རྟགས་ཀྱི་འཇུག་པའི་རྣམ་བཤད་མཁན་པའི་དགོངས་རྒྱན། བོད་ཀྱི་དཔེ་མཛོད་ཁང་ནས་ (2008/7/)དཔེ་བསྐྲུན་བྱས་པ།
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། འཇིག་རྟེན་ཕལ་བའི་སྐད་ཡིག་དང་གསུང་རབ་ཀྱི་བརྡ་ཆད་གཉིས་ལས། གཙོ་བོ་གསུང་རབ་ཀྱི་བརྡ་ཆད་བཀྲོལ་བའི་ཆེད་ཁོ་ནར་དམིགས་ནས་བྲིས་པ་ཡིན། ཆུང་དུས་ནས་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་དང་དགེ་བཤེས་བསོད་ནམས་ཕུན་ཚོགས་གཉིས་ཀྱི་བཀའ་དྲིན་ལས་བརྡ་སྤྲོད་རིག་པའི་འགྲོ་སྟངས་རགས་ཙམ་ཆགས་པ་དང༌། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་རིགས་ལམ་ལ་ཐོས་བསམ་གྱི་སྐལ་བཟང་ལོ་ཤས་ཐོབ་པ་ནས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་རྟགས་གཉིས་ལ་དག་སྣང་ལྷག་པར་འཕེལ་ཏེ་ཞར་དང་ཞོར་ལ་མཁས་བླུན་ཅི་རིགས་ཀྱིས་བརྩམས་པའི་སུམ་རྟགས་ཀྱི་གཞུང་འགྲེལ་བཅུ་ཕྲག་ཁ་ཤས་མིག་སྔར་རེག་པར་གཏན་ཚིགས་རིག་པས་དཔྱོད་པ་དང་འགྲོགས་ནས་ལྟ་རྒྱུའི་བགོ་སྐལ་ཐོབ།
ལྷག་པར་རྒྱ་གར་དུ་སླེབས་རྗེས་དེང་རབས་ཀྱི་འཛམ་གླིང་མཛེས་པའི་རྒྱན་གཅིག་དགེ་བཤེས་དཔལ་ལྡན་གྲགས་པའི་དྲུང་ནས་དབུ་ཚད་ཕར་གསུམ་གྱི་བཤད་ཁྲིད་ཞུས་སྐབས། གཞུང་ཆེན་པོའི་དཀའ་གནད་དུ་མའི་ནང་གི་བྱ་བྱེད་ལས་གསུམ་ལས་འཕྲོས་པའི་དྲི་རྨེད་དང་བགྲོ་གླེང་ཡང་ཡང་གནང་བ་མ་ཟད། གཞུང་ཆེན་མོའི་བརྡ་ཆད་ལས་བཏུས་པའི་དཔྱོད་གཞི་འགོང་ཆེ་བ་ཡང་མང་པོ་གནང་ནས་པྲ་སྟི་དགེ་བཤེས་རིན་པོ་ཆེའི་རྟགས་འགྲེལ་དང་མཐུན་པའི་འགྲེལ་བ་ཞིག་གསར་རྩོམ་དགོས་པའི་ནན་སྐུལ་གྱི་དཀའ་ཡི་མེ་ཏོག་གི་ཅོད་པན་སྤྱི་བོའི་རྒྱན་དུ་བཅིངས་པ་ལྟར། སྤྱི་ལོ་༢༠༠༤ལོར་ཤར་མར་རྩོམ་གདན་དང་པོ་ཟིན་བྲིས་སུ་བཏབ། ད་དུང་མཁས་པ་ཆེན་པོ་འདི་ཉིད་ཀྱིས་གཞུང་ཆེན་པོ་དང་ཚད་མ་རིག་པའི་འགྲོ་སྟངས་མ་ཆགས་པའི་རྟགས་འགྲེལ་མཁན་པོ་ཚོའི་སྨིག་རྒྱུ་དང་འཇའ་རིས་ལ་ཐེར་ཟུག་གིས་མཛུབ་ཀེར་གནང་ཐེངས་རེ་རེས་གཞུང་འགྲེལ་དེ་དག་གི་གཏད་སོ་སྦྲུལ་ཤུབས་ལྟར་ཞུས་འགྲོ། མོན་གྷོ་དུས་དབང་སྐབས་ཀྱི་སྔོན་འགྲོའི་ཆོས་བཀའ་དབུ་མ་རིན་ཆེན་ཕྲེང་བ་པར་སྐྲུན་ཞུས་དག་སྐབས། གསུང་རབ་ཀྱི་བརྡ་ཆད་འཁྲུལ་མེད་ཅིག་ཤེས་དགོས་ན་བརྡ་སྤྲོད་ཀྱི་གཞུང་འགྲེལ་གང་ཞིག་ལ་རྩ་འཛིན་དགོས་པའི་ངེས་ཤེས་གསལ་པོར་རྙེད།
གནད་འགག་དེ་དག་གཞི་འཛིན་བྱས་ནས། རྟགས་ཀྱི་འཇུག་པའི་དཀའ་གནད་འགའ་ཞིག་གི་དོགས་སེལ་གཟུར་གནས་དགྱེས་པའི་གཏམ། ཞེས་པ་ཞིག་སྒོ་མང་ལྡུམ་ར་ཐོག་བཀོད་ཁུལ་བྱས་པར་ལུང་རིགས་ཀྱི་གཤོག་རྩལ་རྫོགས་པའི་གདན་སའི་མཁས་པ་དུ་མས་བསྔགས་བརྗོད་དང་ཆ་ཚང་འགོད་དགོས་ཀྱི་འབད་སྐུལ་གནང་མཁན་ཡང་དུ་མ་བྱུང༌། གདན་སར་སྡོད་རིང་གནད་དེ་དག་རྩ་འཛིན་བྱས་ནས་འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་ཤིན་ཏུ་མང་པོ་དང༌། གདན་ས་ནས་འཐོན་རྗེས་ནོར་གླིང་མཐོ་སློབ་སོགས་ལ་དཔྱད་བརྗོད་དང་བགྲོ་གླེང་ཟུང་འབྲེལ་གྱིས་སློབ་ཁྲིད་ཀྱང་རྒྱུན་རིང་བྱས།
སྤྱི་ལོ་༢༠༠༦ལོར་སྐད་ཡིག་གསུམ་ལྡན་གྱི་ལོ་ཙཱ་བ་ཆེན་པོ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རྟགས་འགྲེལ་འདི་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ནས་དཔེ་སྐྲུན་ཞུ་རྒྱུ་ཞལ་བཞེས་ཐོག་པར་རྩ་གང་མགྱོགས་དགོས་གལ་མངགས་ནའང༌། བར་ལམ་ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་དང༌། འཕགས་བོད་ཆོས་འབྱུང་གླེགས་བམ་གསུམ་པ་རྩོམ་སྒྲིག་བྱེད་བཞིན་ཐོག རྒྱལ་ཁབ་ཕྱི་ནང་དུ་མར་འགྲོ་སྐྱོད་འདུ་འཛིའི་གཡེངས་པས་དུས་འགྱངས་རིམ་པར་སོང་མཐར། སྤྱི་ལོ་༢༠༠༧ལོར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་དགེ་འོས་འཛིན་གྲྭའི་དགེ་རྒན་གདན་ཞུས་བྱུང་བ་དང༌། གཞུང་ཁྲིད་དང་ཟུར་ཁྲིད་ཀྱི་ཞོར་ལ་ཞི་འཚོ་དཔེ་མཛོད་ཁང་ཆེན་མོར་བཞུགས་པའི་བཀའ་བསྟན་གསུང་འབུམ་ཁག་མི་ཉུང་བ་ཞིག་དང་ལྷག་དོན་བསྟན་འགྱུར་ཁྲོད་དུ་བཞུགས་པའི་བརྡ་སྤྲོད་པའི་བསྟན་བཅོས་ཡོངས་སུ་རྫོགས་པར་ཉམས་ཞིབ་ལྷོད་པོ་བྱེད་རྒྱུའི་གོ་སྐབས་ལྷ་ཡིས་བསྩལ་བ་ལྟར་བྱུང་བ་དང་སྦྲགས། དེ་སྔོན་བྲིས་ཟིན་བྱས་པ་རྣམས་ལ་སྣོན་འཕྲི་ཅི་རིགས་དང་གསར་འབྲི་དགོས་རིགས་རྣམས་ཁ་སྐོང་གིས། སྤྱི་ལོ་༢༠༠༧ལོ་ཟླ་བ་༡༡པའི་ནང་ཎཻ་རུ་མགྲོན་ཁང་དུ་མཇུག་རྫོགས་པར་བྱས།
དེ་ལྟར་གང་ཞིག་གཏན་ལ་ཕབ་ནས་བྲིས་པའི་རྟགས་ཀྱི་འཇུག་པའི་གཞུང་འགྲེལ་འདི་ཉིད། དེང་སང་ཕོ་གསར་རྐྱལ་སྟོང༌། མགོ་མ་མཐོང་གོང་ནས་ལུས་འགྲེལ་བཤད་རྒྱག་མཁན་དེ་དག་གིས་བྱེད་བབ་དང་མི་འདྲ་བར་སྔ་ཕྱིར་རྒྱུན་རིང་དཔྱད་པའི་མཐའ་སྡོམ་ལྟ་བུར་བཀོད་པ་ཡིན་པས། ཁྲིད་རྒྱུན་དང་རྨོངས་ཞེན་ལ་ཨ་འཐས་ཀྱིས་ཤི་འཐམས་མི་བྱེད་པར་རིག་པའི་རྗེས་སུ་འགྲོ་བ་རྣམས་ཀྱི་སྤྱན་ལམ་དུ་རྣམ་པར་བཀྲ་བའི་ལྟད་མོའི་དོ་ར་ཞིག་ཏུ་འགྱུར་རྒྱུའི་གདེངས་དཔོག་བྱེད་ཀྱིན་ཡིན་ལ། དེ་ལས་གཞན་གཞུང་ཆེན་པོ་དང་ཚད་མ་རིག་པའི་འགྲོ་སྟངས་མ་ཆགས་པའི་རྟགས་འགྲེལ་སྨྲ་བ་དག་གིས་ནི་བསྟོད་སྨོད་དབྱེ་ཞིབ་ཇི་ལྟར་བྱེད་ཀྱང་གྲོག་མས་གླང་ཆེན་གྱི་གཟུགས་ཚད་འཇལ་བར་ཧ་ལས་རྒྱུ་དང་ཡ་མཚན་རྒྱུ་ཅི་ཡང་མེད།
དེ་ལྟར་མོད་ཀྱང་དབྱིག་གི་གཉེན་པོས། ཉེས་པ་གྱུར་གང་དེ་ནི་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་དང༌། རྒྱལ་པོའི་སྲས་ཀྱིས། དོན་ཆེ་བ་ལ་བདག་འདྲའི་བློས། །འཁྲུལ་མི་སྲིད་པ་མ་ཡིན་པས། །ཅི་སྟེ་མིན་ན་གཞན་དུ་གྱིས། །ཞེས་པ་ལྟར། བྱེད་པ་པོ་ཚུར་རོལ་ཕལ་བའི་ས་ལས་མ་འགངས་པས། གང་ཞིག་ཉེས་པའི་བཤད་པ་མཆིས་པ་དེ་ཀུན་རང་གི་ཉེས་པ་ཁོ་ནར་ངེས་ལ། དཀའ་བའི་གནད་ལ་འཁྲུལ་བའི་བཤད་པའང་ཅིས་ཀྱང་འབྱུང་སྲིད་པ་དེ་ཀུན་གཟུར་གནས་མཁས་པ་ཚོས་གཞན་དུ་བཅོས་པ་མཛད་རོགས་ཞུ་རྒྱུ་ཡིན།
རྟགས་འགྲེལ་འདི་ཉིད་རྩོམ་འབྲི་བྱས་པའི་རྒྱུད་རིམ་ཁྲོད་ཆ་ཤས་གང་ཙམ་གློག་ཀླད་དུ་འཇུག་མཁན་དཀར་མཛེས་ཐུབ་བསྟན་དང༌། ཞུ་དག་གཏོང་མཁན་འབྲས་ཏྲེ་བློ་བཟང་ནམ་མཁའ་དང་ངག་དབང་རྒྱ་མཚོ། ནོར་གླིང་མཐོ་སློབ་ཀྱི་མེ་འོད། ཝཱ་ཎཱའི་མཐོ་སློབ་ཀྱི་ཚེ་རིང་ཕུན་ཚོགས། ལྷག་པར་མཐའ་མའི་ཞུ་དག་གནང་མཁན་ཝཱ་ཎཱ་སམ་སྐྲིའ་ཏའི་མཐོ་སློབ་ལྷ་ས་བ་ཚེ་བརྟན་དབྱངས་སྐྱིད་དང་ལོ་ཙཱ་བ་ན་ག་སངས་རྒྱས་བསྟན་དར་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདི་དོན་སྨྲ་བའི་ཉི་མ་ཕལ་བོ་ཆེ།།
དུས་ཀྱི་ཆུ་ལྷའི་ཕང་པར་གཟིམས་པ་ན།།
ལེགས་བཤད་ཟླ་བ་གསར་པའི་དཀྱིལ་འཁོར་འདིས།།
བརྡ་དོན་མུན་འཇོམས་འོད་སྣང་འཚེར་གྱུར་ཅིག།
ཤིས་སྨོན་བཅས་དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་དབང་རྒྱལ་གྱིས། རྡ་ས་གངས་སྐྱིད་སྤྱི་འཐུས་ལས་ཤག་ཏུ་སྤྱི་ལོ་༢༠༠༨ཟླ་༦ཚེས་༡༥ལ་བྲིས།
རྟགས་འཇུག་མཁན་པོ་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ། རྗེས་མར་དེབ་དེ་གཅིག་བསྐུར་ཐུབ་གནང་ཐུབ་ན་དགའ་བ་ཚད་མེད་ཅེས་པ་དེ་རྒྱུད་ལ་སྐྱེ་ས་རེད། ང་ནི་ལོ་འདི་སྙེད་ཅིག་ལ་བོད་ཡིག་དང་མཉམ་དུ་མི་ཚེ་བསྐྱལ་བའི་ཁུལ་ཡིན་ཡང་། རྟགས་འཇུག་གི་དཀའ་གནད་ཁག་ལ་ཐུག་ན་བླུན་པོ་བླུན་ནག་ཅིག་ཡིན། ཉིད་ཀྱི་དགོངས་འགྲེལ་དེ་ཡིས་ཁོ་བོས་གཙོས་པའི་རྟགས་ཀྱི་འཇུག་པ་ལ་རྨོངས་པའི་རྨོངས་པ་སྟོང་ཕྲག་གི་སྙིང་ལ་རིག་པ་ཡེ་ཤེས་ཀྱི་སྒྲོན་མེ་འོད་པོ་ཆེ་ཞིག་འདེག་ཐུབ་པའི་སྨོན་ལམ་དང་། ཁ་སྔོན་ཉིད་ལ་ངའི་ཁ་བྱང་དེ་ཕུལ་ཡོད་བསམས། སྐུ་ཉིད་ལྟ་བུའི་ཤེས་རབ་ལྡན་པའི་གྲོགས་པོ་རེ་ཟུང་ཡོད་པ་འདི་ནི་མི་ལུས་ཤིག་བླངས་པའི་དགོས་པ་གལ་ཆེན་ཞིག་ཏུ་ནམ་རྒྱུན་བསམ་བཞིན་ཡོད།
ཞོར་དུ་འདྲི་རྒྱུ་ཞིག་ལ། ཅིའི་ཕྱིར་པྲ་ཏི་དང་སི་ཏུ་གཉིས་རྗེས་འཇུག་བཅུའི་ཕོ་མོ་འབྱེད་སྟངས་ལ་མ་མཐུན་པ་རེད། སུ་ཏི་རང་ཉིད་ཀྱང་ག་ཡིག་ཕོ་རུ་བགྲང་བ་ལ་ཏོག་ཙམ་སུན་སྣང་སྐྱེས་པའི་བཟོ་སྟ་ཞིག་མཐོང་སོང་། པྲ་ཏིས་ག་ཡིག་ཕོ་རུ་མི་བགྲངས་པའི་རྒྱུ་མཚན་གསལ་བོ་ཞིག་གསུང་རོགས་ཞུ། ང་ལ་འདིར་པྲ་ཏིའི་སུམ་རྟགས་ཀྱི་དཔེ་ཆ་མེད། རྩ་བའི་ཆ་ནས་རྟགས་འཇུག་རྩ་བར་གསལ་ཁ་མེད་པའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཐོག་མར་ངོས་འཛིན་མཁན་གྱི་བརྡ་སྤྲོད་མཁན་པོ་དེ་སུ་རེད།
གུས་པར་འདྲི་བ་གཉིས་ཡོད། མཁས་དབང་ཀླུ་སྨྱོན་མཆོག་དང་བེ་རི་འཇིགས་མེད་མཆོག་གིས་ལན་ཞིག་འདེབས་རོགས་གནང་།
༡༽ ཡི་གེ་ཕོ་མོར་དབྱེ་བ་དང་། དེ་དང་མཉམ་དུ་རྗེས་འཇུག་སྦྱོར་བ་འདི། ཀློག་བདེའི་དབང་དུ་བྱས་ནས་བཟོས་པ་རེད་དམ།
ཀློག་བདེའི་དབང་དུ་བྱས་ནས་བཟོས་པ་ཡིན་ན། བོད་པའི་ངག་ལ་ཀློག་བདེའི་དབང་དུ་བྱས་ནས་བཟོས་པ་རེད་དམ། ཡང་ན་རྒྱ་གར་གྱི་སྒྲ་ཀློག་བདེར་བལྟོས་ནས་བཟོས་པ་རེད།
དཔེར་ན། བོད་པའི་ངག་ལ། “འགྲོ་གི་ཡིན། ཟ་གི་ཡོད། ལྟ་གི་ཡིན་ཅེས་ཀློག་བདེ་པོ་འདུག བྱས་ཙང་མི་མང་པོས་དེ་བེད་སྤྱོད་གཏོང་གི་འདུག ཡིན་ནའི་དེ་རྟགས་འཇུག་དང་འགལ་བ་རེད་ཅེས་གསུངས་ཀྱི་འདུག
༢༽ ད་རེས་ན་ག་སངས་རྒྱས་ལགས་ཀྱི་རྟགས་འཇུག་གི་དེབ་ནང་དེའི་སྐོར་ལ་ཞིབ་འཇུག་ཡོད་དམ།
སྤྱིར་ན་ཡུལ་དུས་གནས་སྐབས་ཐམས་ཅད་འགྱུར་བའི་རང་བཞིན་དུ་གནས་པས། ལོ་ངོ་ཆིག་སྟོང་སྔོན་དུ་ཀློག་བདེ་བའི་ཐ་སྐད་སྦྱོར་ཚུལ་གྱི་རིགས་རྣམས་ལོ་ངོ་ཆིག་སྟོང་གི་རྗེས་ཀྱི་དེ་རིང་ཀློག་བདེ་མིན་པར་གྱུར་པ་དུ་མ་ཞིག་ལོས་ཡོད།
ད་ཡག་པོ་བྱུང་། སུམ་རྟགས་ཀྱི་དཀའ་གནད་སྐོར་འགྲེལ་བཤད་རྒྱག་མཁན་ཞིག་ཡོད་ན་ང་ལ་དཀའ་གནད་ཅན་གྱི་དྲི་བ་ཁ་ཤས་ཤིག་ཡོད།
༡ རྟགས་ཀྱི་དབྱེ་བའི་ཁྱད་པར་འདི་དང་པོ་ཀློག་སློབ་པའི་སྐབས་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་ཡང་ང་ཚོས་རྗེས་རྗེས་ནས་སུམ་རྟགས་སློབ་པ་འདི་སྡོམ་པ་ཡོད་དུས་འདུལ་བ་མེད། འདུལ་བ་ཡོད་དུས་སྡོམ་པ་མེད་ཟེར་བ་ལས་མེད་ན་དེ་ཅིའི་ཕྱིར་ཡིན།
༢ རྒྱ་སྐད་དང་དབྱིན་སྐད་ཀྱིས་མཚོན་པའི་སྐད་ཡིག་གཞན་པ་ཚོ་མི་མང་གི་ཁ་སྐད་ཇི་བཞིན་བཟོས་ཡོད་པར་བརྟེན་དེ་ལ་མཁས་པའི་དབང་བོ་ཚོས་ཀྱང་ཐག་མི་ཆོད་པའི་དཀའ་གནད་ཅིག་མེད་ན་ཡང་ང་ཚོར་དཀའ་གནད་ཀྱི་ཐོག་ལ་དཀའ་གནད། རྩོད་གཞིའི་ཐོག་ལ་རྩོད་གཞི། འགྲེལ་བཤད་ཀྱི་ཐོག་ལ་འགྲེལ་བཤད་རྒྱུན་མ་ཆད་པར་དགོས་པ་དེ་ཅི་ལ་ཐུག་པ་ཡིན་ནམ།
༣ ང་ཚོའི་ཁ་སྐད་ནང་རྩ་ནས་མེད་པ། དཔེ་གཅིག་བཀོད་ན་ལྷག་བཅས་ཀྱི་ཕྲད་ལྟ་བུ་འདི་ཚོ་ཡང་ང་ལ་མཚོན་ན་དཀའ་གནད་ཀྱི་དྲི་བ་ཞིག་རེད། འདི་ཚོ་གནམ་ནས་བབས་པ་རེད་དམ་ས་ནས་སྐྱེས་པ་རེད།
༤ མདོར་དེད་ན་རྣམ་དབྱེ་ཟེར་བ་དེ་ཅི་ཞིག་ཡིན་པ་དང་། ཕྲད་འགའ་རེ་རྣམ་དབྱེ་ཡིན་པ་དང་ཕྲད་འགའ་རེ་རྣམ་དབྱེ་མིན་པ་དེ་རྣམ་དབྱེའི་མཚན་ཉིད་དང་སྦྱར་ནས་འགྲེལ་བཤད་ཅིག་གནང་ཐུབ་བམ།
༥ བོད་ཀྱི་བརྡ་སྤྲོད་རྒྱ་གར་ནས་དར་བ་རེད་ཟེར་བ་དེ་བདེན་པ་རེད་དམ། ང་ཚོར་རྣམ་དབྱེ་བརྒྱད་ཟེར་བ་ཞིག་ཡོད་པ་དང་། ཡང་ང་ཚོས་སྒྲ་སྦྱོངས་ན་རྣམ་དབྱེའི་རྐྱེན་སྟེར་ཚུལ་ཞིག་ཡོད་པ་དེར་འབྲེལ་བ་ཞིག་ཡོད་པ་མ་རེད་དམ།
༦། ཐོན་མིས་སྒྲའི་བསྟན་བཅོས་བརྒྱད་མཛད་ཀྱང་གླང་དར་གྱིས་བསྟན་པ་བསྣུབས་སྐབས་ནུབ་པ་རེད་ཟེར་སྲོལ་ཡོད་པ་དང་རང་རེའི་ངདྟན་བཅོས་འགའ་རེར་རྒྱ་གར་གྱི་བྱཱ་ཀ་ར་ཎའི་བསྟན་བཅོས་བརྒྱད་ཀྱི་མིང་འབོད་དུ་ཡོད་པ་ལྟར་དོན་དངོས་སུ་དེ་གཉིས་གཅིག་པ་ཡིན་ནམ་ལོགས་སུ་ཡིན།
༧ སྐད་གཞན་ཞིག་གི་བརྡ་སྤྲོད་ཁྱེར་ཡོང་ནས་སྐད་མི་འདྲ་བ་གཞན་ཞིག་ལ་སྦྱར་བར་བརྟེན་ད་ལྟའི་ང་ཚོར་ཁ་སྐད་ཅིག་དང་ཡིག་སྐད་ཅིག་མི་འདྲ་བ་གཉིས་ཆགས་པའི་དཀའ་ངལ་འདི་ཕྲད་པ་མ་ཡིན་ནམ།
དྲ་གྲོགས་ཚོ་ཐུགས་སྣང་གནང་བ་ཐུགས་རྗེ་ཆེ། དེ་རིང་ཕྲན་དྷ་ས་ནས་ལྡི་ལི་རྒྱུད་དེ་ཀ་ལོན་སྦུག་ཏུ་འགྲོ་དགོས་བརྟེན་དྲིས་ལན་འབུལ་ཐུབ་མ་སོང་ཡང་། གཅིག་བྱས་ན་མེ་འཁོར་ནང་ནས་ལན་འབུལ་ཆོག
མཁས་དབང་བེ་རི་ལགས་ཀྱི་ལྡོག་འོད་འཕྲོས་པ་ལྟ་བུའི་སྔོན་གླེང་གི་གཏམ་དེ་ཀློག་དུས་མཆན་ཞིག་མི་འདོགས་ག་མེད་ཆགས།
ཐོག་མར་ཤར་མར་བརྩམས་པའི་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ཞེས་པ་ལེགས་གྲུབ་བྱུང་བ་ལ་ཐུགས་རྗེ་ཆེ་ཞུ། ཕྱིས་སུ་ཀློག་ཐུབ་པའི་རེ་བ་ཡོད།
འདི་གར་རྩོམ་པ་བོ་ལ་ཀུ་རེ་ཞིག་གི་ཚུལ་དུ་ཞུ་རྒྱུ་ནི། གོང་དུ་ཉིད་ཀྱིས་གསུངས་པ་བཞིན་མགོ་མ་མཐོང་གོང་ལ་ལུས་པོའི་འགྲེལ་བཤད་ཀྱི་དཔེ་ལྟར་སྔོན་གླེང་ནང་དུ་འབྲེལ་མེད་ཀྱི་འགྲེལ་བཤད་མང་བོ་ཞིག་ཡོད་པ་འདི་མཚར་ཆེ། དཔེར་ན། ༡ དཀའ་ལས་མེད་པར་ཤར་མར་བྲིས་པས་སྨྱུག་རྩལ་ཆེ་བ། ༢ རྒྱལ་ཁབ་ཕྱི་ནང་ལ་འགྲོ་བསྐྱོད་མང་བས་མཛད་འཕྲིན་རྒྱས་པ། ༣ ནེ་རུ་མགྲོན་ཁང་དུ་མཇུག་རྫོགས་པར་བྱས་པས་འབྱོར་སྟོབས་ངོམས་པ། ༤ ནོར་གླིང་དང་ཝར་ན་མཐོ་སློབ་ཀྱིས་གདན་ཞུ་བྱས་པས་ཆེ་མཐོང་གླེང་བ། ༥ བཀའ་བསྟན་གཉིས་དཔྱད་གཞིར་གླེང་བས་དཔྱད་ཞིབ་ཀྱི་རྩལ་རྫོགས་པ། ༦ རྩོམ་སྒྲིག་དང་ཞུ་དག་གི་ལས་ལ་བྲེལ་བས་མཁས་པའི་ཁྱད་ཡོན་སྟོན་པ། ༧ སྤྱི་འཐུས་ལས་ཤག་ཏུ་བཞུགས་པས་དབང་ཐང་བརྗོད་སོགས་དང་།
སྤྱིར་རྩོམ་ཡིག་གང་ཞིག་གི་རིན་ཐང་ནི་ཀློག་པ་བོ་དང་དཔྱད་བརྗོད་པས་འཇོག་དགོས་མོད། ད་རེས་བེ་རི་ལགས་ཀྱིས་ཀློག་པ་བོ་དང་དཔྱད་བརྗོད་པ་ཚོར་འགན་མེད་པར་རང་རྩོམ་ལ་རང་གིས་མཐའ་སྡོམ་བྱས་ཡོད་པ་ཐུགས་རྗེ་ཆེ། གཞན་གྲོག་མ་ལ་གླང་ཆེན་གྱི་གཟུགས་ཚད་མེད་ནའང་། གྲོག་མ་ནི་གླང་ཆེན་ལས་རྒྱལ་བའི་ལོ་རྒྱུས་དེ་ཡང་བརྗེད་ག་ལ་རུང་།
གཞན་ཚངས་དབྱངས་ཀྱི་མཆན། ན་ག་སངས་རྒྱས་བསྟན་དར་གྱི་རྟགས་འཇུག་གི་དེབ་ཅེས་པའི་དོན་མ་གོ།
བརྡ་སྤྲོད་མཁན་པོ་བེར་འཇིགས་ལགས་སུ།
སྐུ་ཉིད་ཀྱིས་རྟགས་འགྲེལ་བརྩམས་པའི་བརྒྱུད་རིམ་ངོ་སྤྲོད་དེའི་ནང༌། བཤད་ཁྲིད་ཞུས་སྐབས། ཞེས་པའི་ཞུས་དང༌། དྲི་རྨེད། ཅེས་པའི་དྲི་དང་རྨེད་གཉིས་སོ་སོའི་དོན། དཔྱོད་གཞི་འགོང་ཆེ་བ། ཞེས་པའི་ཚིག་ཆ་ཚང༌། དཀའ་ཡི་མེ་ཏོག ཅེས་པའི་དཀའ། ཞུས་དག ཅེས་པའི་ཞུས། འདུ་འཛིའི་གཡེངས་པས། ཞེས་པའི་གཡེངས། གདེངས་སྤོབས། ཞེས་པའི་གདེངས། ཕལ་པའི་ས་ལས་འགངས་པས། ཞེས་པའི་འགངས། རྣམས་ནི་ཕལ་ཆེར་འགྲིགས་ཨ་ཡོད་སྙམ།
ཕྲན་གྱི་འདོད་པར། བཤད་ཁྲིད་ཞུ་སྐབས་ཞེས་དུས་འདས་པའི་ད་ལྟ་བ་སྤྱོད་དགོས། དྲི་དང་རྨེད་ནི་བརྡ་གསར་རྙིང་གི་ཁྱད་པར་ཡིན་པས་གཉིས་ཆར་སྨྲས་པ་ཟློས་སྐྱོན། དཔྱད་གཞི་འགངས་ཆེ་བ་ཞེས་བརྗོད་དགོས་པ་ཡོངས་གྲགས་ཡིན། རྒྱལ་བའི་བཀའ་ནི་བ་བཀའ་ཡིན་པས་བཀའ་ཡི་མེ་ཏོག་ཡིན། ཞུ་དག་ཅེས་དུས་ད་ལྟ་བར་བརྗོད་པ་མ་བདེ་བ་མེད་བཞིན་དུ་དུས་འདས་པ་ནས་བཟོ་དགོས་དོན་མེད། གཡེང་བ་ཞེས་མིང་ཚིག་དུས་ད་ལྟ་བར་བརྗོད་པ་མ་བདེ་བ་མེད་སྟབས་གཡེངས་པས་ཞེས་བརྗོད་དོན་མེད། ཡིག་རྙིང་རིགས་འགར་གདེངས་ཞེས་བརྗོད་སྲོལ་ཡོད་ཀྱང༌། ཡོངས་གྲགས་ལྟར་གདེང་ཞེས་བརྗོད་ན་འཐད། ས་ལས་འགོངས་ཞེས་དེ་ལས་གྲོལ་བའི་དོན་ཡིན་པས། དེས་ན་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་ཐུགས་མཉམ་པར་འཇོག་རོགས་ཞེས་ཞུའོ།
རིག་པའི་གྲོགས་པོ་ཀླུ་སྨྱོན་ལགས། མཁས་པ་ཆེན་པོ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་སུམ་ཅུ་པའི་རྩ་བར།
དང་པོ་གཉིས་ལ་དང་པོ་མཐུན།།
གསུམ་ལྔ་བཅུ་ལ་ཀྱ་དང་མཐུན།།
ལྷག་མ་རྣམས་ནི་གྱ་དང་སྦྱར།།
ཞེས་པའི་གཞུང་ཚིག་ལ་བརྟེན་ནས་རྗེས་འཇུག་གི་རྟགས་གསུམ་གྱི་དབྱེ་བ་མཛད་པ་ཡིན་ཏེ། །གཞུང་སྦྱོར་འགོད་ན། རྗེས་འཇུག་ད་བ་ས་གསུམ་ཆོས་ཅན། རྗེས་འཇུག་གི་ཕོ་ཡིག་ཡིན་ཏེ། ཐོན་མིས། གསུམ་ལྔ་བཅུ་ལ་ཀྱ་དང་མཐུན༎ ཞེས་གསུངས་པར་རྒྱུ་མཚན་ཞིག་ཡོད་པའི་ཕྱིན། དེར་ཐལ། འདི་མཐུབན་པ་ནི་སྒྲ་གདངས་དྲག་ཞན་མཐུན་པའི་དོན་ཡིན་པའི་ཕྱིར། རྗེས་འཇུག་ག་ང་ན་མ་ར་ལ་དྲག་ཆོས་ཅན། རྗེས་འཇུག་གི་མོ་ཡིན་ཏེ། རྩ་བར། དང་པོ་གཉིས་ལ་དང་པོ་མཐུན༎ ཞེས་དང༌། ལྷག་མ་རྣམ་ལ་གྱ་སྦྱར་བ་ཞེས་གསུངས་པའི་ཕྱིར། འ་ཡིག་མ་ནིང་དུ་བཞག་པ་ནི་ཀློག་ན་ཤེས་ནུས་པར་དགོངས་པར་སེམས་སོ། །པྲ་ཏི་ཡན་ཆད་ཀྱི་མཁས་པ་ཕལ་ཆེ་བས་བཞེད་པ་འདི་དང་འདྲ་བ་སེམས་མོད། སི་ཏུ་པཎ་ཆེན་ནི་འཕགས་བོད་ཀྱི་བརྡ་སྤྲོད་པའི་གནས་ཀུན་ལ་འགྲན་ཟླ་མེད་པའི་མཁས་པ་ཡིན་པ་ལ། རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་བླ་སློབ་ཀྱི་འབྲེལ་བ་མ་ཆགས་པའི་སྔོན་དུ་དགེ་ཕྱོགས་ཀྱི་བརྡ་སྤྲོད་མཁན་པོ་རྣམས་དང་གོང་ས་ལྔ་པའི་དངོས་སློབ་གསང་སྔགས་སྔ་འགྱུར་བའི་བརྡ་སྤྲོད་མཁན་པོ་དག་ལ་དམིགས་ཕུག་གིས་ཟུར་ཟ་དང་དགག་བཞག་མཛད་ནའང་། རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་བླ་སློབ་ཀྱི་འབྲེལ་ཆགས་པ་ནས། དབུས་འགྱུར་ཆོས་ཀྱི་ཞིང་དུ་བརྡ་སྤྲོད་ཀྱི་སྲོལ་ཆེན་པོ་འབྱེད་པའི་འཕྲིན་ལས་ ཀྱི་འཇུག་པ་ཡངས་པོར་གྱུར་པ་ནས། དགག་བཞག་གནང་སྟངས་ཀྱི་རྣམ་པ་ཡང་མི་འདྲ་བར་གྱུར་ཡོད། ཁོང་གིས་འགྲེལ་ཆེན་རྩོམ་པར་མི་ལོ་བཅུ་གྲངས་ལྷག་གི་རྒྱུད་རིམ་ནང་ཉམས་ཞིབ་གང་འཚམ་ཞིག་གནང་ན་མགོ་དང་མཇུག་དབར་གྱི་རྣམ་པར་མི་འདྲ་བ་ཆེན་པོར་གྱུར་ཡོད། ལོ་ཆེན་ནམ་བཟང་ནས་བཟུང་སྔ་ཕྱི་མཁས་པ་མང་པོས་རྗེས་འཇུག་གི་ཕོ་མོ་མ་ནིང་གི་དབྱེ་བ་བཞག་སྟངས་མི་འདྲ་བ་ཙམ་མ་གཏོགས། སྤྱིར་སྒྲ་གདངས་དྲག་ཞན་ལ་ལྟོས་ནས་འཇོག་དགོས་པ་ནི་བཞེད་པ་གཅིག་ཏུ་མཐུན་ཞིང༌། འཇོག་ལུགས་མི་འདྲ་བ་རྟ་མོག་གི་སྤུ་ལྟར་གྱུར་ཡོད་པ་འདི་དག་ལ་བརྟགས་ན། ལོ་ཆེན་ནམ་མཁའ་བཟང་པོའི་སྐབས་ནས་བོད་ཀྱི་ཡི་གེ་ཀློག་སྟངས་ཐད་སྒྲ་གདངས་གཅིག་གྱུར་གྱི་ཕུགས་གཏན་འཁེལ་བ་དང་གདེང་འཇོག་ཐུབ་མཁན་ཞིག་མེད་པར་གྱུར་ཚར་བ་ཧ་ཅང་གསལ་སྙམ་སྟེ། གཞན་དུ་ན་རང་རང་གིས་ཞིབ་པར་བཀླགས་ན་རྗེས་འཇུག་སོ་སོའི་སྒྲ་གདངས་དྲག་ཞན་གྱི་ཁྱད་པར་མ་འདྲེས་པ་ཞིག་ཡོང་དགོས་པ་ལ། མཁས་པ་གཅིག་གིས་དྲག་པོ་བཀླག་པ་དེ་ཅིག་ཤོས་ཀྱིས་ཞན་པར་བཀླག་སྟངས་ཀྱི་རྣམ་འགྱུར་འདུག་པའི་ཕྱིར། ད་དུང་དཔྱད་པར་བྱ་བའི་གཞི་གཅིག་ནི་རྟགས་འཇུག་རྩ་བ་ས་པཎ་གྱིས་མཛད་ནས་ཤོངས་ལོས་སྒྲིག་པའི་ཕྱོགས་སུ་འདོད་མཁན་ཚོར་རྒྱུ་མཚན་མི་འདུག་ཅེས་མཐའ་གཅིག་ཏུ་ཞུ་མི་ནུས་ལ། གང་ལྟར་སི་ཏུས་ཁམས་སྐད་ཀྱིས་ཀློག་ནས་རྗེས་འཇུག་ག་ཡིག་སྒྲ་གདངས་དྲག་པོ་སླེབས་པ་དང་གཞན་དག་ཚོས་དབུས་སྐད་ཀྱིས་ཀློག་པས་སྒྲ་གདངས་ཞན་པ་ཡོང་གི་ཡོད་པ་ཡིན་འགྲོ། གང་ཡིན་མི་ཤེས། པྲ་ཏིས་ནི་ཐོན་མི་རྩ་བ་རྒྱུ་མཚན་བྱས་འདུག་སྙམ། དེང་སང་གཞོན་ནུ་བློ་གསལ་བ་རྣམས་ཀྱང་སུམ་རྟགས་ཀྱི་འགྲེལ་པ་གང་ཞིག་གི་རྗེས་སུ་ཁྱི་རྒྱུགས་པ་ལྟར་རང་གིས་བཀླག་སྟེ་སྒྲ་གདངས་ཇི་འདྲ་ཞིག་ཡོང་མིན་ལ་མ་བརྟེན་པར་ཟེར་སྒྲོས་ཀྱི་དཔུང་ཙམ་ཁོ་ན་སྐྱབས་སུ་བརྟེན་ཅིང༌། རང་ཉིད་ཀྱིས་མཐོང་མྱོང་བ་དང་སྦྱོང་མྱོང་བ་དེ་ཁོ་ན་ཡིན་པར་འཛིན་པས་ཅིག་ཤོས་མིག་ལམ་དུ་མཐོང་ཙམ་ཡང་མ་མྱོང་ཞིང༌། གལ་སྲིད་མཐོང་ན་ཡང་ནོར་བ་དང་འཁྲུལ་བའི་སྣང་བ་ཡ་མཚན་པ་ཞིག་ཤར་ཏེ་ཁ་གཉེར་སྣ་རྫིང་མིག་བགྲད་དེ་ཧ་ལས་ཧོན་འཐོར་མདོག་བྱེད་པས་ལུང་པ་གང་། དེས་ན་ཐོས་ཉུང་བླུན་པོའི་རྨོངས་གཉིད་ལས་མ་སད་བར་དུ་འཁྲུལ་སྣང་གི་རྨི་ལམ་དེ་ནམ་ཡང་བཟློག་པའི་ཐབས་མེད།
གྲོགས་པོ་ཀླུསྨྱོན་ལགས། ཕྲན་གྱི་རྟགས་འགྲེལ་འདི་གློག་འཕྲིན་ནང་དུ་འབུལ་ཆོག་ལ། མི་འགྲོ་འདྲ་ཡོད་ན་ལག་རྒྱུད་ནས་བསྐུར་ཆོག ད་དུང་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་དེ་ཡང་རྩོམ་པ་པོས་ཕྲན་ལ་པར་ཕུད་གནང་བྱུང་བའི་ཐོག ཆོས་ལུགས་ཚོགས་ཆེན་ཐོག་དེབ་དེ་རེ་རེ་སྤྲོད་བྱུང་བས་ཚར་གཉིས་ཡོད་པ་ལས་གཅིག་དེ་ཁྱོད་ལ་སྐུར་ཆོག གཞན་ཁ་པར་ཐོག་འབྲེལ་བ་གནང་རོགས། ཕྲན་ད་ལྟར་རྡོ་རྗེ་གླིང་ལ་ཡོད། ཉིན་ཤས་རིང་བྲེལ་བ་ཤིན་ཏུ་ཆེ། དུས་ཚོད་བྱུང་ན་དྲི་བ་གནང་མཁན་གཞན་རྣམས་ལ་ལན་ཕུལ་ཆོག
རྡོ་དང་ཤིང་སྡོང་ཉིལ་བས་རྒྱ་ལམ་བཀག།
ཉམ་ཆུང་སྐྱེ་འགྲོ་དུ་མའི་ཚེ་སྲོག་ཤོར༎
གནམ་ས་སྨུག་པས་བསྟིམས་པའི་རྡོར་གླིང་འདི༎
ངེས་འབྱུང་བསྐྱར་མར་འཕེལ་བའི་ཁོར་ཡུག་ཅིག།
ཨ་ཧ་བོ་ན་ཧ་བོ། ད་ངོ་མ་བེ་རི་དགེ་བཤེས་འདི་སྨྱོས་བསྡད་ཡོད་ནི་འདྲ་ཟིག་རེད། ཨ་རོ་བེ་རི། སློབ་དཔོན་ཐོན་མིའི་སུམ་ཅུ་པའི་རྩ་བར།
དང་པོ་གཉིས་ལ་དང་པོ་མཐུན། །
གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
བདུན་པ་ཉིད་ལ་བདུན་པ་སྟེ། །
ལྷག་མ་རྣམས་ལ་གྱ་སྦྱར་བ། །
དེ་དག་ཨི་སྦྱར་འབྲེལ་བའི་ས། ། ཞེས་བྲིས་ཡོད་མོད།
ཁྱོད་ཀྱིས་“སུམ་ཅུ་པའི་རྩ་བར།
དང་པོ་གཉིས་ལ་དང་པོ་མཐུན།།
གསུམ་ལྔ་བཅུ་ལ་ཀྱ་དང་མཐུན།།
ལྷག་མ་རྣམས་ནི་གྱ་དང་སྦྱར།།
ཞེས་པའི་གཞུང་ཚིག་ལ་བརྟེན་ནས་”ཟེར་བ་དེ་ཅི་ཡིན་ནམ། འདིའི་རྩ་བ་འདི་ཁྱོད་ཀྱིས་གང་ནས་ཁྱེར་ཡོང་བ་ཡིན། ཐོན་མི་ལ་བརྡ་སྤྲོད་ཀྱི་གཞུང་བརྒྱད་ཡོད་ཀྱང་གཉིས་མ་གཏོགས་གཞན་རྣམས་དེང་སང་མེད་ཅེས་གྲགས་པའི་གཞན་དེ་ཚོ་ལོན་བཏང་ནི་མིན་ན། དེ་ལོན་ཡོད་པ་ཡིན་ན་ཤིན་ཏུ་རྩ་ཆེན་པོ་རེད། ཨ་སྐུ་ཚེ་རིང་རྒྱུ་བོ། ད་གཟབ་གཟབ་འདྲ་རེ་བྱེད་རྒྱུ་མེད་ནི་ཨི་རེད། ཁྱོད་དགེ་བཤེས་ཤིག་མིན་ནམ། ཧ་ཧ་ཧ་ཧ་ཧ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ།
བོད་པ་ཚོར་སྲོལ་རྒྱུན་ནམ་སྤྱི་འགྲོས་ཤིག་ཡོད། རིག་པའི་གནས་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་། དེར་རང་གིས་རྣམ་དཔྱོད་དང་ཉམས་མྱོང་སོགས་སྤྱད་ནས་གཞུང་ལུགས་ཤིག་གྲུབ་པའམ། གཞུང་ལུགས་གང་ཞིག་ཡུལ་དུས་དང་བསྟུན་ནས་མཐོ་འདེགས་བྱེད་རྒྱུར་མི་བརྩོན་པར། དང་པོ་ནས་མི་རིགས་གཞན་གྱི་གཞུང་ལུགས་ཤིག་ཚུར་བླངས། དེ་ཁྲིམས་དང་སྒྲིག་གཞི་འམ། ཡང་ན་མན་ངག་དང་བྱིན་རླབས་ཀྱི་རྫོང་མཐུག་ཚུལ་བསྙད་ནས་འགྲེལ་བ་དང་ཡང་འགྲེལ། དེའི་ཡང་འགྲེལ་སོགས་བྲིས། གང་བྲིས་པ་དེར་དོགས་སློང་བྱུང་སྐབས་ཁུངས་གཏུགས་ས་ཡང་མི་རིགས་གཞན་གྱི་གཞུང་ལུགས་དེར་བཅོལ། དེས་དག་འཕར་མ་བྱུང་ཚེ་ནང་ཁུལ་ཆོས་ལུགས་དང་། གྲུབ་མཐའ། ཡུལ་ལུང་། ཤོག་ཁག་སོགས་སྒྲིག་ནས་ཚིག་གིས་དམོད་རེ་དང་ལག་གིས་དམར་འཛིང་བྱེད་རེ་བྱེད།
གྲོགས་པོ་བེ་འཇིགས་ལགས་སི་ཏུ་དང་པྲ་ཏི་གང་གི་རྗེས་སུ་འབྲངས་ནས་རྟགས་འཇུག་འགྲེལ་པ་བརྩམས་གནང་མཛད་པ་ཡིན། གལ་སྲིད་པྲ་ཏི་ཡིན་ན་རྒྱུ་མཚན་ཅིའི་ཕྱིར། པྲ་ཏི་དགེ་ལུགས་པ་ཡིན་པས་ཡིན་རྒྱུ་མ་རེད། ཨ་མདོ་རེབ་ཀོང་ཕྱོགས་ཀྱི་ཚེ་ཏན་ཞབས་དྲུང་ཡབ་སྲས་ཀྱིས་གཙོས་པའི་མཁས་དབང་དག་སི་ཏུའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་ག་བ་ད་ས་བཞི་ཕོ་ཡིག་ཏུ་བགྲངས་འདུག ཡིན་ན་ཡང་ཁོང་བ་དག་ཅིའི་ཕྱིར་གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར་བ་ཙམ་གྱིས་འདོད་པ་མ་ཚིམས་པར་པཎ་ཆེན་སི་ཏུའི་རྗེས་སུ་བརྒྱུགས་པ་རེད། དེ་བཞིན་ལ་དོན་གྱི་སྐབས་སུ། ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །ཞེས་པའི་སྐབས་སུ་གསུམ་ལྔ་བཅུ་ཡི་སྒྲིག་ཁྲིམས་དེ་གང་དུ་སོང་བ་རེད། བླ་བྲང་བཀྲིས་འཁྱིལ་གྱི་དམུ་དགེ་བསམ་གཏན་སོགས་ཀྱིས་གཙོས་པའི་མཁས་པ་དག་པྲ་ཏིའི་རྗེས་སུ་འབྲངས་ནས་ད་བ་ས་གསུམ་ཕོ་ཡིག་ཏུ་བགྲངས་འདུག གསེར་ཏོག་སུམ་རྟགས་མཛད་པ་པོ་རྗེ་སྐུ་འབུམ་གྱི་གསེར་ཏོག་ཚང་གང་གི་རྗེས་སུ་འབྲངས་ཡོད་མེད་དྲན་མ་སོང་།
བེ་རིས་དངོས་གནས་ལབ་བརྒྱབས་འདུག ཤར་རལ་གྲིས་བཤད་པ་ལ་བདེན་རྩ་འདུག ཀླུ་སྨྱོན་ལ་བྲིས་པའི་ལན་དུ་རྩ་ཚིག་ནོར་བ་སོགས་ལ་བལྟས་ན་འོལ་ཚོད་དུ་འབྲི་མཁན་ཞིག་ཀྱང་ཡིན་ཚོད་འདུག ལྷག་པར་དུ་པྲ་ཏིས་རྗེས་འཇུག་གི་རྟགས་དབྱེ་སྟངས་འབྲེལ་སྒྲའི་རྩ་ཚིག་ལ་བརྟེན་པ་རེད་ཟེར་བའི་ཁུངས་གང་ཡིན་ནམ། པྲ་ཏི་རང་གི་བཤད་སྦྱར་མ་དང་ཨ་ཀྱཱ་ཡོངས་འཛིན་གྱི་དེའི་དགོངས་འགྲེལ་སོགས་ན་ཟུར་ཙམ་ཡང་མེད། སི་ཏུའི་འགྲེལ་ཆེན་དུ་གཞན་གྱི་ནོར་བ་འགོག་པའི་སྐབས་སུ་ལུགས་དེ་བཀོད་ཡོད་ནའང་། ལུགས་དེ་ནི་ཕྱི་མའི་མིང་མཐའ་འདྲེན་ཚུལ་གྱིས་སྔ་མའི་རྗེས་འཇུག་ལ་ཕོ་མོ་མ་ནིང་གི་ངོས་འཛིན་བྱེད་མཁན་གྱི་ལུགས་ཤིན་ཏུ་ནོར་འཁྲུལ་ཅན་ཞིག་ཡིན་པས། དེ་པྲ་ཏི་ཡིན་མིན་ལ་དོགས་པ་ཡོད། སི་ཏུས་དེ་པྲ་ཏི་ཡིན་པར་ནམ་ཡང་མ་གསུངས། ལུགས་དེའི་ནོར་འཁྲུལ་ནི་འབྲེལ་སྒྲ་རང་གི་སྐབས་སུའང་འ་ཡིག་ལ་འ་ཡིག་མཐུན་པ་དེས་འ་ཡིག་མ་ནིང་དུ་འགྲུབ་དགོས་ཀྱང་དེ་ཡོང་མི་སྲིད་པར་མ་ཟད། ལ་དོན་སོགས་ཀྱི་སྐབས་ད་བ་ས་སོགས་ལའང་སྐྱོན་འབྱུང་བ་ཀླུ་སྨྱོན་གྱིས་བཤད་པ་དེ་ག་རང་རེད།
གཞན་ཡང། བེ་རིས་སྐབས་འདིའི་མཐུན་པའི་དོན་སྒྲ་གདངས་དྲག་ཞན་མཐུན་པའི་དོན་དུ་བཤད་པའང་ནོར་ཡོད་དེ། སྤྱིར་སྒྲ་མཐུན་པ་དང་རྟགས་མཐུན་པ་གཉིས་ལ་ཁྱད་པར་ཡོད་པར་མ་ཟད། སྒྲ་མཐུན་པ་ཞེས་པའང་བརྗོད་བདེ་བའི་དོན་ལས་སྒྲ་གདངས་དྲག་ཞན་མཐུན་པའི་དོན་མིན་ཏེ། དཔེར་ན། གཡས་སུ་ལྟ་བུ་ནི་སྒྲ་མཐུན་འདྲེན་པ་ཡིན་པ་ལ་རྩོད་པ་མེད་ཀྱང་དེའི་སྒྲ་གདངས་དྲག་ཞན་མི་མཐུན་ཏེ། ས་སྔ་མ་དྲག་པ་དང་ཕྱི་མ་ཞན་པ་ཡིན་པའི་ཕྱིར་རོ། གཞན་ཡང། ལོ་ཆེན་ནམ་བཟང་སོགས་མཁས་པ་མང་པོས་རྗེས་འཇུག་གི་རྟགས་དབྱེ་ཚུལ་སྒྲ་གདངས་ལ་ལྟོས་ནས་འཇོག་པ་བཞེད་པ་གཅིག་ཏུ་མཐུན་ཟེར་བའང་རྫུན་ཏེ། སྒྲ་གདངས་ལ་ལྟོས་ནས་མིན་པར། ཕྲད་དང་རྣམ་དབྱེ་སོགས་འདྲེན་ཚུལ་གྱི་སྒོ་ནས་དང། སྔོན་འཇུག་བཞིན་དུ་འདས་དང་གཞན་སྒྲུབ་སོགས་ཀྱི་དོན་སྟོན་ཚུལ་གྱི་སྒོ་ནས་ཀྱང་འཇོག་མཁན་ཡོད་པ་སི་ཏུས་གསལ་བར་གསུངས་པ་དེའི་ཕྱིར་རོ།།
