མོ་ཡིན་ན་ཨ་མ་མ་ཡིན་པས་ཁྱབ་པ་རང་ད་ཨེ་ཡོད་དམ། པང་གདན་བརྒྱབ་པའི་མཛེས་མ་ག་ཚོད་ཅིག་འདུག སྔོན་མའི་ལུགས་སྲོལ་ལ་པང་གདན་བཅིངས་ཚེ་བཟའ་ཟླ་ཡོད་པ་མཚོན་ཐུབ་ཀྱང་དེང་སང་པང་གདན་དེ་ཡང་མཛེས་ཆོས་ཤིག་ལ་བརྩིས་ནས་བཟའ་ཟླ་ཡོད་མེད་གཉིས་ཀས་པང་གདན་རྒྱག་བཞིན་པ་ང་ཚོས་ཤེས་གསལ་རེད་ལགས།
Thanks for your answer .
here still i can not read it . but never mind .
i will be back home very soon . and i can read it at home on a better computer . all the best .
རྩོམ་པ་པོ་འཚོལ་རྒྱུ་རེ་ཞིག་བཞག་སྟེ་བཀའ་ཁྲི་ཡང་དག་པ་ཞིག་ཚོལ། རྩོམ་པ་པོ་སུ་ཞིག་བཀའ་ཁྲི་སླེབས་མྱོང་མེད་ལ་ད་དུང་སླེབས་མི་སྲིད།
རྩོམ་པོ་ཞིག་བཙལ་ཏེ་རིག་གནས་ཀྱི་རྒུན་ཆང་མངར་མོ་ཞིག་བཞེས་དགོས། བཟི་མ་དྭངས་ཀྱི་སྣང་བ་ཞིག་ཤར་ཚེ་བཀའ་བློན་ཁྲི་བ་གཞན་ནས་འཚོལ་མི་དགོས་པར་རང་ཉིད་ཀྱིས་བྱེད་ཆོག་པ་ཞིག་འོང་། ཆང་གིས་བཟི་བའི་འཁྲུལ་སྣང་དང་བཀའ་བློན་གྱི་སྟོང་བསམ་གཉིས་ཀ་འཁྲུལ་བའི་ངོས་ནས་མཉམ་པ་རེད། གདོང་གི་རྣམ་འགྱུར་རམ། གསུང་གི་བརྗོད་སྟངས། ཡང་ན་གཞན་ལ་རྒྱུས་ཡོད་པའི་ལོ་རྒྱུས་སྣ་རེ་ལ་བརྟེན་ནས་མི་ཞིག་གི་བཟང་ངན་སྔ་ཐག་གཅོད། ལྐོག་གྱུར་གྱི་སྒམ་ཆུང་ནག་པོ་དེའི་ནང་དུ་སྐྱི་གཡའ་བ་དང་སྐྱུགས་བྲོ་བའི་དངོས་པོ་ཡོད་མེད་ད་དུང་དཔྱད་གཞི་ཁོ་ནར་གྱུར། འོན་ཀྱང་སྒམ་ཆུང་གི་ལྗིད་ཚད་དང་དབྱིབས་དང་མདོག་ལ་གཞལ་ནས་ནང་མཛོད་ཐག་གཅོད་ཀྱི་གཏལ་འཆལ་ལ་ཕལ་མོ་ཆེ་ཐུགས་མཉེས་ཐག་ཆོད། རེ་ཞིག་དེ་དག་གི་སྒྲ་ལ་སྣ་བ་གཏད་དམ་ཡང་ན་གྲིབ་མ་ནག་པོའི་ལམ་ཆེན་ལས་ལྐོག་ལྟ་བྱེད། གནམ་རྒན་མ་ལན་ཞིག་གསུང་དང་།
དཀོན་མཆོག་གི་བཀའ་བློན་འཚོལ་ཐབས་ནི་ནང་འགལ་གྱི་ཕུང་པོ་སྤུང་ཡོད་པ་ཞིག་རེད། ཡང་ན་མི་རེ་གཉིས་ཀྱི་དོན་ཐག་གཅོད་མཁན་ནམ། མི་ཆེན་དང་བླ་ཆེན་ཁ་ཤས་ཀྱི་སྒེར་གྱི་བྱ་བ་སྒྲུབ་མཁན་རེད། ཆོལ་ཁ་དང་ཆོས་ལུགས་ཤོག་ཁའི་དུག་གིས་མ་བསླད་པ་དཀའ་བས་འཇམ་ཀྱི་ལེར་སྙན་ངག་རེ་བྲིས་ནས་རང་མགོ་རང་གིས་བསྐོར་ན་དགའ། རང་མགོ་གཞན་ལ་བཏགས། དེས་ཁྱི་བཞིན་ཁྲིད་ནས་བེད་སྤྱོད་ཡག་ཐག་ཆོད་ཚར་བ་དང་། སྐྱོན་ག་གེ་མོ་ཞིག་ལ་བསྙད་དེ་གད་སྙིགས་ཁྲོད་དུ་བསྐྱལ་བ་དང་། འགྱོད་པ་བྱས་ཀྱང་འཕྱི་ལེ་རེད། སྔོན་གྱི་སྐུ་ངོ་རྣམས། རྒྱལ་ལོ་དོན་གྲུབ། འཇུས་ཆེན་ཐུབ་བསྟན་སོགས་ཀྱི་ལོ་རྒྱུས་ལ་ལྟོས་ཤིག ཨེ་གོ། ཨེ་གོ། ཨེ་གོ།