—ལོ་བཅོ་བརྒྱད་སྔོན་བྲིས།
ཀླུ་སྨྱོན།
ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་པའི་རང་ཅག་ཁ་བ་ཅན་གྱི་ལྗོངས་འདིའི་མེས་པོ་ཐོག་མ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མེས་མོ་བྲག་སྲིན་མོ་གཉིས་ལས་སྤྲེལ་ཕྲུག་དྲུག་མཆེད་པ་ལས་བོད་མི་བུ་གདུང་དྲུག་བྱུང་ཞིང་། དེ་ལས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་ཚོ་ཁག་མང་དུ་གྱེས། སྤྱི་ལོའི་སྔོན་གྱི་༡༢༦ལོར་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ཐོག་མའི་སྲིད་ཁྲིར་ཕེབས་ཤིང་། རྒྱལ་པོ་དེ་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་བའི་སྲས་སུ་འདོད་མཁན་ནི་བོད་ཀྱི་ལོ་རྒྱུས་མཁས་པ་སྔ་མ་དག་ཡིན་ཞིང་། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་མང་བོ་ཞིག་གིས་གཉའ་ཁྲི་བཙན་པོ་བོད་ལྗོངས་སྤོ་བོའི་ཡུལ་ནས་འཁྲུངས་པར་འདོད་པས། བློ་གསལ་ཞིང་ཡིད་གཞུང་བ་དག་གིས་ཕྱོགས་ཞེན་རིང་དུ་སྤངས་ཏེ་རང་གི་མི་རིགས་ཀྱི་རྒྱལ་པོ་ཐོག་མའི་རིགས་རུས་ངོས་ཟིན་པ་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོའི་ཕྲག་པར་བཞག་པའི་འགན་ཁུར་འདོར་དུ་མེད་པ་ཞིག་ཡིན་སྙམ། རྗེ་གཉའ་ཁྲི་ནས་བཟུང་སྟེ་གནམ་གྱི་ཁྲི་བདུན་དང་སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག སའི་སྡེ་བརྒྱད་སོགས་རྒྱལ་རྒྱུད་རིམ་པར་བརྒྱུད་དེ་སྤྱི་ལོ༢༥༤ལོར་ལྷ་ཐོ་ཐོ་རི་གཉན་བཙན་རྒྱལ་པོའི་ཁྲིར་བཞུགས་དུས་སངས་རྒྱས་ཆོས་ལུགས་རྒྱ་གར་ནས་བོད་དུ་དར་མགོ་ཚུགས་ཤིང་། དཔང་སྐོང་ཕྱག་རྒྱ་སོགས་ཀྱི་སྐོར་ལ་ཡང་ལོ་རྒྱུས་མཁན་ཚོར་ལྟ་ཚུལ་མི་མཐུན་པ་མང་པོ་ཞིག་ཡོད་ཀྱང་འདིར་སྐབས་སུ་མ་བབས་པས་སྤྲོ་བར་མི་བྱ། དེ་དུས་གསོ་རིགས་ཀྱང་དར་རྒྱས་ཆེ་ཙམ་བྱུང་བར་གྲགས། དེའི་རྗེས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱིའི་རྒྱལ་ཕྲན་དག་ལ་འཇིགས་རུང་དམག་གི་རྩལ་བཀྱེས་ཏེ་མཐའ་བཞི་དབང་དུ་བསྡུས་ཤིང་། ནང་དུ་མི་ཆོས་གཙང་མ་བཅུ་དྲུག་དང་དགེ་བ་བཅུའི་ཁྲིམས་བཅས་ནས་འབངས་རྣམས་བདེ་བར་བཀོད། ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་གཙུག་ལག་གི་གཞུང་ལ་སྦྱངས་བརྩོན་མཛད་དེ་མཁས་པར་གྱུར་རྗེས་ཕྱིར་བོད་དུ་ཕེབས་ཏེ་ཐོག་མར་རྒྱལ་བློན་གཉིས་སྐུ་མཁར་མ་རུར་ཕེབས་ནས་བོད་ཡིག་ལ་སློབ་སྦྱོང་གནང་ནས་ཐུགས་སུ་ཆུད་རྗེས། བོད་ཀྱི་བློན་འབངས་ཚང་མར་བོད་ཡིག་སློབ་དགོས་པའི་བཀའ་བསྩལ་ཏེ་བསིལ་བའི་ལྗོངས་འདིར་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིངས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་རྒྱ་གར་གྱི་མཁས་པ་བོད་དུ་གདན་དྲངས་ཤིང་ལོ་ཙཱ་བ་མང་པོས་བཀའ་བསྟན་དུ་མ་བོད་ཡིག་ཏུ་བསྒྱུར་ནས་སངས་རྒྱས་ཆོས་ལུགས་དང་མཉམ་དུ་རྩོམ་རིག་གི་རིག་གཞུང་མང་བོའི་འཕྲིན་ལས་ཆེས་ཆེར་རྒྱས། མངའ་བདག་ཁྲི་རལ་གྱི་དུས་སུ་ཡང་གོང་དང་མཚུངས་པར་མདོ་སྔགས་རིག་གནས་གང་ཐད་དུ་བསྔགས་འོས་ཀྱི་འཕེལ་རྒྱས་བྱུང་། སྐབས་དེར་བོན་ལ་མོས་པའི་བློན་པོ་འགས་བཙན་པོ་ལྐོག་ཏུ་བཀྲོངས་ནས་དར་མ་འུ་དམ་བཙན་པོ་རྒྱལ་པོར་བསྐོས་པས་སངས་རྒྱས་ཆོས་ལུགས་དང་མཉམ་དུ་རྩོམ་རིག་སྒྱུ་རྩལ་གྱི་མཐོ་རླབས་ཀྱང་བྲི་ཐེངས་གཅིག་གིས་ཉམས་ཚུལ་ལ་དཔྱད་ན། སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བ་དེར་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད་པ་ཤེས་ཐུབ། ཁྲི་རལ་གྱི་དུས་སུ་ཐང་བོད་བར་དམག་འཁྲུག་ཡུན་རིང་བྱུང་ཞིང་ལན་རེར་མཐུན་པོ་བྱུང་ནས་ཐང་གི་རྒྱལ་ས་ཁྲང་ཨན་གྱི་ནུབ་ངོས་སུ་བོད་རྒྱའི་མནའ་མཐུན་རྡོ་རིང་དང་། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་དབོན་ཞང་རྡོ་རིང་བཙུགས་པ་སོགས་ཏེ་ཞར་བྱུང་ངོ་།
གླང་དར་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་ནས་ཡུན་རིང་ཙམ་འགོར་རྗེས་སངས་རྒྱས་ཆོས་ལུགས་བླ་ཆེན་དགོངས་པ་རབ་གསལ་གྱིས་སྤེལ་བ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིས་སྤེལ་བ་ལ་བསྟན་པ་ཕྱི་དར་དུ་འབོད་ཀྱང་། དེང་སྐབས་བསྟན་པ་བར་དར་ཞེས་བོས་ན་དོན་དངོས་དང་མཐུན་ཚབས་ཆེ། དེ་ནས་བཟུང་སྟེ་ལོ་ཆེན་རིན་བཟང་སོགས་བསིལ་ལྗོངས་འདིིར་བཀའ་དྲིན་ཆེ་བའི་ལོ་ཙཱ་བ་མང་པོ་བྱོན་ནས་རྒྱ་གཞུང་དུ་མ་བོད་དུ་བསྒྱུར་ཏེ་འོད་སྟོང་འབར་བའི་ཁ་བ་རི་པའི་རྩོམ་རིག་གི་བང་མཛོད་ཇེ་ཕྱུག་ཏུ་བཏང་ཞིང་། རྗེ་བཙུན་མི་ལ་རས་པ་སོགས་རྣལ་འབྱོར་བ་མང་པོས་དམངས་ཁྲོད་རྩོམ་རིག་གི་ལེགས་ཆ་བསྡུས་ནས་ཚིག་ཉུང་དོན་བསྡུས་ཀྱི་མགུར་གླུའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་བསྐྱེད་སྲིང་གནང་ཡོད་པས། “མེ་ལོང་མ་”བོད་དུ་མ་འགྱུར་གོང་ནས་ང་ཚོར་ངོམ་དུ་འོས་པའི་སྙན་ངག་གི་ལོངས་སྤྱོད་ཅིག་ཡོད་པ་བསྙོན་དུ་ག་ལ་ཡོད། དེའི་རྗེས་འགྲོ་མགོན་འཕགས་པའི་སྐུ་རིང་ལ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྙན་ངག་མཁན་སློབ་དཔོན་དཎྜིས་བརྩམས་པའི་སྙན་གཞུང་”མེ་ལོང་མ་”བོད་དུ་བསྒྱུར་རྗེས་མཁས་པ་བགྲང་ལས་འདས་པས་དེ་འཆད་ཉན་དར་སྤེལ་མཛད་ནས་གླང་ཆེན་གྱི་རྒྱབ་ཁལ་ལོངས་པའི་སྙན་རྩོམ་མཛད་དེ་དེང་སང་ངོམ་དུ་ཡོད་པའི་བརྩམས་ཆོས་འདི་དག་བྱུང་ལ། བོད་སིལ་བུར་འཐོར་རྗེས་དར་ཁྱབ་བྱུང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་གྱི་སྒྱུ་རྩལ་ཀྱང་དམངས་ཁྲོད་ཀྱི་སྒྲུང་མཁན་ཚོས་དཀའ་སྤྱད་བརྒྱ་ཕྲག་གི་སྒོ་ནས་ཁྱབ་སྤེལ་བཏང་བའི་འབྲས་བུ་ལགས་པས། ང་ཚོས་སྔ་རབས་ཀྱི་སྒྱུ་རྩལ་པ་ཚོའི་ཤུལ་བཞག་རིག་གནས་ལ་གཅེས་སྐྱོང་ལྷོད་གཡེང་དུ་མ་སོང་བར་ད་ལྟ་ཡང་ངོ་མཚར་ཆེ་བའི་སྒྲུང་མཁན་ཚོའི་མཆུ་འདབ་དང་ལག་སོར་གྱི་བར་ན་འབུས་བཞིན་པའི་སྒྱུ་རྩལ་གྱི་མེ་ཏོག་འདི་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་འབུལ་ཐུབ་པ་བྱེད་དགོས། དེང་གི་དུས་རབས་འདིར་ཡང་གནའ་རྩོམ་ལ་ཞིབ་འཇུག་དང་གཞན་རྩོམ་སྲོལ་ལ་ལད་མོ་བྱས་ཏེ་སྙུག་ཐོགས་པ་མང་པོ་ཞིག་གིས་སྙན་ངག་བཟང་ངན་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་པས། འདིར་ཞུ་རྒྱུ་ཞིག་ལ། ངག་ཐོག་གི་སྙན་ངག་ལ་ཚོད་འཛིན་མེད་ལ་སྨྲ་ཤེས་དོན་གོ་བའི་འགྲོ་བ་མིའི་རིགས་བྱུང་ནས་ཡུན་རིང་མ་སོང་བར་དམངས་ཁྲོད་དུ་དར་རྒྱས་འགྲོ་འགོ་ཚུགས་ཤིང་། དེར་སྒྱུ་རྩལ་གྱི་རྣམ་པ་ཇེ་ཕྱུག་ཏུ་གཏོང་བ་དང་བསམ་པའི་དཔལ་ཡོན་ཡར་རྒྱས་གཏོང་བའི་ནུས་པ་ཧ་ལས་པ་ཞིག་མཆིས། ཡིག་ཐོག་སྙན་ངག་ནི་དེ་མཚུངས་མ་ཡིན་པར། རྩོམ་པ་པོ་གང་ཞིག་གི་སེམས་ཁོང་གི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ཕྱིའི་ཚིག་ཕྲེང་གི་སྟེང་ནས་ཀློག་པ་པོའི་ལོངས་སྤྱོད་དུ་བསྟར་དགོས་པས། ནང་སེམས་ཀྱི་འགྱུར་བ་འབུར་དུ་ཐོན་པའི་སྙན་ངག་གི་ཞོ་གསར་འཐུང་འདོད་ཀྱང་། རྩོམ་པ་པོའི་བསམ་གཞིག་དང་བརྩེ་དུང་གི་རུ་རྟ་མེད་པར་འཚོ་བའི་ལོ་མ་གཅིག་པུས་ག་ལ་ཆོག ང་ཚོའི་སྙན་ངག་པ་མང་པོ་ཞིག་ཕྱི་ནང་ནང་འདྲེན་བྱས་པའི་”མེ་ལོང་མ”ས་ཚིམས་ནས་རང་གི་དམངས་ཁྲོད་ཀྱི་མགུར་གླུའི་རྣམ་པའི་སྙན་ངག་ལ་གདེངས་འཇོག་མེད་པ་ནི། ནང་སེམས་ཀྱི་འགྱུར་བ་དྲག་པོས་རྒྱུ་ཆ་བྱས་པའི་སྙན་ངག་འཕེལ་རྒྱས་འགྲོ་བར་ཤིན་ཏུ་གནོད་འདུག་སྙམ། མི་རིགས་ཀྱི་རང་བཞིན་ལྡན་པའི་སྙན་ངག་འཕེལ་རྒྱས་འགྲོ་ཐུབ་མིན་ནི་མི་རིགས་ཀྱིས་སེམས་གཏིང་ནས་གྱེར་བའི་ངག་གི་རིག་བྱེད་ལ་དོ་སྣང་ཆེན་པོ་བྱས་ཡོད་མེད་ལ་རག་ལས་པས། “མེ་ལོང་མ” བོད་དུ་བསྒྱུར་བ་དེས་བོད་ཀྱི་སྙན་ངག་ངོ་མ་སྟེ། མི་རིགས་ཀྱི་བླ་སྲོག་མཚོན་ཐུབ་པའི་སྒྲུང་དང་མགུར་གླུའི་རིགས་ལ་མཐོང་ཆུང་བྱེད་པའི་སྲོལ་ངན་ཞིག་གནའ་ནས་ད་ལྟའི་བར་དུ་བཞག་པ་རེད།
གཞུང་ལུགས་དང་སྙན་ངག་ཕལ་ཆེར་འཚོ་བའི་ཁྲོད་ཀྱི་ལག་ལེན་སྣ་ཚོགས་ལ་བཞག་པའི་སྡོམ་ཚིག་ཡིན་པས། དེས་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་འབྲེལ་ལམ་བརྒྱུད་ནས་སྤྱི་ཚོགས་ལ་ཞབས་ཞུ་ངེས་ཅན་ཞིག་བྱེད་ཐུབ་པས། འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་སྙན་ངག་གི་ནུས་པ་མང་པོ་ཞིག་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་འདོན་སྤེལ་བྱས་ཡོད། དེང་དུས་དོན་དངོས་ཀྱི་རྨང་གཞི་ཞན་པའི་སྙན་ངག་མང་པོ་ཞིག་སྤྱི་ཚོགས་སྟེང་ཁྱབ་བརྡལ་དུ་འགྲོ་བཞིན་མཆིས་མོད། དེས་རྩོམ་པ་པོ་སྒེར་གྱི་རེ་འདུན་གྲུབ་པ་ལས། རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རིམ་ལ་ཕན་གནོད་གང་འབྱུང་དཔྱད་རྒྱུ་གལ་ཆེ་སྙམ། ང་ཚོས་དགེ་ཆོས་ལགས་ཀྱི་ “ཆུང་གྲོགས་རྗེས་དྲན་”དལ་བུར་བཀླགས་ཚེ་ཡིད་ལ་ཟད་མི་ཤེས་པའི་གདུང་སེམས་ཤིག་ངམ་ངམ་ཤུགས་ཀྱིས་སྐྱེ་ལ། སྙན་ངག་མང་པོ་ཞིག་ལ་དེ་འདྲའི་ནུས་པ་ཞིག་མེད་པ་ཡང་དོན་དངོས་ཀྱི་རྨང་གཞི་ལ་དོ་སྣང་མ་བྱས་པར་ཚིག་རྒྱན་ཙམ་གྱིས་ཉི་མ་གཏོང་ཐབས་བྱས་པའི་འབྲས་བུ་རེད་འདུག་སྙམ།
དམངས་ཁྲོད་ཀྱི་རིག་རྩལ་ལ་གདེངས་འཇོག་མེད་པ་མ་ཟད། དེ་དག་མི་སྐོར་ཞིག་གི་འཚོ་ཐབས་སུ་ངོས་བཟུང་ནས་ “མེ་ལོང་མ”སྐྱབས་འོག་ཏུ་འཛུལ་ཅི་ཐུབ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྙན་ངག་ཚིག་ཕྲེང་གཅིག་ཀྱང་འབྲི་མ་ཐུབ་པའི་ “སྙན་ངག་པ་”དེ་དག་ང་ཚོས་ད་དུང་གཙུག་ཏུ་བཀུར་དགོས་དོན་ཅི་ཡོད། དེང་གི་མཁས་རློམ་རེ་གཉིས་ཀྱིས་རྩོམ་རིག་གསར་བ་འདི་རྒྱ་དམར་གྱིས་ཆོས་ལུགས་ཉམས་དམས་སུ་གཏོང་ཆེད་བོད་ནང་དུ་སྤེལ་བ་རེད་ཅེས་སྡུག་སྐད་འདོན་བཞིན་འདུག་མོད། དེ་འདྲ་གཏན་ནས་ཡིན་དོན་མེད་དེ། རང་མོས་སྙན་ངག་ལྟ་བུར་མཚོན་ན་ཐོག་མར་ཨ་རིར་འབྲི་སྲོལ་འདི་དར་ཞིང་། རིམ་གྱིས་རྒྱལ་ཁབ་དུ་མར་ཁྱབ་བརྡལ་དུ་སོང་བ་ཡིན་ལ། བརྩམས་སྒྲུང་གསར་པ་ཡང་བོད་ནང་གི་རྩོམ་པ་པོས་དབྱིན་ཇི་དང་རྒྱ་ནག་གི་ཡི་གེར་བྲིས་པའི་བརྩམས་སྒྲུང་གཞིར་བཟུང་ནས་བྲིས་པ་མ་གཏོགས། ཆབ་སྲིད་ཀྱི་གནས་ཚུལ་གཞན་དང་འདྲ་བར་བཙན་གྱིས་བོད་ནང་དུ་སྤེལ་བ་ག་ལ་ཡིན། གཞན་ཡང་མཁས་པར་གྲགས་པ་ལ་ལས་སྙན་གཞུང་ “མེ་ལོང་མ”འཁྲིད་སྐབས། སློབ་དཔོན་སློབ་མ་གཉིས་ཀས་མི་འདོད་བཞིན་དུ་གདོང་འབག་མཐུག་པོ་རེ་གྱོན་ནས་འཇིག་རྟེན་མི་ཆོས་ལས་རིང་དུ་བརྒལ་བའི་ཆགས་ཚིག་བག་ཡོད་ཀྱི་རྣ་བར་གཟན་པ་དག་ལ་ཉིན་དུ་མར་བློ་གོམས་སུ་འཇུག་པའི་སྐོར་འདི། མེས་པོ་ནས་བརྒྱུད་པའི་གཟི་བརྗིད་ཅིག་ཏུ་བརྩིས་ནས། རྩོམ་སྟངས་གསར་བ་འདི་རྒྱ་མིའི་སྲིད་ལུགས་ཤིག་དང་། དེར་ཡིད་ཕྱོིགས་མཁན་ཚོ་ཕ་མེས་ཀྱི་ཞབས་འདྲེན་དུ་བརྩི་བ་འདི་ནི། རང་ཉིད་དེང་རབས་རྩོམ་རིག་གི་གཞུང་ལུགས་ལ་འདྲིས་ཆ་མེད་པ་དང། བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ལ་དོ་སྣང་མི་བྱེད་པའི་རང་མཚང་བསྟན་པ་ལས་མ་འདས་སོ།
གཞན་སྙན་ངག་གསར་བའི་སྐོར་ལ་མི་མང་པོ་ཞིག་གིས་ཀླད་རྙིང་མཁྲེགས་བཟུང་བྱས་ནས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྙན་ངག་གསར་བ་འདིར་སྐྱོན་བརྗོད་དངལོ་ངོ་བརྒྱ་ཕྲག་གི་རིང་བོད་ཀྱི་སྙན་གཞུང་གི་སྲིད་ཁྲིར་འགྱིངས་པའི་ “མེ་ལོང་མ”འི་འཕོང་འགེབ་གང་ཐབས་བྱེད་པ་འདི་དག་ནི་བློ་མིག་ཁབ་ཀྱི་བུ་གར་བཅོལ་མཁན་ཤ་སྟག་སྟེ། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྙན་ངག་མཁན་ཋེ་གོར་གྱི་ “གླུ་ཐལ་སྦྱར་མ”བོད་འགྱུར་གླེང་བརྗོད་ནང་། “ལོ་བརྒྱ་ཕྲག་བཅུ་པའི་རྗེས་སུ་རིམ་པས་དར་རྒྱས་སུ་སོང་བའི་ཚིག་རྒྱན་གྱི་རྣམ་བཞག་དང་རྩོམ་འགྲོས་གསར་པ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད། བོད་སྐད་ཀྱི་བགོ་སྐལ་དུ་མ་ཐོབ་པས། འུ་ཅག་ད་དུང་ཡང་དཎྜའི་བཞེད་དགོངས་འབའ་ཞིག་ཨ་འཐུས་སུ་བཟུང་སྟེ་ཚིག་དོན་རྒྱན་གྱི་གོམ་སྟབས་ལོ་ངོ་སྟོང་ཕྲག་འདས་པའི་དུས་ཀྱི་ཡོལ་བའི་ཕག་ནས་བསྒྱུར་གྱིན་བསྡད།” ཅེས་ཐུགས་ཕམ་པའི་གསུང་སྐད་ཤོར་བ་འདི་ཙམ་ཡང་སྣང་མེད་དུ་བཞག་ནས། ཚིག་རྒྱན་རྙིང་བ་འགའ་ཡང་སྐོར་བསྐྱར་སྐོར་དུ་རྗེས་བཟླས་བྱེད་པའི་ངལ་བ་དང་དུ་ལེན་པར་སྤྲོ་བ་འདི། རིག་རྩལ་འཕེལ་རིམ་གྱི་རླབས་རྒྱུན་ལ་འགལ་རྐྱེན་བཟོ་བའི་བཀག་རྒྱའི་ཕ་བོང་དྲེག་པས་འཚོས་པ་འབའ་ཞིག་ཏུ་ཟད། དུས་རབས་ཀྱི་མདུན་ལྗོངས་གསར་བར་བློ་ཁ་ཕྱོགས་མཁན་ཚོས་ཁོ་ཚོར་སྙན་ངག་གསར་བའི་མཚོན་སྟངས་དང་འཕེལ་རིམ། ད་དུང་ལོ་རྒྱུས་(ཨ་མེ་རི་ཀའི་སྙན་ངག་མཁན་ཆེན་པོ་བེ་ཐུ་མན་གྱིས་ ༡༨༨༥་ལོའི་ཟླ་༧ ཚེས ༤ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་ “རྩྭ་ལོ་ཚོམ་བུ” ཞེས་པའི་སྙན་ངག་གི་དེབ་ཅིག་པར་དུ་བཏབ་ནས་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་སྟེང་དུས་རབས་ཀྱི་དབྱེ་མཚམས་ཕྱེ་བའི་རང་མོས་སྙན་ངག་གི་སྲོལ་ཐོག་མར་བཏོད་ཅིང་། ཐོག་མར་ཁོང་གིས་འགྲོ་སོང་སྒེར་གྱིས་བཏང་ནས་དེབ་ཆིག་སྟོང་དཔར་མོད། དེབ་དེ་དག་ཉོ་མཁན་མ་བྱུང་བ་ཕར་ཞོག་དེའི་རྐྱེན་ཁོང་ཉིད་ལས་ཁུངས་ཀྱི་སྒོར་བསྐྲད་དེ་ཚེ་མཇུག་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་དགོས་བྱུང་བ་རེད། རྗེས་སུ་རིམ་གྱིས་དར་ཁྱབ་བྱུང་སྟེ་ད་ལྟ་འཛམ་གླིང་སྤྱི་འགྲོས་ཅན་གྱི་རྩོམ་སྟངས་ཤིག་ཆགས་འདུག ཁོ་བོས་སྙན་ངག་མཁན་འདིའི་བརྩམས་ཆོས་ཀྱི་ཁྲོད་ནས་ “ཀྱེ་གྲུ་དཔོན། ང་ཡི་གྲུ་དཔོན།” ཞེས་པ་མ་གཏོགས་གཞན་དག་ལ་མཇལ་མ་ཐུབ།) བཅས་ངོ་སྤྲོད་བྱས་ནས་གཟི་འོད་འབར་བའི་བོད་ཀྱི་རིག་གཞུང་གི་སྐྱེད་ཚལ་དུ་འདིའི་མཚར་སྡུག་གི་ལང་ཚོ་མངོན་དུ་བྱ་དགོས་ལ། བོད་ནང་དུ་འདི་འཕེལ་རྒྱས་སུ་སོང་བ་ཅུང་ཟད་མགྱོགས་མོད། མཁས་པ་རྒན་པ་སྐོར་ཞིག་གི་ཐུགས་ལ་མ་བབས་པར་ “སྦྲང་ཆར” དང་ “ཟླ་ཟེར” སོགས་དུས་དེབ་འགའ་རེའི་སྟེང་དགག་ཡིག་རེ་གཉིས་བྲིས་འདུག་ལ། རང་མོས་སྙན་ངག་འདིར་དོ་སྣང་བྱེད་མཁན་ཚོས་དེ་དག་ལ་ལན་བཏབ་པའི་རྩོམ་ཡིག་དུ་མ་མཆིས།
རྩོམ་རིག་སྒྱུ་རྩལ་གྱི་བྱ་བཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་དགོས་ན། རང་ཅག་ཁ་བ་ཅན་པ་རྣམས་ཀྱིས་འཇམ་མགོན་ས་པཎ་གྱིས། “སྔོན་ཆད་གཞན་གྱི་ཡིད་ལ་ཤར་བ།། འདི་འདྲ་གང་གིས་ཤེས་ཏེ་བློ་གྲོས་ལྡན།། རྒད་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།། དོན་དེ་ཤེས་ཀྱང་དེ་ལ་ངོ་མཚར་མེད།།”ཅེས་གསུངས་པའི་ལེགས་བཤད་རིན་ཐང་བྲལ་བ་འདི་རྒྱང་རིང་དུ་བཞག་ནས། རྒྱ་གར་གྱི་མཁས་མཆོག་ཞི་བ་ལྷའི་སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། ཅེས་པའི་ཚིག་ལ་འཇུས་ནས་སྡོད་ཐབས་ག་ལ་ཡོད། མཁས་དབང་དོན་གྲུབ་རྒྱལ་གྱིས་དཔྱད་རྩོམ་ཞིག་གི་ནང་། “དཎྜིས་སྙན་ངག་གི་གཞུང་ “མེ་ལོང་མ”རྩོམ་ཐུབ་ན་ང་ཚོས་ཚིག་རྒྱན་གྱི་བསྟན་བཅོས་ “མེ་ལོང་མ་” ཞིག་རྩོམ་མི་ཐུབ་རྒྱུ་ཅི་ཡོད།”གསུངས་འདུག་པར་བལྟས་ན། ཁོང་གིས་བོད་མི་རིགས་ཀྱི་རང་བཞིན་ལྡན་པའི་སྙན་ངག་གི་གཞུང་ལུགས་ཤིག་གསར་བཏོད་མཛད་རྩིས་ཡོད་ཀྱང་། རྩོམ་པ་པོ་ཁོང་ཉིད་སྐུ་གཤེགས་པའི་རྐྱེན་གྱིས་ང་ཚོར་དེ་འདྲའི་སྐལ་བ་མ་ལྡན། ཉེ་ལམ་བོད་ནང་གི་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱིས་ “སྙན་ངག་གི་རྣམ་བཤད་གཟུག་གནས་རིག་པའི་འཇུག་ངོགས་” བྱ་བ་ཞིག་བརྩམས་ནས་སྙན་ངག་གསར་རྙིང་གཉིས་ཀར་ཡོད་པའི་སྐྱོན་ཡོན་བརྗོད་དེ་དབུ་མའི་ལམ་ཞིག་བསྟན་འདུག་ཀྱང་། ནོར་བུའི་ནོར་ཉམས་ཆོད་མཁན་ག་ཚོད་ཡོད་དམ། གཞན་བརྩམས་སྒྲུང་གི་ཕྱོགས་ནས་བརྗོད་ན། ལོ་རབས་བདུན་ཅུ་བའི་དཀྱིལ་ཙམ་ནས་བོད་ནང་དུ་འཛམ་གླིང་གི་ཕྱོགས་ཀུན་ཏུ་དར་ཁྱབ་ཆེ་བའི་སྒྲུང་གཏམ་འབྲི་སྲོལ་དར་ཞིང་། འདིའི་ཕྱོགས་ཀྱི་གདོང་མཆོང་བ་མཁས་དབང་དོན་གྲུབ་རྒྱལ་དང་གླང་མདུན་དཔལ་འབྱོར་ལྟ་བུ་དཀའ་སྤྱད་ལ་དཔའ་མི་ཞུམ་པའི་ན་གཞོན་རྩོམ་པ་པོ་དག་གི་མཛད་རྗེས་ང་ཚོས་བརྗེད་ཐབས་མེད། བོད་ནང་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་འབྲི་སྲོལ་དར་ཁྱབ་ཆེ་ཙམ་བྱུང་བ་དེས། རྙིང་ཞེན་བག་འཁུམ་གྱི་བསམ་བློར་རྡུང་རྡེག་དྲག་པོ་ཞིག་བཏང་རྐྱེན། སྲོལ་རྒྱུན་གྱི་འདུ་ཤེས་གཙུག་ཏུ་བཀུར་མཁན་མང་པོ་ཞིག་གིས་གསར་བཏོད་ཀྱི་སྙིང་སྟོབས་ལྡན་པའི་གཞོན་སྐྱེས་རྩོམ་པ་པོ་དག་ལ་མངོན་ལྐོག་ཅི་རིགས་ནས་ངོ་རྒོལ་ཚབས་ཆེན་བཏང་མོད། དུས་རབས་ཀྱི་འགྱུར་འགྲོས་དང་རྩོམ་པ་པོའི་དཔའ་སྤོབས་གཉིས་གཅིག་ཏུ་བསྡོངས་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་བརྩམས་ཆོས་གང་ཞིག་འདོན་སྤེལ་བྱས་ཤིང་། རྗེས་སུ་རིམ་གྱིས་ནུབ་ཕྱོགས་ཀྱི་རྩོམ་སྟངས་ཁྱད་པར་བ་སྟེ་ “སྒྱུ་འཕྲུལ་དངོས་ཡོད་རིང་ལུགས”དང་ “རྟོག་པ་འཆར་ཡན་རིང་ལུགས”སོགས་མང་པོར་ལད་འབྲིའི་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་རྩོམ་རིགས་སྒྱུ་རྩལ་གྱི་རྣམ་པ་འཐུས་ཚང་དུ་བཏང་།
ནུབ་ཕྱོགས་ཀྱི་ལུགས་འདིའི་སྟེང་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་མཁན་ནི་རྒྱ་ཡིག་ལམ་ནས་བརྩམས་སྒྲུང་འབྲི་མཁན་བཀྲ་ཤིས་ཟླ་བ་དང་བོད་ཡིག་གིས་འབྲི་མཁན་སྟག་འབུམ་རྒྱལ་དང་ལྗང་བུ་སོགས་ཁ་ཤས་འདུག དེ་དག་ལས་བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་གི་སྙན་གྲགས་བོད་དང་རྒྱ་ནག་ལས་བརྒལ་ནས་རྒྱལ་ཁབ་གཞན་དག་ཏུ་ཁྱབ་འདུག་ཅིང་། དོན་གྲུབ་དབང་འབུམ་གྱི་སྙན་ངག་དང་བརྩམས་སྒྲུང་གིས་ཀྱང་བོད་དང་རྒྱ་ནག་གི་སྤྱི་ཚོགས་ནང་གོ་གནས་ངེས་ཅན་ཞིག་བཟུང་ཡོད། འདི་དག་ཚང་མ་མི་རིགས་གཞན་པའི་བཙན་དབང་འོག་འཚར་ལོངས་བྱུང་བའི་ན་གཞོན་རྩོམ་པ་པོ་དག་གི་དཀའ་སྤྱད་ཁུར་ལེན་གྱི་སྤོབས་པ་དང་གསར་བ་དང་ལེན་གྱི་བློ་གྲོས་ལས་བྱུང་བ་ཤ་སྟག་ཡིན་པས། རྒྱ་གར་དང་བལ་ཡུལ་སོགས་རང་དབང་ལུང་བའི་ནང་འཚར་ལོངས་བྱུང་བའི་ཤེས་ཡོན་ཅན་དག་གིས་བརྩམས་སྒྲུང་དང་སྙན་ངག་ངོམ་ཆོག་པ་དེ་འདྲ་དབྱིན་ཡིག་སོགས་ཡིག་རིགས་གཞན་གྱིས་བྲིས་ཡོད་ན་མ་གཏོགས་། བོད་ཡིག་གིས་བྲིས་པའི་སྤུས་ཀ་ལེགས་པའི་བརྩམས་ཆོས་མཐོང་རྒྱ་ཆུང་བ་བདག་གིས་རེ་གཉིས་ལས་མ་མཐོང་ལ། ང་ཚོས་རྒྱ་ནག་གཞུང་ལ་བརྗོད་རྒྱུའི་ལེགས་པོ་ཡོད་ན། མིག་སྟོན་གྱིས་དང་ཞེས་པའི་ཚིག་འདི་གལ་སྲིད་ང་ཚོར་ཚུབ་ལབ་དུས། རྩོམ་པ་པོ་འདིས་བྲིས་པའི་བརྩམས་སྒྲུང་འདི་དང་སྙན་ངག་པ་འདིས་བྲིས་པའི་སྙན་ངག་འདི་ཞེས་ངོམ་ཆོག་པ་གང་འཚམས་ཤིག་དོགས་གལ་ཆེ་བར་སྙམ། ཡིད་སྐྱོ་བ་ཞིག་ལ་དེང་དུས་མི་འགའ་རེ་ལྟ་བ་གསར་བ་ཞིག་ལ་རྔམ་ནས་སྲོལ་རྒྱུན་གྱི་ལེགས་ཆ་ཕར་སྐྱུར་མཁན་མང་། ལག་ལེན་ལ་གཞིགས་ཚེ་དེ་ཡང་དགའ་ཕྱོགས་ཙམ་ལས་དངོས་ཡོད་འཚོ་བའི་ཁྲོད་དུ་བཞག་པའི་ལག་རྗེས་ཀྱིས་ནི་ཕོངས་པར་སྣང་།
རྩོམ་རིག་སྤྱི་དང་བྱེ་བྲག་ཅིག་རྩལ་གྱི་འཕེལ་རྒྱས་ལ་མུ་གེ་བར་མ་ཆད་དུ་འབྱུང་བཞིན་ཡོད་པ་འདིའི་ཕྱོགས་གཅིག་ང་ཚོའི་དབང་ཤེས་ཁག་ཅིག་མིག་མདུན་གྱི་དངོས་པོའི་དཔལ་ཡོན་ལ་ཤི་འཐམ་བྱེད་པ་མ་གཏོགས། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་ལ་དོ་སྣང་གཏན་ནས་མི་བྱེད་དེས་ལན་འདུག་ལ། ཕྱོགས་གཞན་ནི་ན་གཞོན་མང་པོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སྦྱང་བ་མི་བྱེད་པར་ཕྱིའི་མི་རིགས་ཀྱི་ཡིག་རིགས་འགའ་རེ་ཤེས་རློམ་གྱིས་བོད་ཡིག་མཁོ་མེད་དུ་སྨྲ་བ་འདིས་ལན་འདུག མི་རིགས་ཤིག་ཉམས་རྒུད་དུ་གྱུར་པའི་སྐབས་སུ་དངོས་ཡོད་ཀྱི་རྨང་གཞིའི་སྟེང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་བརྩམས་ཆོས་མང་པོ་ཞིག་སྤེལ་ཐུབ་ཚེ། དེར་སྐུལ་འདེད་དང་རྟོགས་སད་ཀྱི་ནུས་པ་ཧ་ལས་པ་ཞིག་མཆིས་པ་རྒྱ་ནག་གི་མི་རིགས་ཆགས་འཇིག་གི་འགག་རྩར་སླེབས་སྐབས་ལུའུ་ཞུན་གྱི་བརྩམས་སྒྲུང་དང་ཀོ་མོ་རོའི་སྙན་ངག་ལ་བརྟེན་ནས་མི་མང་པོ་ཞིག་ལོག་ལམ་ལས་དྲངས་ཏེ་མི་རིགས་ཀྱི་དར་རྒུད་ལ་སེམས་ཁུར་དང་དགྲ་བོར་ཁ་གཏད་འཇལ་མཁན་སྐད་གྲགས་ཅན་མང་པོ་ཐོན་ཡོད་པ་ལས་ཤེས་ཐུབ། ང་ཚོས་ཀྱང་ “མེ་ལོང་མ” འི་རྒྱན་དག་གི་ཕྱི་གོས་ཙམ་ལ་མ་ཆགས་པར་ཡོད་ཚད་རྙིང་ཞེན་ཅན་དུ་འགྱུར་བའི་ལམ་རྙིང་འདིའི་འགྲམ་ནས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྩོམ་རིག་གི་བགྲོད་ལམ་གསར་བ་ཞིག་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་བསྡེབས་ནས་དུས་རབས་ཀྱི་འཕེལ་འགྲོས་དང་མཐུན་པར་གཏོང་རྒྱུ་དེ་མི་སྐོར་ཞིག་གི་བློར་མ་བབས་ཀྱང་མིག་སྔར་ལྷགས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། འཛམ་གླིང་གི་འགྱུར་འགྲོས་ལ་མི་བལྟ་བར་ཆོས་ལུགས་ཁོ་ནའི་དགོས་མཁོས་སྒྱུ་རྩལ་གྱི་་ཚད་གཞིར་ཚོད་འཛིན་བྱེད་སྟངས་དེ་ད་ལྟའི་དུས་འདིར་རྩོམ་རིག་སྒྱུ་རྩལ་ཡར་རྒྱས་འགྲོ་བར་ཕན་མིན་སྨྱུག་ཐོགས་ཀུན་གྱིས་དཔྱད་རྒྱུ་གལ་ཆེ།
དེ་ལྟར་རྩོམ་རིག་སྒྱུ་རྩལ་གྱི་འཛིན་སྤེལ་ཐད་སྙན་ངག་གི་ཕྱོགས་སུ་ཚིག་རྒྱན་ཙམ་གཙོ་བོ་མ་ཡིན་པར་མི་རིགས་དང་རྩོམ་པ་པོའི་བརྩེ་དུང་གཞི་གཅིག་ཏུ་བསྲེས་ཏེ་སེམས་ཁོང་གི་དགའ་སྐྱོ་ཆགས་སྡང་དང་ཕྱིའི་རྣམ་འགྱུར་འབུར་དུ་ཐོན་པའི་སྙན་ངག་ཅིག་གི་ཆེད་དུ་མེས་པོ་གོང་མ་ཚོའི་འདོད་ཚུལ་ལ་བྱི་དོར་རེ་བྱེད་དགོས་ལ། སྙན་ངག་པ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ “བདེ་སྡུག་གི་ཚོར་བ་སེམས་ལ་ལྷང་ལྷང་བསྐྱེད་ནུས་པའི་རྩོམ་དེ་ལ་དོན་གྱི་སྙན་ངག་ཟེར་དགོས།”གསུངས་པ་འདི་དང་ “རྣ་བར་འཇེབས་པའི་ཚིག་སྦྱོར་ནི་སྙན་ངག་གི་མཚན་ཉིད”ཟེར་མཁན་གཉིས་ལས། སྔ་མ་འདི་ནི་རང་གི་གང་གི་དགའ་སྡུག་སྙན་ངག་ལ་བསྟིམས་པའི་དམ་པ་ཞིག་གིས་སྙིང་དབུས་ནས་གྱེར་བའི་བདེན་ཚིག་གསེར་གྱི་རིལ་བུ་ཞིག་ཡིན་པས། མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་སྙན་ངག་གི་སྒྱུ་རྩལ་ལ་བརྩེ་དུང་ལྡན་པ་དག་གིས་ “མེ་ལོང་མ་” འཆིང་རྒྱ་རིང་དུ་བོར་ཏེ་སྙིང་དབུས་ཀྱི་ངར་སྐད་སྙན་ངག་གསར་བའི་མགྲིན་ལམ་ནས་འཕུར་ཐུབ་པ་ཞིག་བྱེད་རྒྱུ་ནི་གལ་ཆེ་ལ། བརྩམས་སྒྲུང་ཡང་སྲོལ་རྒྱུན་གྱི་བཀག་རྒྱ་ལས་བརྒལ་ཏེ་ཆོས་ལུགས་དང་རྨོངས་ཞེན་གྱི་བར་ན་ལུས་པའི་རྙིང་ཞེན་རྩ་གཏོར་དང་ཤེས་རིག་ལ་དང་དོད་ཆེ་རུ་གཏོང་ཐུབ་པའི་བརྩམས་ཆོས་ཁྱབ་སྤེལ་གཏོང་རྒྱུ་དང་། བོད་ཀྱི་རྩོམ་རིག་འདི་འཛམ་གླིང་གི་རྩོམ་རིག་སྔོན་ཐོན་ཅན་གྱི་གྲས་སུ་ཚུད་ཕྱིར། མཚོན་སྟངས་མི་འདྲ་བ་བསྡུ་ལེན་ཚིམ་པ་མེད་པར་བྱེད་དགོས།
གོང་དུ་བརྗོད་པ་འདི་ནི་ཨ་ཕའི་ཁ་ཕོར་ལ་གཙང་སྦྲ་བྱེད་མཁན་ཞིག་གིས་རྩོམ་རིག་གསར་པ་འཕོང་ཕྱིས་ཀྱི་རྡོ་བཞིན་འདོར་མཁན་དག་ལ་གྲོས་མོལ་གྱི་རྟེན་དུ་ཕུལ་བ་ཡིན་ལ། བདག་ལྟ་བུར་མཁས་པ་དགྱེས་པའི་ལེགས་བཤད་ཅིག་འདོན་རྒྱུ་མེད་མོད། གུར་གུམ་ཆུང་ཡང་སྨན་རྫས་ཀྱི་དཔེ་བཞིན་འདི་ཙམ་ཡང་རྩོམ་རིག་གསར་བའི་ཞབས་འདེགས་སུ་འགྱུར་བའི་སྨོན་འདུན་གