རྔ་བ་ཚེ་སྐྱིད་ཀྱིས་མཚམས་སྤྱོར་བྱས།
སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། བོད་ཨ་མདོ་རྔ་བའི་ཡུལ་ནས་འཁྲུངསཤིང་། ཁོང་རྔ་བ་ཀིརྟིའི་དགོན་ཆེན་ནས་ནང་བའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གཏིང་ཟབ་དང་མཐུལ་ཕྱིན་པ་མཛད་འདུག་ལ། ད་དུང་ཁོང་གིས་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། ཕྱག་ལས་ཀྱང་གང་མང་ཞིག་མིག་མཐོང་ལག་འཛིན་གྱི་གནང་འདུག དེ་རྗེས། རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ཀྱིས་མཚོན་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་འགྲུལ་བཞུད་དང་འབྲེལ་ནས་ཉམས་ཞིབ་དོན་འབྲས་སྨིན་པ་མཛད། ལྷག་པར་དུ། ༡༩༩༨ ལོར་རྔ་བ་ཀིརྟི་དགོན་ཆེན་གྱིས་གཙོས་རྔ་བའི་དགོན་ཁག་བཞི་བཅུ་ལྷག་ཅིག་ལ། 《རྒྱལ་གཅེས་ཆོས་གཅེས་》ཞེས་པའི་གཏིང་ནག་གི་སྲིད་བྱུས་སྤེལ་སྐབས། ཞི་རྒོལ་དང་སྤར་ཡིག་སྣ་ཚོགས་ཤིག་ཆོས་དད་རང་མོས་དང་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་བའི་ཐོབ་ཐང་ཁག་ལག་ལེན་དུ་འཁེལ་བའི་ཆེད་དུ་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་ལོ་ངོ་ཧྲིལ་བོ་བཞི་ལྷག་ཅིག་ལ་རྒྱའི་བཙོན་ཁང་ནས་སྐུ་ངལ་མྱངས་ཟིན་པ་རེད་ལ།
དེ་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་སོང་ནས་ལོ་ངོ་མང་པོའི་རིང་གྲྭ་ནས་ཐོས་བསམ་སྒོམ་གསུམ་གནད་སྨིན་མཛད། དེ་རྗེས་ཉིས་སྟོང་བརྒྱད་ལོར་བོད་ཁམས་ཡོངས་སུ་ཞི་རྒོལ་ཆེན་མོ་དེ་བྱུང་སྐབས་སུ། ཡང་བསྐྱར་ལྷ་ས་ནས་ཨ་མདོ་རྔ་བའི་དགེ་འདུན་པ་ཚོས་སྣེ་ཁྲིད་བྱས་ནས་ཞི་རྒོལ་བྱས་དུས། རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཕལ་ཆེར་ཁོང་ལོ་གཅིག་རིང་ལ་བཙོན་ཁང་དུ་བཞུགས་དགོས་བྱུང་འདུག
ཉིས་སྟོང་དགུ་ལོར་ཁོང་གིས་བརྩམས་གནང་བའི་《ང་ཚོ་སད་རན།》ཞེས་པའི་ཕྱག་དེབ་དེ་བོད་ཁམས་ཡོངས་སུ་མཚན་སྙན་ཆེན་པོ་ཐོབ་འདུག དེའི་རྒྱུ་མཚན་ནི། གཅིག་ནས། ཆོས་སྲིད་ཐ་དད་ཀྱི་དགོངས་ཚུལ་རླབས་ཆེན་ཞིག་བཏོན་པ་དང་། གཉིས་ནས། ནཱ་ལེན་ཏྲའི་མཁས་གྲུབ་རིམ་བྱོན་གྱི་རིག་གནས་སྙིང་སྟོབས་ལ་ཕྱིར་རྟོག་སྔ་ན་མེད་ཅིང་ཚད་མར་འཛིན་རུང་བ་ཞིག་ཉམས་ཞིབ་བགྱིས་པ། གསུམ་ནས། རྩོམ་རྩལ་དང་ཚིག་སྤྱོར། གུ་ཡངས་དང་དཔྱོད་སྟངས་ལ་ཟབ་ཆ་ཆེན་པོ་ཡོད་པས་རེད། དེ་ནི། ཁོང་གི་ཕྱག་དཔེ་ལ་གཟིགས་ཞིབ་གནང་ན་གསལ་རྟོགས་ཡོང་ངེས་སོ།།
གཞན་ཡང་། དེང་སང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་མཚོན་པའི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ལ་གསུང་བཤད་དང་དགོངས་ཚུལ་བརྗེ་རེས་གང་མང་ཞིག་ཀྱང་མཛད་འདུག་པས་ན། དེའི་ཕན་ནུས་ལ་བརྟེན་ནས་ཁོང་ལ་མཚན་སྙན་ལ་ཡང་། 《དགེ་ཆོས་གཉིས་པ་》ཞེས་པ་ཞིག་ཡོངས་གྲགས་ཀྱིས་ཐོབ་འདུག
དེ་ནས་ཉེ་སྔོན། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པའི་རྗེས་སུ། རྔ་བའི་དགོན་གྲོང་མི་མང་དང་བཅས་པར་དཀའ་ངལ་ཆེན་པོའི་ནང་དུ་ལྷུང་སྐབས། ཁོང་མཚོ་སྔོན་ཕྱོགས་སུ་ཁོང་གི་ཕྱག་དེབ་གཉིས་པ་དཔར་བསྐྲུན་བྱེད་རྒྱུའི་ཆེད་དུ་སོང་ཡོད་རུང་། རང་གི་དགོན་པ་དང་མི་མང་ལ་དཀའ་ངལ་འཕྲད་དུས། སྐྱིད་སྡུག་མཉམ་མྱོང་གི་ཆེད་དུ། ཁོང་གི་ཕ་ས་ཕ་ཡུལ་ཚུར་རྔ་བ་ཡོང་སྐབས་སུ། ལམ་བར་ནས་གར་སོང་ཆ་མེད་དུ་གྱུར་པ་རེད་མོད། འོན་ཀྱང་། ད་ལྟ་རྒྱ་ནག་ཁྲིན་ཏུའུ་རུ་བཀག་ཉར་བཙོན་འཇུག་བྱས་ཡོད་འདུག
དེ་ལས་ཀྱང་ཁོང་གི་ཡབ་དམ་པ་སྒོ་སྔུན་བརྩོན་འགྲུས་ཀྱི་མི་ཚེའི་བྱུང་བ་ནི། བཤད་རིན་ཡོད་པ་ཞིག་ཆགས་ཡོད་ཀྱང་། དེ་རིང་དུས་ཚོད་ཀྱི་རྐྱེན་པས་རྗེས་ཕྱོགས་དུས་ཚོད་ཀྱིས་འདང་སོང་ན། ཡང་བསྐྱར་འབྲི་བར་འབད་ཀི་ཡིན་ལགས་སོ།།
