རྔ་རྒོད།
སྤྱིར་ན་བརྩམས་ཆོས་གང་ཞིག་གི་བརྗོད་བྱ་དེ་ལ་དོན་སྙིང་ལྡན་མིན་གྱི་ཁྱད་པར་དེ་ཙམ་མེད། རྩོམ་རིགས་གང་ཞིག་ཡིན་ན། རྩོམ་པ་བོ་གང་ཞིག་གིས་རྩོམ་ཡིག་དེ་ལ་དཀའ་ལས་མང་བོ་ཞིག་བརྒྱབ་པའི་མཇུག་འབྲས་རྐྱང་རྐྱང་ཞིག་རེད་མོད། འོན་ཀྱང་གཞན་གྱི་བརྩམས་ཆོས་དེ་ཉོས་བཞག་པ་དང་ཡང་ན་གཞན་གྱི་བརྩམས་ཆོས་དེ་བརྐུས་སོང་བ་དང་། གཞན་ཡང་ཕ་རོལ་བོའི་བརྩམས་ཆོས་དེ་ཤེས་བཞིན་འཕྲོགས་བཞག་པའི་རིགས་སོགས་མཆིས། འདི་འདྲའི་མ་རུང་བའི་ལས་དེ་འདས་པའི་དུས་སུ་བྱུང་མྱོང་ཡོད་ལ། ད་ལྟའི་སྐབས་སུའང་དེ་འདྲ་འབྱུང་གིན་འདུག་ལ་མ་འོངས་པར་ནའང་འདི་འདྲ་འབྱུང་ངེས་རེད།འོན་ཀྱང་འདི་འདྲའི་བྱ་བ་དེ་དགེ་སྡུག་དང་ཡག་རྩོག་གང་ལྟར་འཛམ་གླིང་གི་ལོ་རྒྱུས་སམ་གནས་གང་དུ་སོང་ན་འདི་འདྲ་འབྱུང་གིན་ཡོད།
ཐོག་མར་གཞན་རྩོམ་དེ་ཇི་ལྟར་ཉོས་མིན་སྐོར།
སྐབས་འདིའི་ཉོས་ཞེས་པ་དེ་གཞན་གྱིས་རྒྱུ་དངོས་གང་ཞིག་སྤྲད་དེ་བརྩམས་ཆོས་དེ་དང་མ་འབྲེལ་བའི་གང་ཟག་གཞན་པ་ཞིག་ལ་རྩོམ་པ་བོའི་མཚན་སྙན་མི་འོས་ཀྱང་མིང་བརྫུན་མ་བསྙད་པ་ལྟ་བུ། གཞན་གྲོགས་པོ་དང་དགེ་སློབ་བར་གྱི་མཛའ་བརྩེ་དང་ཡང་ན་དད་པ་དམ་ཚིག་སོགས་ཀྱིས་ཕ་རོལ་བའི་བརྩམས་ཆོས་དེ་དག་ཉོས་པ་ཡང་ཡོད། དང་བོ། རྒྱུ་དངོས་གང་ཞིག་གིས་བརྩམས་ཆོས་ཉོས་སྲོལ་དེ་ནི་སྔོན་ཐོན་ཏུ་རློམ་པའི་ཕྱིའི་རྒྱལ་ཁབ་ན་ཧ་ཅང་དར་བཞིན་ཡོད་ལ། དམིགས་བསལ་གཞན་པ་དད་པ་དང་དམ་ཚིག་གིས་ཉོས་པའི་བརྩམས་ཆོས་གང་མང་ཞིག་བོད་ཡུལ་ན་ཤིན་ཏུ་དར་ཚོད་རེད།
