བསོད་ནམས་དབང་ཆེན། (བོད།)
མི་ལོ་གསུམ་ཙམ་གྱི་སློབ་ཆེན་སློབ་སྦྱོང་གི་ཉམས་མྱོང་དང་འཚོ་བའི་ཁྲོད། བསམ་ཡུལ་ལས་འདས་པའི་བསམ་ཚུལ་དང་དྲན་ཚུལ་འདི་འདྲ་རྒྱུན་དུ་མི་ཤར་ཐབས་མེད་དུ་གྱུར་འདུག དེའི་ཕྱིར་རྩོམ་རིག་རྐྱང་རྐྱང་ལ་ཕྱོགས་པའི་བོད་ཀྱི་སློབ་ཆེན་སློབ་མ་ཞེས་པ་འདི་ན་མཉམ་གྱི་གྲོགས་པོ་ཚོ་དང་རྗེས་རབས་ན་གཞོན་རྣམས་ཀྱི་སྤྱན་སྔར་ཕུལ་བ་ལགས།
སྤྱིར་བོད་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན་ཚེ་ཕལ་ཆེར་ཁོ་ཚོའི་སྣང་ངོ་རུ་ནམ་རྒྱུན་འཆར་གྱིན་ཡོད་པ་ནི་སློབ་སྦྱོང་ལ་འབད་པ་བྱེད་དགོས་པ་དེ་ཡིན་འདུག དེ་འདྲ་ལོས་ཡིན་སློབ་སྦྱོང་ནི་སློབ་མའི་འོས་འགན་ཉག་ཅིག་ཡིན། འོན་ཀྱང་ཁོ་ཚོའི་སྣང་ངོར་སློབ་སྦྱོང་ཞེས་པ་ནི་རྩོམ་རིག་འབྲི་ཀློག་སྦྱོང་གསུམ་ཙམ་བྱེད་པ་ལས་སློབ་སྦྱོང་ཞེས་པ་འདི་སྣ་མང་ཅན་ཞིག་ཡིན་པ་རྩ་བ་ནས་ཡིད་ལ་འཆར་གྱིན་མེད་པ་འདྲ།
ད་དུང་རྩོམ་རིག་གི་ནང་གསེས་ཀྱི་བརྩམས་སྒྲུང་དང་སྙན་ངག་ལོ་རྒྱུས་ལྷུག་རྩོམ་ལ་སོགས་པ་ལས་གཞན་ཅི་ཡང་འཆར་རྒྱུ་མེད་པ་སུས་ཀྱང་ཁས་ལེན་དགོས་ཞིག་རེད། དེ་འདྲ་མིན་ཟེར་ནའང་ནུབ་ཕྱོགས་མཚན་ཉིད་རིག་པ་དང་ནང་ཆོས་ཀྱི་དཔེ་དེབ་འགའ་ལས་སྣང་ངོ་རུ་ཅི་ཞིག་ཡོད། བརྩམས་སྒྲུང་ཐ་ངེ་ཐུང་ངེ་དང་སྙན་ངག་ཆ་གེ་ཆོག་གེ་ད་དུང་ལོ་རྒྱུས་ཀྱི་ཤེས་བྱ་ཕྲན་བུ་ཙམ་རེ་ངས་ཡང་ཤེས་ལ་ཁྱེད་ཀྱིས་ཀྱང་ཤེས་པ་རེད།ནམ་རྒྱུན་དེ་དག་གི་ནང་ན་རྩོད་གླེང་དང་ཁ་མཆུ་གཡུག་གིན་འདུག
བདག་གི་བསམ་པར་བོད་ཀྱི་སློབ་ཆེན་སློབ་མ་ཕལ་ཆེ་བ་འདི་ལྟར་རྩིས་ཚན་དང་རིག་ཚན་གྱི་ལམ་ཀ་འདི་གཉིས་ཀྱི་འཆིང་རྒྱ་ལས་ནམ་ཡང་ཐར་གྱིན་མེད་པ་འདྲ། སློབ་གྲྭ་ཆེན་མོ་ཞིག་ལ་མཚོན་ན་ཆེད་ལས་ཅན་གྱི་སློབ་གླིང་མང་པོ་ཡོད་ལ་ང་ཚོའི་སློབ་མ་ཚོ་རྩིས་རིག་སྡེ་ཁག་དང་བོད་ཡིག་སྡེ་ཁག་ལས་གཞན་པའི་སློབ་གླིང་ན་ངོ་མ་ཉིན་མོའི་སྐར་མ་དང་རུས་སྦལ་གྱི་སྤུ་རུ་སྣང་འདུག