ཨོ་རེད། གུས་མོ་སྒེར་བ་ཞིག་གིས། སྒོ་ཤེས་རབ་རྒྱ་མཚོའི་སྐུ་ཚེའི་མཛད་འཕྲིན་གྱི་ཆ་ཤས་ཙམ་ཞིག་ཤེས་ཚོད་ཀྱིས་བྲིས་པ་ལས་ཁུངས་ལུང་ཅི་ཡང་མེད་ལགས་ན། དེ་ལུགས་བཞིན་དགོངས་འཇགས་ཡོང་བར་ཞུའོ།།
སྒོ་ཤེར་མགྱོགས་པོ་ཐར་བར་ཤོག །སྒོ་ཤེར་འདིའི་མི་བརྒྱུད་ཚང་མ་རྒྱ་ནག་གི་བཙོན་འོག་ཏུ་འགྲོ་མྱོང་ཡོད་པ་འདྲ། ཁོའི་ཕ་སྒོ་བརྩོན་འགྲུས་ནི། མདོ་སྨད་ཁུལ་དུ་གྲོང་ཁྱེར་དམར་པོ་ཟེར་བའི་གྱེན་ལངས་དམག་དཔུང་ཞིག་བཙུག་པ་དེའི་འགོ་ཁྲིད་གཙོ་བོའི་གྲས་རེད་ཟེར། ཁོང་ཚོའི་དམག་དཔུང་གིས་མགོ་ལོག ཨ་མདོ་རྔ་བ། བཀྲ་ཤིས་འཁྱིལ། འབྲོག་སྡེ་ཁྲོ་ཀོ་ཁག་གསུམ་སོགས་ཤིག་ཤིག་ཡོམ་ཡོམ་བཟོས་པའི་ལོ་རྒྱུས་ཤིག་བཤད་རྒྱུ་འདུག དཔའ་བོ། གྲུང་པོ། ལ་རྒྱ་ཅན། གཏོང་ཕོད་ཅན། རང་ཕྱོགས་ལ་ལྷག་བསམ་ཅན་ཞིག་ཡིན་པ་གོ་ཐོས་བྱུང་།
བཀུར་འོས་དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
ཤིན་ཏུ་མད། སྐུ་ཉིད་ཀྱིས་གསུངས་པ་ལྟར། སྒོ་ཤེས་རབ་རྒྱ་མཚོའི་ཡབ་དམ་པའི་ལོ་རྒྱུས་ཤིག་བུ་མོ་ངས་འཚོལ་སྒྲིག་བྱས་ནས་དྲ་གྲོགས་ཚང་མ་སྤྱན་ལམ་དུ་བསྟར་རྒྱུ་ཡིན་ལགས་ན། དེའི་སྐབས་སུ། དགོངས་ཚུལ་ཡོང་བར་ཞུའོ།།
སྒོ་བརྩོན་གྱི་ལོ་རྒྱུས་ཤིག་ཀིརྟིའི་བྱེས་པ་གྲྭ་ཚང་ནས་བཏོན་ཡོད་བསམ་སོང། འོན་ཀྱང་གསལ་པོ་ཤེས་མ་སོང། ཁོང་ཚོས་རྔ་པ་ས་ཁུལ་དུ་སྤེལ་བའི་ལས་འགུལ་ཧོང་ཁྲིན་ཟེར་བ་དེ་གྲོང་ཁྱེར་དམར་པོའི་དོན་མ་རེད། དམར་སྲུང་དམག་ཁྲིན་ཏུའི་དམག་དཔུང་ཞེས་པའི་དོན་རེད། རྒྱ་ཡིག་འདི་རེད། 红成(红卫兵成都部队)
སྒོ་ཤེར་གྱི་སྐད་ཆ་རྣམས་བོད་ནང་གི་གཞོན་སྐྱེས་ཚོའི་རྣ་བ་ལ་འཇེབས་པ་ཞིག་ཡིན་འདུག གསར་བརྗེའི་བསམ་བློ་ཡོད་མཁན་ཞིག་ཡིན་པ་འདྲ། དེའི་དབང་གིས་་བླ་མ་དགེ་བཤེས་ཚོ་དང་མི་མཐུན་པ་མང་པོ་ཡོད་རབས་ཟེར།
