གནས་ཚུལ་གཏོང་མཁན། སྨྱུག་སྡེ།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ཏེ། མགོན་པོ་གང་གི་བཀའ་དྲིན་དྲན་པ་དང་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམིགས་ནས། ངེད་སྨྱུག་སྡེ་རྩོམ་སྒྲིག་པས་སྙན་ངག་ཁོ་ནའི་ས་དམིགས་བཟུང་བའི་འཆར་ཅན་ལོ་འཁོར་ཚགས་ཤོག་ཅིག་འགྲེམས་སྤེལ་ཞུས་ཏེ་མི་ལོ་གཉིས་ཕྱིན་ཡོད། ད་ཆ་ང་ཚོས་ལས་འཆར་འདི་ཉིད་ཡུན་གནས་དང་བརྩམས་ཆོས་ཀྱི་ཆེ་མཐོང་སོགས་དགོས་པ་དུ་མར་དམིགས་ཏེ། འདི་ལོའི་སྐུའི་འཁྲུངས་སྐར་དུས་ཆེན་ནས་བཟུང་ཅུང་སྤུས་ཀ་དོད་པའི་ལོ་འཁོར་སྙན་ངག་དུས་དེབ་ཅིག་འགྲེམས་སྤེལ་ཞུ་རྩིས་ལགས་ན། སྒྱུ་རྩལ་རྩོམ་རིག་ལ་དུང་ཞེན་ཟབ་པའི་སྨྱུག་ཐོགས་པ་ཡོངས་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱི་སྒོ་ནས། རྒྱལ་ཕྱི་ནང་གི་སྙན་ངག་འགྱུར་མ། གྲགས་ཆེ་བའི་སྙན་ངག་པ་འོས་སྦྱོར། གནའ་དེང་གི་སྙན་ངག་ལ་ཇི་ལྟར་སློབ་པའི་ཚུལ། དེ་བཞིན་སྙན་ངག་དཔྱད་བརྗོད་དང་སྙན་ངག་བཅས་བརྩམས་ཆོས་གང་མང་། སྤྱི་ཟླ་ ༥ ཚེས་ ༣༠ ནང་ཚུན་གཤམ་གྱི་ཡིག་ཟམ་ཐོག་ངེད་རྩོམ་སྒྲིག་པར་སྐུར་གནང་ཡོང་བའི་རེ་འབོད་ཞུས་པ་ཡིན། ཐུགས་སྣང་དགོས་པ་ཞིག་ལ་སྨྱུག་སྡེའི་ངོ་དེབ་དྲ་ངོས་ཕུད་པའི་དྲ་རྒྱ་གཞན་དུ་བཀོད་ཟིན་པའི་བརྩམས་ཆོས་རྣམས་ལོ་དེབ་འདིར་འགོད་རྒྱུ་མིན་པས། དེ་ལུགས་དགོངས་མངའ་ཞུ།
སྨྱུག་སྡེ་རྩོམ་སྒྲིག་པས་སྤྱི་ལོ་༢༠༡༥ ཟླ་བ་༣ ཚེས་༢༢ ཉིན།
PEN GROUP EDITOR
House No. 46, NNI, Bylakuppe 571 104
Mysuru District, KS, India
Email: pengroup@hotmail.com