དེའི་ཕྱིར་བོད་ཀྱི་སློབ་མ་ཚོ་སྡེ་ཁག་འདི་གཉིས་ལས་ཉི་མ་འཕུད་དགོས་དོན་མི་འདུག་སྟེ། གཞན་པའི་ཚན་རྩལ་དང་ལག་རྩལ་ཕྱོགས་ཀྱི་ཆེད་ལ་འབད་ན་ད་གཟོད་མ་འོངས་བར་བོད་ལ་ཚོང་ལས་བ་དང་འཛུགས་སྐྲུན་པ་དང་འཁྲབ་ཁྲིད་པ་ལ་སོགས་དཔལ་འབྱོར་དང་ཆབ་སྲིད་རིག་གནས་གསུམ་འཛོམས་ཀྱི་མི་སྣ་འཇོན་ཐང་ཅན་མང་པོ་བྱུང་ཁོ་ཐག་རེད། དེ་མིན་བོད་ཀྱི་གཏམ་དཔེ་ལ་ཨ་མ་མ་གཏོགས་་མི་ངོ་མ་ཤེས་ཐབ་ཀ་མ་གཏོགས་ས་ངོ་མ་ཤེས་ཟེར་བའི་དཔེ་ལས་མ་འདས་སོ།། ང་ཚོས་དེང་སང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་འདྲའི་མི་སྣ་གྲགས་ཅན་འགའ་ལ་རེ་བཅོལ་བ་ལས་དེ་འདྲའི་སྙིང་སྟོབས་ཅན་གྱི་མི་ནི་འཇོན་གྱིན་མི་འདུག
འདིར་བདག་གི་མྱོང་དངོས་དོན་དག་ཆུང་ཆུང་ཞིག་བརྗོད་འདོད། གཟའ་འཁོར་གཅིག་ལྷག་གི་སྔོན་ལ་བདག་སློབ་གྲྭའི་མཐུན་ཚོགས་མང་པོ་དང་ལྷན་དུ་དེ་དག་གི་ཚོགས་འདུ་གང་མང་ལ་ཞུགས་པ་ཡིན་དེ་དུས་ད་གཟོད་ང་ཚོའི་བོད་ཀྱི་སློབ་མ་དག་གི་ངོ་མས་རང་གི་སློབ་གླིང་ན་མི་གོ་ཙམ་ཆོད་པ་ལས། རང་ཉིད་གྲས་ལ་བཞག་པའི་བོད་ཀྱི་སློབ་མ་ཚོས་ངོ་མས་ཅི་ཡང་འཇོན་གྱིན་མི་འདུག རྒྱུ་མཚན་ང་ཚོས་ཐ་ན་འཆར་འགོད་རེའུ་མིག་ཞིག་དང་གཞན་ཆེད་གཞན་དང་འབྲེལ་བའི་ལས་ཀ་ཞིག་སྒྲུབ་ཏུ་བཅུག་ཚེ། མུན་ནག་ནང་ལ་ལག་རྙོབ་བྱེད་པ་ལས་ཅི་ཡང་བསྒྲུབས་ཤེས་ཀྱིན་མི་འདུག དཔེར་ན་བརྙན་ལེན་སྟངས་སྐོར་གྱི་ལག་ལེན་ལ་སོགས་པ་ལྟ་བུ། དེ་འདྲའི་དོན་དག་ཙག་ཙིག་ལས་ད་གཟོད་བདག་ལ་བཤད་མི་ཤེས་བའི་ཚོར་བ་རྣོན་པོ་ཞིག་དང་ན་ཟུག་དྲག་པོ་ཞིག་སྐྱེས་བྱུང་། དེའི་ཕྱིར་བདག་གིས་སེམས་བསམ་པའི་སྟེང་ནས་བོད་ཀྱི་སློབ་ཆེན་པ་ཚང་མ་རྩོམ་རིག་རྐྱང་རྐྱང་ལ་འཇུག་དགོས་དོན་མི་འདུག་སྙམ།
ངས་དེ་ལྟར་ལབ་ན་ཡང་མི་ལ་རེར་གྱིས་བོད་ལ་རྩོམ་རིག་དང་རྩིས་ཚན་ལས་གཞན་པ་བོད་ཡིག་བསླབ་ནས་ཆེད་ལས་གཞན་སྦྱང་ཆོག་པའི་སློབ་གླིང་མེད་སོགས་ཟེར་ཀྱང་སྲིད། གལ་ཏེ་རྒྱ་ཡིག་བསླབ་ནས་དེ་དག་སློབ་ན་མི་རིགས་ཀྱི་འདུ་ཤེས་བོར་འགྲོ་རབ་བཤད་མཁན་ཡང་མང་པོ་ཞིག་ཡོད་ཤ་སྟག་རེད། བདག་གིས་དེ་ལ་ལན་འདི་འདྲ་ཞིག་འདེབས་ཏེ་དེ་འདྲ་བ་ཞིག་མིན་བསམ་པའི་ཡིད་ཚོད་ང་ལ་ཡོད། རྒྱུ་མཚན་ནི་སློབ་ཆུང་དང་སློབ་འབྲིང་ནས་བཟུང་བོད་ཡིག་བོད་སྐད་དང་བོད་རང་གི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཡིན་པས། སློབ་ཆེན་ལ་ཐོན་ན་མི་རིགས་ཞེས་པའི་འདུ་ཤེས་ཟབ་མོ་དེ་ངང་ངམ་ཤུགས་ཀྱིས་ཐོན་ཡོང་པ་མ་ཟད། ད་དུང་གཞན་མི་རིགས་གཞན་དང་མཉམ་དུ་ཛ་དྲག་ཆེ་བའི་འགྲན་རྩོད་དེ་ལྟ་བུར་ཞུགས་ན། བོད་མིའི་ད་ལྟའི་གནས་བབས་སྤྱི་ཙམ་པ་ཞིག་ཁོ་ཚོའི་བློ་ངོར་མ་མཐའ་ཡང་ཡོད་པས་སྔར་ལས་ཤུགས་རྒྱག་འདོད་ཀྱི་འདུན་པ་ཡོད་རྒྱུ་རེད་བསམ་ཡོད། དེ་བས་ཁྱོད་ཚོས་དེ་དག་ལ་སེམས་ཁུར་ལྷག་མ་ཞིག་བྱེད་དགོས་དོན་མེད།
བོད་ཀྱི་སློབ་མ་ཚོར་ལས་ཀ་གཞན་པ་གཉེར་བའི་སེམས་འདུན་མེད་པ་དང་སྙིང་སྟོབས་མེད་པ། ད་དུང་དེ་འདྲའི་ཕྱོགས་ལ་བསམ་བློ་ཙམ་ཡང་མི་གཏོང་བ་དེ་ང་ཚོས་དོན་དག་ཆུང་ཆུང་འདི་འདྲ་བ་ཞིག་ལས་ཚོར་ཐུབ། གལ་ཏེ་དགེ་རྒན་ཞིག་གིས་བོད་ཀྱི་སློབ་མ་བཅུ་དང་རྒྱའི་སློབ་མ་བཅུ་བསྡུས་ནས་དེ་དག་ལ་ཁྱོད་ཚོའི་རང་རང་གི་ཕུགས་བསམ་ཅི་ཡིན་ཞེས་དྲིས་ཚེ། བོད་ཀྱི་སློབ་མ་ཚོས་བརྒྱ་ཆའི་བརྒྱད་བཅུ་ཡན་མ་འོངས་པ་ན་དགེ་རྒན་ཞིག་བྱེད་འདོད་ཟེར་བ་ལས་གཞན་པ་ཅི་ཞིག་ཟེར་ཐུབ། འོན་ཀྱང་གཞན་རིགས་དེ་འདྲ་མིན་པ་ཚང་མས་སེམས་ན་གསལ།