མ་རིག་པའི་མགོ་ལ་སྟྭ་རེ་གཞུས་པར་དགའ་བསུ་ཞུ། 红成(红卫兵成都部队)རྒྱ་ཡིག་ད་ལྟ་རང་མཐོང་བ་དེ་ཡིན། ཐུགས་རྗེ་ཆེ། ང་ལ་མཛོད་དགེ་པ་ཞིག་གིས་དང་པོ་རྩ་འཛུག་བྱེད་ས་དམར་ཐང་ནས་ཡིན་པས་གྲོང་ཁྱེར་དམ་པོ་ཞེས་བཏགས་པ་རེད་ཟེར། གོ་ཚད་བདེན་པར་བཟུང་ན་འདི་འདྲ་རེད། སྒོ་བརྩོན་ནི། དུས་རབས་རྙིང་པའི་སྐབས་སུ་རྨེའུ་རྒྱལ་པོའི་ཚབ་བྱས་ཏེ་གསེར་རྟ་དང་མགོ་ལོག་སྟོད་སྨད་སོགས་སུ་ཕྱིན་ནས་བོད་འབྲོག་ཁུལ་ཏུ་འབྲེལ་བ་དམ་ཟབ་བཙུགས་པ་དང་། ཡང་དར་རྒྱལ་བའི་བསྟན་པ་ལ་ཀིརྟིའི་མཆོད་རྟེན་ཆེན་མོ་གསར་བཞེངས་མཛད་པ་སོགས་ཆོས་སྲིད་གཉིས་ལ་ཕྱག་རྗེས་ཆེ་ཚུལ་གུས་པ་བྱེད་འོས་པ་ཞིག་རེད། ཕ་དཔའ་རྒོད་ལ་བུ་དེ་འདྲ་ལོས་སྐྱེ། སྒོ་ཤེར་བཅིངས་པ་ལས་གྲོལ་བར་ཤོག
རྔ་བའི་དཔའ་མོ་ཚེ་སྐྱིད་ལ་ཐུགས་རྗེ་ཆེ་ཞུ། སྒོ་རྩོན་ལོ་རྒྱུས་མི་རིང་བར་བདག་སོགས་བོད་རིགས་ཡོངས་ཀྱི་མིག་གི་དགའ་སྟོན་ཏུ་སྤྱོད་པར་སྨོན། །
ངའི་སེམས་ཁྲལ་ཆེ་ཤོས་ཤིག་ནི། ཤེས་ལྡན་མི་སྣ་འདི་ཚོའི་ཚེ་སྲོག་གི་ཉེན་ཁ་རེད། རྒྱ་ལག་ཏུ་ཤོར་བའི་རང་རིགས་ཕལ་ཆེར་ཞིག ཚེ་སྲོག་ཡུན་རིང་བརྟན་ཐུབ་ཀི་ཡོད་པ་མ་རེད། གལ་སྲིད་བརྟན་དུ་ཆུག་ཀྱང་ལུས་སེམས་ཐང་བོ་མེད་པ་དེ་འདྲར་ཆགས་འགྲོ་གི་འདུག བཙན་པོའི་གཉའ་གནོན་དང་། མཐོང་ཆུང་། བརྙས་བཅོས་འོག རང་གི་སྒལ་ཚིགས་གཟེངས་སུ་བསྲིངས་ནས། མི་རིགས་ཀྱི་ཆེད་བཤད་ཕོད་པ། བསམ་ཕོད་པ། སྒྲུབ་ཕོད་པའི་བུ་རྒོད་འདི་དག་ལ་བསྔགས་བརྗོད་དང་། གུས་བཀུར་ཡོད། སྒོ་ཤེར་གྱིས་བྲིས་པའི༼ད་ང་ཚོ་སད་རན༽ཞེས་པའི་དཔེ་ཆ་དེ་ཀློག་སྐབས་མ་ལྡན། བོད་ནང་ན་སྐད་གྲགས་འདྲ་ཞིག་ཡོད་རབས་གོ་སོང་། དཔེ་མིང་འདོགས་སྟངས་ལ་བལྟས་ན། སྲོལ་རྒྱུན་ལས་གསར་གཏོད་ཀྱི་ལྟ་ཚུལ་བཙན་ཚུགས་སུ་བཟུང་ཡོད་པའི་ཉམས་ཞིག་་འདུག