ཁོ་བོས་མཐོང་བ་ཞིག་ལ་དངོས་ནས་བོད་ཡིག་གི་རང་མགོ་མི་འཁྱོངས་ཤིང། ལྷག་པར་བདེན་པ་བཞི་བོ་འདི་གཟུགས་ཤེས་གང་ཡིན་ཀྱང་མི་མཁྱེན་ལ་དམིགས་བསལ་སྦྱོར་ལམ་རྩེ་མོ་དང་བཟོད་པའི་གོ་རིམ་ཙམ་ཡང་སྒྲེང་མི་ཤེས་པའི་བླ་མ་ལ་ལས་བརྩམས་པར་བསྙད་པའི་ཆོས་གཞུང་དང་ལོ་རྒྱུས་སོགས་ཡོད་ཀྱང་བརྩམས་ཆོས་འདི་ཚོའི་རྒྱབ་ལོགས་ན་ཉན་ཆུང་གི་རྩོམ་པ་བོ་གཞན་ཞིག་ཡོད་མེད་ལ་ཐེ་ཚོམ་གཏན་ནས་མི་དགོས། གཞན་བརྩམས་ཆོས་སམ་ཟིན་བྲིས་ཁག་གི་ནང་དོན་གཙོ་བོ་འདི་བླ་མ་དང་སློབ་མ་སུ་ཞིག་གི་བརྩམས་ཆོས་ཡིན་མིན་དེ་མཐའ་གཅིག་ཏུ་མ་ངེས་པས་འདིའི་སྐོར་འདིར་གླེང་ན་དགེ་ཉེས་གང་ཡང་མེད་པས་བསམ་བཞིན་ཡིག་རྙོག་མ་སྤུངས་སོ།
གཉིས་པ། བརྩམས་ཆོས་བརྐུས་བ་ལ།
བརྩམས་ཆོས་དེའི་སྒྲོམ་གཞིའམ་བརྗོད་གཞིའི་ནང་དོན་གཙོ་བོ་དེ་བླངས་ཏེ་རྗོད་བྱེད་ཚིག་མི་འདྲ་བ་ཙམ་བྲིས་པ་དང་། གཞན་ཕ་རོལ་བའི་བརྩམས་ཆོས་དེའི་ནང་དོན་ཕྱེད་ཀ་བཤུས་ཏེ་ཕྱེད་ཀ་རང་གིས་བྲིས་ཁུལ་བགྱིས་པ་དང་། དེ་མིན་བརྩམ་གཞུང་དེའི་བརྗོད་བྱ་ལ་རང་གི་རྣམ་དཔྱོད་ཀྱིས་སྡེ་སྦྱོར་ཡ་མཚན་དང་ཡང་ན་འབྲི་རྩལ་མ་འདྲ་བ་གཞན་གོ་དོན་གསར་བ་གང་ཡང་མེད་པར་ཚང་མ་གཞན་ནས་བཤུས་པ་རྐྱང་རྐྱང་ཡིན་ན་རྩོམ་གསར་མ་རེད་དོ། འོན་ཀྱང་”སྔོན་བྱུང་མ་བརྗོད་པ་ཡང་འདིར་བརྗོད་མེད”ཅེས་པའི་གོ་དོན་ལྟར། ཡོད་ཚད་སྔར་མེད་གསར་རྐྱང་གི་རྩོམ་ཡིག་ཧྲིལ་བོ་ཞིག་གང་དུ་མཐོང་རྒྱུ་མེད། དེའི་ཕྱིར། འདིར་ཁོ་བོས་བཤད་དོན་གཙོ་བོ་ནི་མཁས་པ་གཞན་གྱི་བརྩམས་པའི་ཚིག་རྐང་གཅིག་གཉིས་རེར་རང་གཞན་ཚང་མས་ལད་ཟློས་རེ་བྱས་ཡོད་མོད། འོན་ཀྱང་དེའི་སྐོར་འདིར་ཤོད་ཀྱིན་མེད། ཕ་རོལ་བོ་སྟེ་གཞན་གྱི་བརྩམས་ཆོས་ཧྲིལ་བོའམ་ཡང་ན་ཕྱེད་ཀའི་ནང་དོན་དེ་བཤུས་ཏེ་ད་དུང་རང་ཉིད་རྩོམ་པ་བོ་ཆེན་པོ་ཞིག་ཡིན་པར་འདོད་མཁན་ཚོར་ཆེད་དུ་བསྙད་པ་དེའོ།
གསུམ་པ། བརྩམས་ཆོས་བཙན་འཕྲོག་གྱི་སྐོར།