དེ་འདྲའི་རྐྱེན་གྱིས་ངས་བཤད་འདོད་པ་ནི་བོད་ཀྱི་ཤེས་ཡོན་པའི་སྡེ་ཚང་མ་རྩོམ་རིག་རྐྱང་རྐྱང་ལ་སྙེག་སྟེ། ནམ་ཡང་ཚར་རྒྱུ་མེད་པའི་ཁྱུ་ཚོགས་ནང་མུར་གྱི་ལས་རྐྱང་རྐྱང་ལ་མི་འཇུག་པར་བྱའོ་ཟེར་རྒྱུ་དེ་ཡིན།
༢༠༡༥/༡༠/༢༢ ཉིན་སྦྱར།
བོད་ཀྱི་སློབ་ཆེན་སློབ་མ་ནི་རྩོམ་རིག་རྐྱང་རྐྱང་ལ་ཕྱོགས་པའི་སློབ་མ་ཡིན་པ་དང་། བོད་ཀྱི་ཤེས་ཡོན་ཅན་གྱི་སྡེ་ནི་འདས་པ་གཙོ་བོར་བརྗོད་པའི་ཤེས་ཡོན་ཅན་གྱི་སྡེ་ཞིག་ཡིན། སྐད་འཕྲིན་གྱི་གླེང་མོལ་ལ་ཞུགས་ན་འདྲ། ཞིབ་འཇུག་གི་དཔྱད་རྩོམ་ཞིག་བཀླགས་ན་འདྲ། མང་ཆེ་བ་ནི་འདས་པ་ཡིན། དེང་སང་རང་ཉིད་འཚོ་བཞིན་པའི་སྤྱི་ཚོགས་མཐོང་མི་ཐུབ།
ང་རང་ཉིད་དུས་རབས་གོང་མའི་ལོ་རབས་སྟོད་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན། དེ་དུས་ང་ཚོས་བཤད་པ་དང་བྲིས་པ་དེ་དག་ད་དུང་ཡང་བཤད་ཅིང་འབྲི། སྤྱིར་བཏང་ང་ལྟ་བུ་ཞིག་དེང་སང་གི་གསར་བུ་ཚོའི་གླེང་མོལ་གྱི་ནང་དུ་ཞུགས་ན་ངའི་ཤེས་ཡོན་རྙིང་དྲག་པའི་ཚོར་བ་ཞིག་སྐྱེས་དགོས་ཀྱང་དེ་རྩ་བ་ཉིད་ནས་མི་སྐྱེས། ད་དུང་གསར་བུ་ནང་བཞིན་བཤད་ཆོག བྲིས་ཆོག
སྤྱིར་བཏང་རྒྱུན་ལྡན་གྱི་སྤྱི་ཚོགས་ཤིག་ཏུ་ད་ལྟ་དང་མ་འོངས་པ་གླེང་མོལ་བྱེད་མཁན་མང་ཤོས་དང་འདས་པ་བརྗོད་མཁན་ཉུང་ཤས་ཤིག་ཡིན་འོས། ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ནི་དེ་ལས་ལྡོག་སྟེ་འདས་པ་བརྗོད་མཁན་མང་ཤོས་དང་ད་ལྟ་དང་མ་འོངས་པ་རྗོད་མཁན་ཉུང་ཤས་ཡིན། དེང་སང་བོད་ཀྱི་སྤྱི་ཚོགས་ཀྱི་མི་མང་གི་ཡོང་འབབ་དང་། ཡིག་རྨོངས་གྱི་གྲངས་འབོ། འཕྲོད་བསྟེན་གྱི་གནས་ཚུལ་་སོགས་ཤེས་འདོད་ན་བོད་ཀྱི་ཤེས་ཡོན་ཅན་གྱི་རྩོམ་ལས་མི་རྙེད། རྒྱ་མིའི་རྩོམ་ལ་སྐྱབས་འཇུག་ཞུ་དགོས།