གཞན་ཡང། སི་ཏུས་ཁམས་སྐད་དུ་ཀློག་པས་རྗེས་འཇུག་ག་ཡིག་གི་སྒྲ་གདངས་དྲག་པར་ཐོན་པ་ཡིན་དུ་ཆུག་ཀྱང། ལོ་ཆེན་ནམ་བཟང་དང། རྣམ་གླིང་པཎ་ཆེན། སུམ་པ་མཁན་ཆེན་སོགས་ཀྱིས་རྗེས་འཇུག་ག་ཡིག་ཕོར་འདོད་པ་དེ་སོ་སོའི་སྐད་བསྐྱུར་ནས་ཁམས་སྐད་དུ་ཀློག་པ་ཞིག་ཨེ་ཡིན་ནམ། དེས་ན་སྤྱི་འཐུས་ཀྱི་མཛད་བྲེལ་དང་མཁས་པའི་རྩོམ་བྲེལ་སོགས་ཀྱིས་ཞིབ་ཏུ་དཔྱད་ལོང་མེད་ན་འོལ་ཚོད་དུ་མ་བྲིས་ན་ལེགས་ལ། རྟགས་འཇུག་གི་འགྲེལ་པ་དེའང་འོལ་ཚོད་ཀྱི་འགྲེལ་པ་ཞིག་མིན་པའི་ངེས་པ་མི་སྣང་ངོ།།
ང་ཚོའི་ལུང་ཚན་རེ་ལ་སྐད་ལུགས་མི་གཅིག་པ་མང་པོ་ཞིག་ཡོད་པ་འདིར་བལྟས་ན་འཕུལ་རྟེན་མིང་གཞི་དང་བཅས་པར་རྟགས་ཀྱི་དབྱེ་བ་མཐའ་ཡས་པ་ཞིག་ཡོད་དགོས་པ་འདུག་ཀྱང་། སྟབས་ཡག་ནས་དེ་འདྲའི་རྟགས་ཀྱི་དབྱེ་བ་མང་པོ་ཞིག་བྱུང་མེད་པ་དང་རྟགས་ཀྱི་དབྱེ་བ་བྱུང་བ་དེ་ཚོ་ཡང་ང་ཚོའི་ངག་ཐོག་བླངས་ནས་ཡང་ཡང་ཀློག་ཅིང་དཔྱད་པ་བྱས་པ་ཡིན་ན་ཕལ་ཆེ་བ་དོན་ལ་གནས་པ་ཡང་རྩ་བའི་ཆ་ནས་ངེས་པ་རྙེད་ཀྱི་འདུག
དེ་བཞིན་དུ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཡང་དེ་ལས་མ་འདས། རྗེས་འཇུག་ག་ཡིག་འདི་ལྷ་སའི་སྐད་ལྟར་ཀློག་ན་ག་སྒྲ་ཐོན་ལ་མ་ཐོན་ཡོད་ལ་མེད་པ་འ་སྒྲ་དང་ཉེ་བ་ཞིག་ཡིན་པའི་ཆ་ནས་འདི་མོ་ཡིག་ལ་འགྲོ་དགོས་པ་ལྟ་བུར་མཐོང་། ཡིན་ན་ཡང་། ཨ་མདོའི་སྐད་ལྟར་ཀློག་ན་ག་སྒྲ་གསལ་བོར་ཐོན་པ་མ་ཟད་སྒྲ་དྲག་ཅིང་ཤུགས་ཆེན་པོར་ཐོན་གྱི་འདུག་པས་ཕོ་ཡིག་གི་ཁོངས་སུ་འཇོག་དགོས་པ་ལྟ་བུ་ཞིག་ཏུ་འཁུམས། ཁུངས་ཁུངས་ཟེར་བ་འདི་ཡང་གལ་ཆེན་པོ་མ་རེད་ཅེས་བཤད་ག་ལ་ཐུབ་ཀྱང་མཚམས་རེར་རང་ཉིད་ཀྱི་ངོས་ནས་ཡི་གེ་རེ་བཞིན་རྐྱང་ཀློག་བྱེད་པ་དང་། དེ་ནས་འཕུལ་རྟེན་སོགས་དང་སྦྱར་ནས་ཡང་ཡང་ཀློག་པ་ཡིན་ན་ཁྱེད་ལ་ངེས་པ་ཞིག་སྟེར་ངེས།
གསལ་བྱེད་སུམ་ཅུ་བོ་དེ་ཡང་ཞིབ་ཏུ་བརྟག་ན་ཕོ་མོ་མ་ནིང་གསུམ་ལ་དབྱེ་བ་ཡོད་པ་མ་ཟད་ཤིན་ཏུ་མོ་ང་ཉ་ན་མ་དང་མོ་གཤམ་ར་ལ་ཧ་སོགས་མི་འདྲ་བ་གསལ་བོ་རེད། ལྷག་པར་ཤིན་ཏུ་མོའི་སྒྲ་དེ་་ཚོ་ཧྥ་སྐད་དང་ཝི་ཐི་ནམ་གྱི་སྐད་བཤད་མཁན་ཞིག་ལ་ཀློག་བསླབ་ན་ང་ཉ་ན་གསུམ་སྒྲ་གདངས་གཅིག་མཚུངས་སུ་ཀློག་ནས་དབྱེ་བ་འབྱེད་མི་ཤེས་པ་འདིས་ཀྱང་ང་ཚོར་གང་ཞིག་སྟོན་གྱི་མི་འདུག་གམ།
ཡང་སྒྲ་གདངས་ཐོན་ཚུལ་ལ་བརྟག་རྒྱུ་མང་དྲགས་ན་ངེས་པ་གསལ་བོ་ཞིག་རྙེད་མི་ཐུབ་པ་ཡང་གང་མཚམས་ཡོད་པ་བཤད་མ་དགོས། སྔོན་འཇུག་ལྔའི་རྟགས་ཀྱི་དབྱེ་བ་དེ་ཚོར་ཇི་ལྟར་དབྱེ་བ་ཕྱེ་ཚུལ་ལ་ད་རུང་འཐོམས་ཡག་པོ་ཞིག་སངས་ཐུབ་ཀྱི་མི་འདུག
ད་རུང་ཚར་མེད། མགྲོན་པོ་ཞིག་སླེབས་ནས་འགྲོ་དགོས་བྱུང་སོང་།
གསལ་བྱེད་སུམ་ཅུའི་ཀློག་སྟངས་མི་ཤེས་ཟེར་ན་ཕལ་ཆེར་སུ་གང་ཞིག་ཡིད་ཆེས་མི་སྲིད། དོན་ངོ་མ་མཁས་དབང་གི་མིང་ཅན་དང་། དགེ་རྒན་ཚོས་ཀྱང་རྟགས་ཀྱི་དབྱེ་བ་ཕྱེ་སྟངས་ལྟར་ཀློག་དགོས་བྱུང་ན་ལྕེ་དིག་པ་འདྲ་བ་ང་ཚོས་ཡང་ཡང་གོ་མྱོང་བ་རེད། ལྷག་པར་དུ་ཨ་མདོ་བ་ཚོས་གསལ་བྱེད་དང་པོ་དང་གསུམ་པ་ལ་ཁྱད་པར་མ་ཕྱེ་བར་ཀློག་གི་ཡོད་པ་རེད། བྱིས་པ་ཆུང་ངུ་རྣམས་ལ་ཀློག་སློབ་སྐབས་དེ་གཉིས་མི་ནོར་བའི་ཆེད། ཀ་རྐང་གསུམ་ཁ་ག་ཟླུམ་ང་། ཅ་རིལ་ཆ་ཇ་ཟིད་ཉ། ཏ་སྒུར་ཐ། དར་ཆ་ན་ཟེར་ནས་དགོད་བྲོ་བའི་ཀློག་སློབ་སྟངས་ཤིག་ཀྱང་དར་སོ་བྱུང་ཡོད་པ་ལྟར་རེད།
སྤྱིར་སྟངས་གསལ་བྱེད་སུམ་ཅུ་ཀློག་སྟངས་ལ་སྒྲ་དྲག་ཞན་གྱི་རྟགས་ཀྱི་དབྱེ་བ་གསལ་བོ་བཟོས་ཡོད་ཀྱང་དྲག་ཞན་གྱི་དབྱེ་བ་ཞིག་ཕྱེ་བ་ཙམ་གྱིས་ད་རུང་མི་མང་པོར་ཀློག་སྟངས་ལ་གོ་བ་རྣལ་མ་ཞིག་ཡོང་གི་མེད་པ་འདྲ།
དེ་བས་འདིར་ཀློག་སྟངས་སྐོར་བསམ་ཚུལ་ཞིག་བརྗོད་ན་འདོད་བྱུང་། སྡེ་བ་ལྔ་པ་བར་གྱི་ཡི་གེ་དང་པོ་རྣམས་སྒྲ་དམ་པོ་དང་དེ་ནས་རིམ་པས་སྒྲ་ལྷོད་དུ་ལྷོད་དུ་བྱས་ནས་ཀློག་པ་ཡིན་ན་རྟགས་འཇུག་གི་རྟགས་ཀྱི་དབྱེ་བ་ལྟར་སྒྲ་ཇི་བཞིན་ཡོང་བར་ཕན། གལ་སྲིད་ད་རུང་གོ་རྒྱུ་ཅང་མེད་ན། དང་པོར་ཙ་ཚ་ཛ་གསུམ་ཡང་ཡང་ཀློག དེ་ནས་ཡི་གེ་གསུམ་པ་རྣམས་ཛ་སྒྲའི་སྒྲ་ཐོན་སྟངས་ལྟར་ཀློག་ན་སྒྲ་ཇི་བཞིན་ཡོང་བར་ཕན། དེས་ཀྱང་ཁྱད་པར་ཅང་ཕྱེ་མི་ཐུབ་ན། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་པའི་མན་ངག་ལྟར། ཕོ་ཡིག་རྣམས་ཀྱི་རྗེས་སུ་ཨ་སྒྲ་ཞིག་ཡོང་བ་བྱས་ནས་སྒྲ་དམ་པོར་ཀློག མ་ནིང་རྣམས་ཀྱི་རྗེས་སུ་ཧ་སྒྲ་ཞིག་ཡོང་བ་བྱས་ནས་སྒྲ་ཅུང་ལྷོད་པོར་ཀློག མོ་ཡིག་རྣམས་ཀྱི་རྗེས་སུ་ལྷ་སའི་སྐད་ཀྱི་འ་སྒྲ་ཞིག་ཡོང་བ་བྱས་ནས་དེ་ལས་ཀྱང་ལྷོད་པོར་ཀློག མདོར་དེད་ན་འདི་ལྟར་ཀློག ཀཨ་ཁཧ་གའ་ང་།
འདི་ལྟར་ཀློག་ན་ཁྱེད་ཚོ་དགེ་བཤེས་མགོ་འཐོམས་འགའ་རེས། དེས་ན་ཨ་ཕོ་ཡིག་དང་ཧ་མ་ནིང་ཡིན་དགོས་པར་ཐལ་ཟེར་ནས་ང་ལ་རྟགས་གསལ་གཏོང་སྲིད་ཀྱང་། དེ་ལྟར་མ་ཡིན་དེ་ཕོ་ཡིག་ཨ་དང་ཕྲད་པས་སྒྲ་དམ་པོར་འགྲོ་གི་ཡོད་པ་དང་། མ་ནིང་ཧ་སྒྲ་དང་ཕྲད་པས་སྒྲ་ལྷོད་པོར་འགྲོ་གི་ཡོད་པ་རེད། འདི་ལ་ཁུངས་ཁྱེར་ཤོག་ཟེར་ན་འདི་ཀློག་སྟངས་ཀྱི་སྒྲ་ལ་དམ་ལྷོད་ཁྱད་པར་ཆེན་པོ་དངོས་སུ་ཉམས་སུ་མྱོང་རྒྱུ་ཡོད་པ་དེ་ལས་གཞན་ང་ལ་ཁུངས་འདི་རེད་ཟེར་ནས་ཟབ་མདོག་ཁ་བོ་དེ་འདྲ་གང་ཡང་ཁྱེར་ཡོང་རྒྱུ་མེད།
ང་ཚོས་མཚམས་རེར་སླ་བོ་རྣམས་་དཀའ་རུ་དཀའ་རུ་བཏང་ནས་དཀའ་གནད་ཆགས་པ་དང་། ཡང་མཚམས་རེ་དཀའ་གནད་ཅན་རེ་ལས་སླ་མདོག་དང་སྣང་མེད་ངང་གོ་བ་གང་ཡང་ལོན་མེད་ན་ཡང་གོམས་སྲོལ་ལྟར་འགྲེལ་རེ་བརྒྱབ་ཏེ་ཁྲལ་སེལ་སླ་བཅོས་ཀྱིས་འགྲོ་རྐྱང་བྱེད་གི་ཡོད་པ་མ་རེད་དམ།
མིང་གཞི་དང་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་དེ་ཚོ་སྒྲ་དྲག་ཞན་ཟེར་ན་ཅང་མི་ཤེས་ཀྱང་དམ་ལྷོད་ཀྱི་ཁྱད་པར་ཡོད་པོ་གསལ་པོར་ངོ་འཕྲོད་ཀྱི་འདུག
དགེ་བཤེས་བེ་རི་ལགས།
ངས་དྲི་ལན་ལ་སྒུག་ནས་བདུན་ཕྲག་གཅིག་ཕྱིན་སོང་། ཁྱེད་རང་གིས་ཀླུ་སྨྱོན་ལ་མ་གཏོགས་ལན་མི་འདེབས་པ་ཅི་ཡིན་ནམ།
དེང་གི་འཛམ་གླིང་དུ་ཕོ་མོའི་དབྱེ་བ་ཇེ་ཆུང་འགྲོ་བཞིན་པའི་སྐབས་འདིར་ང་ཚོའི་བོད་ཀྱི་”མཁས་པ་”ཚོས་བོད་ཡིག་ལ་ཕོ་མོའི་དབྱེ་བ་མེད་བཞིན་དུ་ཕོ་མཚན་དང་མོ་མཚན་ཆེ་ཆུང་ཤད་ཀྱིན་སྡོད་པ་འདི་སྨྱོ་རྟགས་ཅིག་རེད་དམ་མཁས་རྟགས་ཅིག་རེད། ཨ་ཧེ་ཧེ་ཧེ།
འདི་སྨྱོ་རྟགས་ཤིག་ཡིན་ནའང་ཁྲིག་ཁྲིག་མེད་གི འདི་སྨྱོ་རྟགས་ཤིག་ཡིན་ན་ཧྥ་སྐད་དང་སིན་པན་ནེ་ཞིའི་སྐད་ཤོད་མཁན་དེ་ཚོ་སྨྱོན་པ་སྨྱོ་ནག་ཞེ་ཅིག་རེད། ང་ཚོའི་སྨྱོན་པ་དེ་ཚོ་སྨྱོནཔས་སྨྱོན་པ་མཐོང་ན་སྨྱོ་ལ་ལ་དྭངས་ཟེར་བ་དེ་མིན་འགྲོ
མགོན་པོ་ཕྱག་གཉིས་པ་ནས། ཁྱོད་ཀྱི་དྲི་བ་ནི་དོན་སྙིང་ལྡན་པའི་དྲི་བ་ཞིག་ཏུ་མཐོང་ལ། འདི་རིགས་ལ་བགྲོ་གླེང་གནང་ན་ཕན་ཐོགས་ངེས་ཅན་རེ་ཡོད་ངེས་པས། ཅིས་ཀྱང་ལན་འབུལ་རྒྱུ་ཡིན། ད་ལྟར་ཕྲན་རྡོར་གླིང་དུ་གཞུང་དོན་ལ་དསླེབས་ཡོད། ཉིན་འགར་དགུང་མོ་ཚུ་ཚོད་8.30ཡན་མན་མ་གཏོགས་མགྲོན་ཁང་དུ་ཚུན་སླེབས་མི་འདུག དེ་ནས་ཉིན་རེའི་ལས་བསྡོམས་དང་ཙག་ཙིག་མང་པོ་ཚིག་ཐོ་འགོད་དགོས་པས་དུས་ཚོད་རག་གི་མི་འདུག དུས་ཚོད་རག་པ་དང་ངས་ལན་ཕུལ་རྐྱང་ཡིན།
ཡ་ཡ། དེས་ན་སྒུག་སྡོད་གི་ཡིན། ཐུགས་རྗེ་ཆེ།
ཨ་རོགས། བེ་རི། མགོན་པོ་ཕྱག་གཉིས་པ་མ་གཏོགས་ང་ལ་ལན་མི་འབྲི་དོན་ཅི་ཡིན། ངའི་དྲི་བ་གོང་གི་མཆན་བཅུ་གཅིག་པར་ཡོད། ངས་ཀྱང་ཁྱོད་ཀྱི་ལན་ལ་སྒུག་བཞིན་ཡོད་པས་ལན་ཞིག་གནང་རོགས། ངས་དྲི་བ་དེ་ཡང་གལ་ཆེན་ཞིག་ཡིན། གལ་སྲིད་ཁྱེད་ཀྱིས་ང་ལ་ལན་མ་གནང་ན་མཐོང་ཆུང་ཡིན་པས་ངས་གྱེན་ལོག་བྱེད་ན་ཐང་གོ
མགོན་པོ་ཕྱག་གཉིས་ལགས། སྐུ་ཉིད་ཀྱི་དྲི་བ་ཁག་ལ་དུས་ཚོད་ཅུང་ཟད་རག་པའི་སྐབས་དང་བསྟུན་ཏེ་མུ་མཐུད་འབུལ་ལམ་ཞུ་རྒྱུ་ཡིན།
༡ དྲི་བ། རྟགས་ཀྱི་དབྱེ་བའི་ཁྱད་པར་འདི་དང་པོ་ཀློག་སློབ་པའི་སྐབས་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་ཡང་ང་ཚོས་རྗེས་རྗེས་ནས་སུམ་རྟགས་སློབ་པ་འདི་སྡོམ་པ་ཡོད་དུས་འདུལ་བ་མེད། འདུལ་བ་ཡོད་དུས་སྡོམ་པ་མེད་ཟེར་བ་ལས་མེད་ན་དེ་ཅིའི་ཕྱིར་ཡིན།
1ལན། ཐོན་མིས། དང་པོ་ང་རོ་རྣམས་ལ་སྦྱོངས། ཞེས་དང༌། དེ་ཕྱིར་དང་པོ་འདི་ཉིད་བསླབ༎ ཅེས་ནན་ཏན་ཆེན་པོས་སྒོ་ནས་གསུངས་འདུག་པས། སྐུ་ཉིད་ཀྱིས་བཀའ་འདྲི་གནང་བ་བཞིན། ང་ཚོ་དེ་སྔོན་དགོན་སྡེ་ཁག་མང་པོ་ཞིག་ཏུ་བསླབ་ཚུལ་གོ་རིམ་འདི་དང་འཛོལ་བས་མི་ཚེ་གོང་བོར་ཀློག་དག་པོ་མེད་པ་དང་བྲིས་དག་པོ་མེད་པ་དེ་བྱུང་འདུག དེ་སྔོན་ཕྲན་གྲྭ་ས་དང་པོ་སླེབས་པའི་སྐབས་དགེ་བཤེས་ལྷ་རམ་པའི་དགེ་ལུགས་རྒྱུགས་སྤྲོད་ཕེབས་མཁན་མི་ཉུང་ཞིག་གིས་དགེ་ལུགས་རྒྱུགས་སྤྲོད་ཀྱི་ཆེད་དུ་སུམ་རྟགས་བསླབ་རོགས། ཞེས་གསུངས་མྱོང༌། ངའི་གཞིས་དགོན་དུ་ཀ་ངོ་ར་ངོ་ཤེས་ཙམ་ནས་སྦྱོར་ཀློག་བྱེད་བཅུག སྦྱོར་ཀློག་ཡག་པོ་མ་ཤེས་གོང་ནས་བསྐང་གསོ་དང་གསང་བདེ་འཇིགས་གསུམ་བློ་ལ་གཟུང་བཅུག་པ་འདོ་ཚོར་བལྟས་ན་དེ་སྔོན་གདན་ས་ཆེན་པོ་ནས་གཞིས་དགོན་ཆུང་ཆུང་གི་བར་དུ་དགེ་ལུགས་པའི་སྲོལ་རྒྱུན་འདིས་བོད་ཀྱི་ཡི་གེ་འབྲི་ཀློག་གཉིས་ཀར་ཤུགས་རྐྱེན་ངན་པ་ཞིག་བཞག་འདུག་སྙམ། དེའི་རྒྱུ་མཚན་ནི་གདན་ས་ཁག་ཏུ་གཞུང་ཆེན་པོ་ཐོས་བསམ་བྱེད་པར་རྔམས་དྲགས་པ་དང༌། ནང་དོན་གོ་བ་འབྱེད་པར་ཚད་མའི་རིགས་ལམ་གཙོ་བོར་བརྟེན་པས། བརྡ་སྤྲོད་ཀྱི་གཞུང་དང་འབྲི་ཀློག་དག་པ་བསླབ་རྒྱུ་དེ་གཙོ་ཆེར་མ་བརྩིས་པས་ཡིན་ངེས་ལ། གཞིས་དགོན་ཁག་ནི་གྲོང་ཆོག་གི་ཟ་སྒོ་དང༌། ཁ་སྐམ་པོའི་གདོན་པ་ཙམ་ལ་ཞེན་ཆགས་ཆེ་དྲགས་པ་མ་གཏོགས། ཚོགས་འདོན་དེ་དག་གི་རྒྱབ་ཏུ་དོན་ཆེ་རེ་སྒོམ་རྒྱུ་ཡོད་པ་སོགས་ལ་བསམ་བློ་གང་ཡང་མེད་པས་ཡིན་ངེས་སྙམ། དེ་སྔོན་གདན་ས་ལ་བྲིས་དང་སུམ་རྟགས་བསླབ་ན་ཁྱོད་གཞུང་གི་དྲུང་ཡིག་བྱེད་རྩིས་ཡིན་ནམ། ཞེས་ཟུར་ཟ་བྱེད་སྲོལ་ཡོད་པའི་གཏམ་རྒྱུད་ད་དུང་ཡང་གོ་རྒྱུ་ཡོད་པ་འདི་ཚོ་མི་ལ་ལྟ་བུའི་ཉམས་ལེན་པ་ཞིག་ཡིན་ན་མ་འགྲིགས་པ་ཡོད་མེད་མི་ཤེས་མོད། བོད་ཡིག་འབྲི་ཀློག་གི་དག་ཆ་འདོན་པར་གཏམ་བརྒྱུད་དེ་ཚོ་སྐྱུགས་བྲོ་བ་རང་རེད། དེར་བརྟེན་བྱུང་བ་དེ་རིགས་ལ་རྒྱང་མིག་བལྟས་རྗེས། འབྱུང་འགྱུར་བོད་རིགས་ན་གཞོན་ཚོར་བླང་དོར་ལམ་སྟོན་ག་འདྲ་དགོས་མིན་དེ་གལ་ཆེར་འཛིན་རོགས་ཞུ་རྒྱུ་ཡིན། ད་དུས་ཚོད་རྫོགས་སོང༌། (ལན་གཞན་རྣམས་དེ་རིང་དགུང་མོར་ཕུལ་ཨེ་ཐུབ་ལྟ་གི་ཡིན།)
མགོན་པོ་ཕྱག་གཉིས་པ་ལགས།