སྒོ་བརྩོན་འདས་པོས་མི་ཚེ་ཧྲིལ་བོ་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་རྫོགས་པ་རེད། ཐ་ན་རང་གི་ནང་ལྷན་དུ་འཚོ་སྐྱིད་པོ་ཞིག་ཀྱང་བསྐྱལ་རྒྱུ་བྱུང་ཡོད་པ་མ་རེད། བལ་ཡུལ་ནས་སྐུ་གཤེགས་པ་རེད། མི་སེམས་རྒྱུད་བཟང་བོ། གཤིས་ཀ་འཇམ་པོ། གཏོང་ཕོད་ཅན། ཉན་སྤྲོ་བའི་འཇིག་རྟེན་གསར་རྙིང་གི་ལོ་རྒྱུས་མང་བོ་གླེང་རྒྱུ་ཡོད་མཁན་ཞིག་ཡིན། ཁོང་གི་མི་ཚེའི་ལོ་རྒྱུས་ཤིག་དགུ་བཅུ་གོ་གྲངས་ཤིག་ནས་འབྲི་མགོ་བརྩམས་སོང་། མཇུག་ཆ་ཚང་གྲུབ་ཡོད་མེད་གང་ཤེས། ཅིག་བྱས་ན་གོང་དུ་ཀིརྟི་སྐྱབས་ཀྱིས་བཤད་པའི་དེབ་དེ་ཡིན་རྒྱུ་རེད། གང་ལྟར་ཀྱང་ཁོང་བོད་ཀྱི་ལོ་རྒྱུས་ནང་གི་མི་སྣ་གལ་ཆེན་ཤིག་ཏུ་བརྩི་ཆོག་པར་སྣང་།
སྒོར་ཤེར། ཞེས་མིང་འདི་གོ་དུས། བདག་རྔ་བའི་ཀིརྟི་དགོན་ནང་དུ་ཡང་བསྐྱར་སྐྱེས་པ་ཞིག་དང་འདྲ་སྟེ། དེ་ནི་ང་དང་སྒོར་ཤེར་གཉིས་གྲལ་གདན་གཅིག་གི་ཐོག་མཉམ་གཤིབ་མཉམ་བསྡད་ཀྱི་ལོ་ཟླ་མང་བོ་ཞིག་ཕྱིན་པས་རེད། ད་དུང་སྒོར་ཤར་ཞེས་བཤད་དུས་བདག་ལ་བྱིས་དུས་ཀྱི་འཇིག་རྟེན་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཤར་ཡོང་གི དེ་ནི་ཁ་ཏོག་དཀར་དམར་གྱི་ཆོས་གྲྭའི་ནང་གི་སྤྲོ་རྩེད་གང་མང་ཞིག་བྱས་མྱངས་ཡོད་པས་རེད། ཁོང་ནི་ཆུང་དུས་ནས་རིག་ལམ་ལ་བྱང་ཞིང་། ཐལ་འགྱུར་བརྩོད་གླེང་གི་ཁྲོད་ནས་ཁོའི་རྣམ་དཔྱད་ལ་བླ་རྒན་མགོ་དཀར་མང་བོ་ཞིག་གིས་ཀྱང་ནམ་ཡང་ཡིད་རངས་བྱེད། གང་ལྟར་ཁོའི་མི་ཚེ་འདི་ཤེས་རབ་ཀྱི་ཆེད་དུ་སྐྱེས་པའམ། མིང་དོན་མཚུངས་པའི་ཤེས་རབ་ཀྱི་རལ་གྲི་ངོ་མ་ཞིག་ཡིན་པས། ཁོང་གི་སྐུ་ཚེ་ལ་བར་གེགས་མེད་པར་རྒྱ་ཁྲིམས་ནག་པོ་ནས་གང་མྱུར་ངང་ཕྱིར་ཐོན་ཡོད་པར་སྨོན།