ཅིས་མ་བདེན། བོད་ཀྱི་མཐོ་རིམ་སློབ་མ་དང་སློབ་ཐོན་པ་ཚོ། སྙན་ངག་ཐན་ཐུན་རེ་འབྲི་བར་དགའ་ཞིང་བྲིས་རྗེས་དེ་ཡིས་ར་བཟི་ནས་འདུག ཆང་རག་གིས་ར་བཟི་བ་དང་སྙན་ངག་གིས་ར་བཟི་བ་གཉིས་ལ་ཁྱད་པར་ཅི་འདུག་གམ། རེད་ཡ། གཞན་ལ་གནོད་སྐྱེལ་ཞིང་ཟིང་ཆ་སློང་བའི་ཆང་འཐུང་ར་བཟི་ཞིག་ཡིན་ན་ནི་དེ་གཉིས་ལ་མི་འདྲ་བའི་ཁྱད་འདུག་ཀྱང་། དེ་ལས་ལྡོག་པ་ཞིག་ན་ནི་དེ་གཉིས་ལ་ཧེ་བག་སེ་བ་གང་ཡང་མི་འདུག །
འདིར་བསམ་ཚུལ་ཧ་ཅང་ཡག་པོ་ཞིག་བཏོན་འདུག་པས་བཀའ་དྲིན་ཆེ། དང་པོ་ང་ཚོས་བོད་ཆོལ་གསུམ་རུ་ཚད་ལྡན་གྱི་སློབ་ཆེན་ཞིག་ཡོད་དམ། འདི་ནི་དྲི་བ་ཞིག་རེད། སྔོན་མ་༢༠༠༥ཡས་མས་བར་བོད་ནང་གི་དགེ་སློབ་ཚོས་ཟི་ལིང་སློབ་གླིང་ལ་སློབ་ཆེན་ཞེས་འབོད་ལ། ནུབ་བྱང་མི་རིགས་སློབ་གླིང་ལ་ཡང་སློབ་ཆེན་སོགས་འབོད། ཡིན་ཡང་༢༠༠༥ཡས་མས་ནས་སློབ་གླིང་དེ་དག་གི་སྒོ་བྱང་བརྗེ་བོ་རྒྱབ་སྟེ།༼སློབ་ཆེན་༽ཞེས་མིང་བསྒྱུར་ཙམ་བྱས་པ་ཡོད་མོད།འོན་ཀྱང་དོན་ངོ་མ་བཤད་ན་བོད་ཆོལ་གསུམ་ན་རྒྱ་ནག་མི་རིགས་ཀྱི་སློབ་ཆེན་བཞིན་དོན་དངོས་ཀྱི་སློབ་ཆེན་ཚད་ལྡན་ཞིག་ད་རུང་ཡང་མེད་པ་རེད། རྒྱུ་མཚན་ནི། གལ་ཏེ་ཚད་ལྡན་སློབ་ཆེན་གྱི་སློབ་མ་ཞིག་ཡིན་ཚེ། ཁྱེད་ཀྱིས་སྐད་རིགས་གང་གི་སྒོ་ནས་སློབ་ཆེན་འདོན་བཞིན་པ་དེའི་སྐད་རིགས་ཀྱི་སྟེང་ནས་ཆེད་ལས་བདམས་ཀྱི་ཡོད། ཡིན་ཡང་བོད་ཆོལ་གསུམ་གྱི་སློབ་ཆེན་གྱི་ནང་དུ་ཡོད་པའི་སློབ་མ་ཚོས་བོད་ཡིག་སྟེང་ནས་ཆེད་ལས་དམིགས་བསལ་བ་ཞིག་བདམ་གསེས་བྱེད་ཀྱི་མེད། ཁོ་རང་ཚོའི་ཆེད་ལས་ནི་དགེ་རྒན་རེད། གལ་སྲིད་ཁྱེད་ཀྱིས་ཆེད་ལས་དགེ་རྒན་མ་ཡིན་པའི་ཚན་རིག་ལག་ཤེས་ལྟ་བུ་ཞིག་བདམ་འདོད་ཚེ། སྐད་རིགས་གཉིས་པ་དེའི་སྟེང་ནས་བདམ་དགོས་པ་རེད། སྔོན་མ་ང་རང་རྒྱ་གར་ན་ཡོད་དུས་ཞིག་ལ། མཚོ་