འདི་ལ་བཀོད་པའི་མཆན་ཡོངས་སུ་བཀླགས་པའི་རྗེས་སུ་སྐབས་དེ་རང་དུ་ང་རང་ལ་ཚོར་སྣང་གང་ཞིག་བྱུང་འདི་རུ་མཆན་དུ་བཏབ་ནས་ཚང་མ་ལ་གོ་རྒྱུ་འདྲ་བཏང་ཁུལ་ཡིན་ཀྱང་ཁྱེད་རང་ལ་ཕོག་ཡོད་འདུག་པས་དགོངས་དག་ཞུ། ཡིན་ནའང་ཧྥ་སྐད་དང་སིན་པན་ནེ་ཞིའི་སྐད་ཡིག་གི་ཕོ་མོའི་ཁྱད་པ་དེ་དག་ནི་དག་ཆ་ནས་གསལ་གྱིན་འདུག་སྙམ། དེ་དང་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་བརྩམས་པའི་་སུམ་རྟགས་ལ་དམིགས་བསལ་ཁྱད་ཆོས་ཡོད་འདུག་པས་དེ་གོ་བདེ་བོ་ཡོད་པའི་སྨོན་ལམ་ཞུ། ད་ལག་སྤོལ་འགྲན་སྡུར་མཐའ་མ་དེ་མགོ་ཚུགས་གྲབས་འདུག་པས་དེ་ཙམ་གྱིས།
བེ་རི་འཇིགས་མེད་ལགས། རྟགས་འཇུག་གི་རྣམ་བཤད་བརྩམས་པར་གུས་འདུད་དང་དགའ་བསུའི་་མེ་ཏོག་འཐོར།
བཀའ་འདྲི། འགའ་ཞིག་གིས་སུམ་རྟགས་རྩ་བ་ས་པཎ་གྱིས་མཛད་ཚུལ་གྱི་འཆལ་གཏམ་ཞིག་སྤེལ་གྱི་འདུག ངེད་རང་ལའང་དངོས་སུ་ཤོད་མཁན་བྱུང་། ཁོང་ཅག་ལ་ངེས་པ་འདྲོངས་པའི་རྒྱུ་མཚན་རྣལ་མ་ཞིག་བཤད་རྒྱུ་མི་འདུག་ཅིང་། གནོད་བྱེད་ཀྱི་ཐལ་བ་རེ་ཟུང་ཞིག་འཕངས་པར་ལན་འདེབས་གསལ་པོ་ཞིག་ཀྱང་གསུང་རྒྱུ་མེད་ཁར། སྐུ་རླུང་བཞེངས་ཏེ་ལན་མི་གསུང་བར་ཚོགས་གཏམ་མང་པོ་ཞིག་གཏོང་གིན་བཞུགས་སོང་།
ཁྱེད་ཉིད་ལྟར་ན་ཁོང་ཚོས་རྒྱུ་མཚན་ཇི་འདྲ་ཞིག་ལ་བསམས་ནས་ས་པཎ་གྱིས་མཛད་པ་རེད་ཅེས་ཤོད་ཀྱི་ཡོད། འདི་ལ་འགྲེལ་བཤད་ཐུང་ཙམ་གནང་ཐུབ་ན་དེ་དཔྱད་གཞིར་བཞག་སྟེ་བརྒལ་བརྟག་བྱ་རྒྱུའི་དགེ་མཚན་ཡོད་པར་མཐོང་།
སྐུ་ཉིད་ཀྱི་རྟགས་འཇུག་རྣམ་བཤད་དེ་ངེད་ལ་གློག་འཕྲིན་ཨི་མེལ་ཐོག་སྐྱབས་འཇུག་བྱུང་ན་བཀའ་དྲིན་ཆེན་པོ་ཡོང་བ་འདུག ཕྱི་གླིང་དུ་དཔེ་ཆ་ཞེ་དྲག་དཀོན་པོ་འདུག
བེ་རིས་ཀླུ་སྨྱོན་ལ་ལན་འདེབས་སྐབས་རྩ་བ་འབྲི་ལུགས་ལ་བལྟས་ན་ཁོས་ཧོབ་རྒྱུག་བྱས་ཏེ་རྟགས་འཇུག་གི་འགྲེལ་པ་ནོར་འཁྲུལ་གྱིས་གང་བ་ཞིག་བྲིས་ཡོད་ཚོད་ལ། ནོར་འཁྲུལ་གྱི་དེབ་རྫོབ་དེ་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་བྱས་པ་ནོར་འཁྲུལ་འཕར་མ་ཞིག་རེད། དེབ་སྤྱི་ཚོགས་ནང་སོང་རྗེས་སུ་དམ་དཔལ་གྱི་དེབ་ལྟར་མི་འགྱུར་བའི་ངེས་པ་གཏན་ནས་མི་འདུག
མགོན་པོ་ཕྱག་གཉིས་ལགས། བར་ལམ་འབྲས་ལྗོངས་སོགས་སུ་སོང་ནས་དུས་ཚོད་མང་པོ་ཞིག་འགོར་ནས་ལན་འབྲུ་ལོང་མ་བྱུང༌། ུདེ་རིང་དུས་ཚོད་དང་བསྟུན་ནས་ཞུ་རྒྱུ།
༢ རྒྱ་སྐད་དང་དབྱིན་སྐད་ཀྱིས་མཚོན་པའི་སྐད་ཡིག་གཞན་པ་ཚོ་མི་མང་གི་ཁ་སྐད་ཇི་བཞིན་བཟོས་ཡོད་པར་བརྟེན་དེ་ལ་མཁས་པའི་དབང་བོ་ཚོས་ཀྱང་ཐག་མི་ཆོད་པའི་དཀའ་གནད་ཅིག་མེད་ན་ཡང་ང་ཚོར་དཀའ་གནད་ཀྱི་ཐོག་ལ་དཀའ་གནད། རྩོད་གཞིའི་ཐོག་ལ་རྩོད་གཞི། འགྲེལ་བཤད་ཀྱི་ཐོག་ལ་འགྲེལ་བཤད་རྒྱུན་མ་ཆད་པར་དགོས་པ་དེ་ཅི་ལ་ཐུག་པ་ཡིན་ནམ།
ལན། བོད་ཡིག་གསར་རྩོམ་གནང་ནས་མི་ལོ་སྟོང་ཕྲག་ལྷག་གི་རྒྱུད་རིམ་ཁྲོད། བོད་ཡིག་འདི་ཉིད་ནང་ཆོས་ཁོ་ནར་བེད་སྤྱོད་གཏོང་ཐབས་གནང་ ནས། སྒྲ་སྦྱོར་བམ་པོ་གཉིས་སོགས་རྩོམ་ན། རྒྱ་གར་གྱི་ཆོས་སྐད་བོད་དུ་བསགྱུྒྱུ་རྩལ་འདོན་བྱས་པ་ལས། བོད་རང་གི་བརྡ་དོན་གཏན་འབེབས་གནང་བའི་དག་ཡིག་གཅིག་ཀྱང་སྐབས་དེར་རྩོམ་མྱོང་མི་འདུག དེར་བརྟེན་དཔེ་ན། དེ་སྔོན་བོད་སྐད་ནང་རྩ་བ་ཉིད་ནས་མེད་པའི་ཐ་སྙད། སངས་རྒྱས་དང༌། ཆོས། དགེ་འདུན། ཚོགས་ལམ་སྦྱོར་ལམ་ལྟ་བུ་མང་པོ་ཞིག་གསར་རྩོམ་གནང་འདུག་པ་དེ་རིགས། སྐབས་དེའི་རྒྱ་ཆེ་མང་ཚོགས་ཀྱི་ངག་རྒྱུན་ནང་མེད་པ་མང་དག་ཅིག་ངག་ལམ་ནས་བྱང་ཐབས་ལ་གཙོ་བོར་འབད་པ་རྒྱ་ཆེར་གནང༌། རྒྱུན་ལྡན་བོད་ཀྱི་ཐ་སྙད་ནང་ཡོད་པའི་དངོས་པོ་མང་པོ་ཞིག་གི་བརྡ་དོན་ལ་དོ་སྣང་གང་ཡང་གནང་མི་འདུག་པ་དེ་གནང་དོན་ཆེ་ཤོས་ཤིག་རེད་སྙམ། གཉིས་པ་དེ་སྐབས་དེ་ནས་བོད་ཀྱི་སྤྱི་ཚོགས་ནང་དཔའ་བོའི་རིགས་དང༌། ཆོས་པའི་རིགས་ལ་ཆེ་མཐོང་གང་ཟབ་གནང་བ་ལས། དེ་ལས་གཞན་པའི་མཁས་པའི་རིགས་པ་བདག་སྤྲོད་གང་ཡང་གནང་མི་འདུུག དེར་བརྟེན་བོད་རིགས་ཁྲོད་ནས་བརྡ་སྤྲོད་ཐ་སྙད་ལ་གལ་ཆེ་དོ་སྣང་གནང་མཁན་མེད་པ་དང༌། དམངས་ཁྲོད་དུ་ཡི་གེ་དར་སྲོལ་ཤིན་ཏུ་ཉག་ཕྲ་བ་བཅས་ཀྱིས་ཤུགས་རྐྱེན་ཡང་ཅིས་ཀྱང་ཡིན་ངེས་ཏེ། རྗེ་ས་པཎ་སྐབས་གཞི་ནས་བརྡ་སྤྲོད་ཐ་སྙད་བཙིགས་ཆེར་འཛིན་ནས་སུམ་རྟགས་དག་གསུམ་གྱི་རྣམ་བཞག་ལ་དོ་སྣང་བྱེད་རྒྱུའི་ལམ་སྲོལ་གསར་དུ་དོད་པ་འདི་ལ་བལྟས་ན། བོད་སྟོད་སྨད་དུ་མར་སྐད་སྲོལ་མི་འདྲ་བའི་ཡིག་སྲོལ་ཡང་འཆལ་ལེ་འཆོལ་ལེ་རང་དུ་གྱུར་པ་ལ། དུས་ཕྱིས་ས་ཕཎ་སོགས་ཀྱི་སྐུ་དྲིན་དང༌། དེ་རྗེས་གསུང་རབ་གཙོ་བོར་གྱུར་བའི་བོད་ཡིག་པར་སྐྲུན་བྱེད་སྲོལ་དར་བ་ནས་ཡི་གེ་ཐོག་གཅིག་གྱུར་གྱི་ལམ་སྲོལ་ཡག་ཏུ་སོང་འདུག་པ་ལས། སྡུག་ཏུ་སོང་མི་འདུག སྙམ། བརྡ་སྤྲོད་ཐོག་ལྟ་གྲུབ་མི་མཐུན་པའི་སྒོ་ནས་ཕན་ཚུན་རྩོད་ལན་གནང་བ་ནི་མི་རིགས་དང་སྐད་ཡིག་གཞན་ལའང་ཡོད་སྲོད་པ་ཞིག་རེད་སྙམ།
སྒོམ་སྡེ་ལྷ་རམས་པ་ལགས། ཁྱོད་ཀྱི་གློག་འཕྲིན་ཁ་བྱང་ཞིག་གནང་ཕྲན་གྱིས་ཁ་བྱང་དེའི་ཐོག་ནས། རྟགས་འགྲེལ་དེ་ཉིད་འབུལ་ལམ་ཞུ་ཆོག berijigme@yahoo.com་ ངའི་ངའི་གློག་འཕྲིན་ཁ་བྱང་ཡིན།