རྒྱ་ནག་ལ་ཡོད་པ་མི་འབོར་རེད། རྒྱ་ནག་ལ་མེད་པ་མིའི་རིན་ཐང་རེད། གཡོན་ཐལ་ཅན་གྱི་དམར་གཙོ་དང་དེའི་ཤོག་ཁག་ཚོས། སྟབས་ཀ་ལྡན་ན་བོད་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་འདི་ཚོ་རྩ་མེད་གཏོང་གི་རེད། ཉིས་སྟོང་བཅུ་གཅིག་ལོ་ནས་རྒྱ་གཞུང་གི་དྲག་པོའི་ལས་འཆར་སྔར་ལས་བརྒྱ་ཆ་བཅུ་གཉིས་དང་། གྲངས་ཆུང་ལྔར་སྤར་ནས། ཨ་སྒོར་ཐེར་འབུམ་༩༡.༥སླེབས་ཡོད། དེ་བཞིན་དམག་གྲངས་ས་ཡ༢.༣ལ་སླེབས་ཡོད་ཅིང་། དེ་ནི་ཨ་རིའི་དམག་གྲངས་ལས་རྡབ་གཅིག་གིས་མང་བར་ཆགས་འདུག དེ་ལ་རྒྱུ་མཚན་མང་བོ་ཡོད། ༡༽ རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྗེས་འབྲངས་དང་བཅས་པའི་ཁ་ལྟོ། ༢༽ གྲོང་ཧ་མི་རིགས་དེ་ཧན་མི་རིགས་སུ་བསྒྱུར་རྒྱུའི་རང་ཉིད་ཀྱི་རྨི་ལམ། ༣༽ ཨེ་ཤ་ཡའི་གླིང་ཆེན་ཧྲིལ་བོ་འཛིན་འདོད་ཀྱི་ཧམ་སེམས། ༤ ༽བོད། སོག་པོ། ཡུ་གུར་སོགས། རང་ཚུགས་ཅན་གྱི་མི་རིགས་རིག་གཞུང་དང་བཅས་པ་རྩ་རྫོགས། ༥༽ རང་དང་ལྟ་སྤྱོད་མ་མཐུན་པའི་ཆོས་རྒྱུད་ཁག་དང་། མང་གཙོ། རང་དབང་། འགྲོ་མ་མིའི་ཐོབ་ཐང་སོགས། རང་ཉིད་ཀྱིས་གོ་ན་ཆེས་མི་འདོད་པའི་འབོད་སྒྲ་དང། བདེན་པ་བརྡར་མཁན་ཚོར་འཇིགས་སྐུལ་དང་། རྡུང་རྡེག་གཏོང་བ། ༦༽ འཛམ་གླིང་ཐོག་བཙན་རྒྱལ་རང་ལུགས་ཀྱི་ཟིལ་ཤུགས་ཆེ་ཤོས་སུ་འགྱིང་འདོད་ཀྱི་ང་རྒྱལ།
༧༽རྒྱ་གར་གྱི་ཨ་རི་ན་ཅལ་དང། ཉི་ཧོང་གི་ལན་ཅིན་དམར་སོད་ཆེན་མོ། ཐེ་ཝན་གྱི་རང་བཙན་སོགས་ལ། རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་དཔུང་འཇུག་བྱེད་བསམ་གི་ཡོད་པ་རེད། ང་ཚོ་ལ་དྲག་ཤུགས་མེད་ཀྱང་། བདེན་པ་དང་སྙིང་སྟོབས་ཡོད། ང་ཚོའི་གནས་བབ་དང་བསྡུར་ན། འཚེ་མེད་ཞི་བའི་ལམ་དེ། ང་ཚོའི་བགྲོད་ལམ་ཡག་ཤོས་དེ་ཡིན་པ་འདྲ། ལག་ཐལ་མོ་སྦྱར། གདོང་མིག་ཆུས་བཀྲུས། ངག་གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་པའི་མངོན་འདོད་སྒྲུབ་