སྔོན་སློབ་གླིང་ནས་ཐོན་པའི་སློབ་མ་དང་ནུབ་བྱང་སློབ་གླིང་ནས་ཐོན་པའི་གསར་བུ་འགའི་མཉམ་དུ་གླེང་མོལ་བྱས་མྱོང་ཡོད། ཁོ་རང་ཚོས་སློབ་ཆེན་ཐོན་པ་ཡིན་ཟེར་ནས་མགོ་བོ་གྱེན་ཏུ་དགྱེས་དགྱེས་བྱེད་ཀྱི་འདུག་པས། ངས་ཁོང་ཚོར་བོད་ཆོལ་གསུམ་ན་ད་རུང་སློབ་ཆེན་ཚད་ལྡན་ཞིག་ཡོད་པ་མ་རེད། ཁྱེད་ཚོར་འགྲོ་སའི་སློབ་གྲྭ་དེ་མི་རིགས་སློབ་གླིང་ཟེར་བ་དེ་རེད་ལབ་པ་ཡིན། གལ་སྲིད་ཁྱེད་ཚོར་འགྲོ་སའི་སློབ་གྲྭ་དེ་སློབ་ཆེན་ཞིག་ཡིན་ཚེ། བོད་ཡིག་གི་སྟེང་ནས་ཆེད་ལས་འདྲ་མིན་བདམ་གསེས་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ནི་མེད་པརེད།དགེ་རྒན་གྱི་ལས་ཀ་མ་གཏོགས་གདམ་སགེས་བྱེད་ཀྱི་མི་འདུག་ཟེར། གང་ལྟར་ང་ཚོས་ཤེས་དགོས་པ་ཞིག་ལ། བོད་ཆོལ་གསུམ་ན་སློབ་ཆེན་ཚད་ལྡན་ཞིག་མེད་པ་དེ་ཤེས་དགོས། རྒྱ་གཞུང་གིས་ནམ་ཡང་ང་ཚོར་སློབ་ཆེན་ཚད་ལྡན་ཞིག་སྐྲུན་གི་མ་རེད།
མིང་བྱང་འོག་གི་སློབ་ཆེན་ཡིན་པ་དེ་ང་ཚོས་ཤེས་དགོས་པ་རེད། བོད་ལ་རང་དབང་ཐོབ་པའི་ཉིན་མོ་སློབ་ཆེན་ཚད་ལྡན་ཞིག་སྐྲུན་ཐུབ་ཀྱི་རེད། དེ་མིན་གུང་ཁྲན་ཏང་གིས་བོད་ཡོངས་ཀྱི་ས་ཁུལ་ལ་མིང་བྱང་འོག་གི་སློབ་ཆེན་ནས་མི་ཚེ་རྫོགས་ཀྱི་འཇུག་གི་རེད། བོད་ནང་གི་སློབ་ཆེན་སློབ་མ་ཚོས་འདི་ཤེས་དགོས།
དེ་རིང་ཁ་བརྡའི་ནང་དུ་ཀློག་རིན་ཡོད་པའི་རྩོམ་ཞིག་བཅུག་འདུག འདི་ནི་དངོས་ཡོད་གནས་ཚུལ་ཞིག་རེད། སྤྱིར་བོད་མི་ཚོ་རིག་གནས་ལྟ་ཚུལ་ཐད་ནས་མི་རིགས་གཞན་དང་མི་འདྲ་བར་རྙིང་ཞེན་ཆེ་བ་དང་། མིག་རྒྱང་དོག་པོ། ཁྱབ་རྒྱ་ཆུང་བའི་རྐྱེན་པས་བོད་རིགས་སློབ་ཆེན་སློབ་མ་ཚོས་རྩོམ་རིག་རྐྱང་པར་ཤི་འཐམ་རོ་འཐམ་བྱེད་བཞིན་པ་འདི་རེད། ང་ཚོས་དུས་ནམ་ཞིག་ལ་གོམས་འདྲིས་ཆེ་བའི་གཤིས་སྤྱོད་འདི་བཅོས་ཐུབ་བམ།