སྟོབས་ཆེན་རྒྱལ་ཁབ་དང་མི་ཆེན་དཔོན་ཆེན་གང་རུང་གིས་བཙན་པོས་སྒོ་ནས་བརྗོད་བྱ་འདི་འདྲ་ཞིག་རྩོམས་ཞེས་བཀའ་བཏང་མཐར་བརྩམས་ཆོས་དེའི་མཚན་བྱང་དང་རྩོམ་པ་བོའི་མཚན་མི་གཞན་ཞིག་གི་མིང་ཐོག་ལ་བཀོད་པ་ལྟ་བུ། གཞན་པ། བརྩམས་ཆོས་དེའི་བརྗོད་བྱ་ཧ་ཅང་དྲང་དྲགས་པའི་དབང་གིས་གཞན་ལ་གནོད་པ་དང་དང་ཡང་ན་དོན་མེད་ཀྱི་སྐད་ཆའམ་ཆབ་སྲིད་ཀྱི་ཚིག་རྙོག་མང་དྲགས་པས་ཕན་ཚུན་ལ་གནོད་པར་དོགས་ནས་བརྩམས་ཆོས་གང་ཞིག་དེ་གཞུང་སྒེར་གང་རུང་གིས་བཙན་པོར་འཕྲོགས་ནས་དེབ་དེ་གསང་གཏེར་དུ་སྦུ་བའམ་དེ་མེ་སྲེག་བཏང་བ་སོགས་ཀྱང་ཡོད། འོན་ཏེ། གོང་གི་སྡེ་ཚན་གསུམ་པོ་ནང་ཕན་ཚུན་འབྲེལ་བ་ཡོད་མེད་ཅི་རིགས་མཆིས།
གང་ལྟར་གཞན་གྱི་ལད་ཟློས་ལ་རྟག་པར་གོམས་པའི་སྲོལ་ངན་པ་དེ་ཚོ་ང་ཚོས་ད་ལྟ་ནས་སྤང་ཅི་ཐུབ་བགྱིས་ཏེ་གསར་རྩོམ་དེའི་ཕྱོགས་ལ་འབད་བརྩོན་གོ་རིམ་ལྡན་པའི་སྒོ་ནས་བསྙེགས་ན་ང་ཚོ་ཡང་མ་འོངས་པར་རང་དབང་གིས་རྩོམ་ཡིག་ཚད་ལྡན་འབྲི་མཁན་ཞིག་འོང་མིན་ཏེ་རང་གི་རྣ་དཔྱད་དང་བསམ་བློ་གསར་བ་བསྟེན་ཡོད།
སྤྱིར་ན་གཞན་གྱི་རྩོམ་ཡིག་དེ་བཤུས་ན་ནི་རྒྱལ་སྤྱིའི་ཁྲིམས་འགལ་རང་ཡིན་པར་རྒྱུ་མཚན་བཅུ་ཐམ་པས་བཤད་ཡོད། འོན་ཀྱང་ཕ་རོལ་མཁས་པའི་བསམ་བློ་དང་རིགས་ལམ་ཁྱད་པར་ཅན་དེ་བརྐུས་དང་མ་བརྐུས་ཡང་རིག་ལམ་དཔེ་བླངས་ཡོད་མེད་ཟེར་བ་དེ་ཁྲིམས་ཐོག་ནས་ཀྱང་ཧ་ཅང་འགོག་དཀའ་བ་ཞིག་རེད་བཤད་འདུག དེའི་ཕྱིར། དངོས་ནས་དོན་གྱི་རྩོམ་བརྐུས་མཁན་གྱི་རྒྱལ་བོ་རྣམས་ནི་འདི་ཚོ་རེད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ་རང་རེའི་རྩ་འགྲེལ་དང་ཡང་འགྲེལ་དང་ཡང་ན་དེའི་འགྲེལ་བ་རེ་རེར་རྩོམ་པ་བོ་མི་འདྲ་བ་རེ་ཡོད་མོད། འདི་ལ་གཅིག་གིས་གཞན་པ་དེའི་བརྩམས་ཆོས་དེ་བརྐུས་བཤུས་བརྒྱབ་མིན་སོགས་ཀྱི་དཀར་ནག་འདེད་རྒྱུ་དེ་ཙམ་མེད་པར་འདོད། འོན་ཏེ་སྔོན་བྱོན་མཁས་པའི་ལུང་ཚིག་ཇི་མ་ཇི་བཞིན་བར་སྐབས་དང་མཚམས་རེར་ལུང་དྲང་དགོས་ཚེ་ངེས་པར་དུ་རྟགས་” ” འདི་མ་བརྗེད་རོགས། ཞེས།
རྔ་རྒོད་ཀྱིས་༢༠༡༤/༥/༢༣
བཤད་དང་ནི་ཤིག་འདྲ་ཟིག་མེད་ཀི། “རྩོམ་རྐུན་ཚོ་སུ་ཡིན་ཤེས་ཡོད། རྐུན་རྔ་ཕུད་ཀི་མིན”་ཟེར་ན། ཅི་བརྫོ་ལི་ཡོད་པའི་ཁུལ་རེད། རྐུས་རྩོམ་དང་རྐུན་མ་རེ་རེར་བཀོད་རྒྱུ་མེད་ན། རྔ་རྒོད་ལ་ཝ་རྔ་ཞིག་སྦྱར་བ་ཡིན་ནོ། ཧ་ཧ་ཧ།
རྔ་རྒོད་ལ་ཐུགས་རྗེ་ཆེ། འདི་ཡང་ང་ཚོས་དོ་སྣང་བྱེད་དགོས་ས་གཅིག་རེད། སྔོན་མ་བོད་སྡེ་བ་གཞུང་གིས་མཁས་པའི་གསུང་འབུམ་རེ་ཟུང་ཀོ་ཡི་ལྟེབས་ལ་དཀྲིས་ཏེ་སྒམ་ནང་ལ་བཅུག ཐེལ་ཙེ་བརྒྱབ་སྟེ་ཁ་འབྱེད་མ་ཆོག་པ་མང་བོ་བཟོས་ཡོད། དེ་ཚོ་ཡང་ཕྱོགས་གཅིག་རེད་བསམ།
བརྩམས་ཆོས་མ་རེད། རྩོམ་ཡིག་རེད།
རྔ་རྒོད་ལགས་ཡག་པོ་འདུག ཉིད་ཀྱིས་འུར་སྐྱ་མགོ་ལ་བསྐོར་བསྐོར་བ་འབེན་ཞིག་ལ་གཟེས་ཡོད་ངེས་བསམ་སོང་། འབུགས་ཐག་གཅིག་གིས་ཚར་བར་བྱས་པ་ཡིན་ཏེ། འབེན་ད་དུང་ཡང་མཐོང་ས་ཞིག་ན་མེད་གི
རྒྱལ་དབང་བཅུ་གསུམ་པས། གཅིག་གིས་གཅིག་ལ་རྐུས།། ཀུན་གྱིས་ང་ལ་རྐུས།། རྐུ་མ་རྒྱ་མཚོའི་ངོས་ན་ལྷང་ངེ་བ།། ཐུབ་བསྟན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།། གསུངས།
ཆོས་མེད་མའོས། བརྩམས་པའི་བརྩམས་ཆོས། མོ་གཤམ་བུ་ཡིས། གསུངས་པའི་གསུང་ཆོས། ཟེར་བ་འདྲ་བོ་མི་འདུག་གམ། ལགས།། །།
དེང་སང་རྩོམ་པ་པོའི་མིང་འཛིན་པ་ཕལ་ཆེ་བའི་རྩོམ་ཡིག་རྣམས་རྐུས་རྩོམ་དང་སྒྱུར་རྩོམ། ཡང་ན་སྒྲིགས་རྩོམ་བཅས་དང་མ་འབྲེལ་བར་མེད་པ་ལྟ་བུ་རེད།
དོན་འགྲུབ་དང་གསེར་ས་ལེ་སྤྲམ་རྣམ་པ་གཉིས་ལ་ཞུ་རྒྱུར། ཁོ་བོས་མངོན་སུམ་དུ་འབེན་དེ་ལ་མ་འཕངས་དོན་ནི་རང་ཅག་གི་མཐུན་འབྲེལ་ལ་དགོངས་ཏེ་མ་བྲིས་པ་ཡིན། རང་སྐྱོན་སྡེ་སྦྱོར་མ་རེད་སྡེབ་སྦྱོར་རེད་དོ།