ཐབས་ཤིག་དགོས་པ་རེད། རབ་བྱུང་དགེ་འདུན་གྱི་སྡེ་ཞིག་ཡིན་ན། སྟོན་པའི་སློང་བཟེད་དང་འཁར་གསིར་ཕྱག་ཏུ་བསྣམས། ཆོས་གོས་སོགས་ངུར་སྨིག་གི་གོས་གྱོན། གཞན་ཕན་གྱི་བྱམས་བརྩེ་དང་། གཞན་སྣང་གཡོ་བར་ནུས་པའི་གདངས་ཅན་གྱི་ཞལ་འདོན་སོགས་སྐྱོར་ནས་ངོ་རྒོལ་བྱས་ན། བསྟན་པར་དགྲ་བྱུང་ན་འཁར་གསིར་མདུང་ཚབ་ཀྱི་དཔེ་རུ་སོང་བ་རེད། འཚེ་མེད་ཞི་བའི་ལམ་ཁ་ཉག་ཅིག་འཐབ་རྩོད་ཀྱི་སྙིང་བོར་བཟུང་ན། ཕ་རོལ་བོར་བཟུང་ན་ལག་པ་སྲེག་ནི་ཞིག བཏང་ན་ཁ་ཕོར་གཅོག་ནི་ཞིག་ཡོང་རྒྱུ་ཡིན་པ་ཐེ་ཚོམ་མི་དགོས།
ཨ་རིའི་སྲིད་འཛིན་ཧྥི་རན་ཁུ་ལེན་རོས་ཟི་བོལ་གྲུ་མཆོག་གིས། ༼ང་ཚོ་ལ་འཇིགས་ས་གང་ཡང་མེད། ཅིག་ཡོད་པ་ནི་རང་ཉིད་ཀྱི་སྐྲག་སྣང་རེད༽ཅེས་དང་། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིས། ༼ཁྱེད་ཚོས་ངའི་ལུས་པོ་ལྕགས་སྒྲོག་གིས་བཅིངས་ཐུབ། ཁྱེད་ཚོས་ང་ལ་སྡུག་སྦྱོང་དང་མནར་གཅོད་གཏོང་ཐུབ། ཐ་ན་ཁྱེད་ཚོས་ངའི་ལུས་པོ་འདི་གསོད་ཀྱང་ཐུབ། འོན་ཏེ་ངའི་སེམས་ཤུགས་ནམ་ཡང་བཙོན་དུ་འཛིན་ཐུབ་ཀི་མ་རེད།༽ཅེས་དང་། མི་རིགས་ནག་པོའི་དབུ་ཁྲིད་སྙན་གྲགས་ཅན། སློབ་དཔོན་དམ་པ་མར་ཁྲིན་ལོས་ཏིར་མཆོག་གིས། ཁྱེད་ཚོས་ངའི་ལུས་པོ་འདི་གསོད་ཐུབ་ཀྱང་། ངའི་ཆོད་སེམས་དང་། སྙིང་སྟོབས་ནམ་ཡང་གསོད་ཐུབ་ཀི་མ་རེད། ཅེས་དང་། རང་རེའི་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གིས། མེ་མདའ་དང་དྲག་ཤུགས་ཀྱི་འོག་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་རྒྱུ་མིན་པའི་བཀའ་སློབ་བསྩལ་བ་སོགས། བོད་དོན་འཐབ་རྩོད་ཀྱི་སྙིང་བོར་འཛིན་ཐུབ་པ་ཞིག་བྱུང་ན། བྱས་པའི་ལས་ལ་གྲུབ་པའི་འབྲས་བུ་ཞིག་འབྱུང་རྒྱུ་ཡིན་པ་རྒྱུ་འབྲས་ཀྱི་གྲུབ་ཚུལ་ཟློག་ཏུ་མེད་པ་ཞིག་རེད།
ངོ་མ་ཡག་བོ་འདུག་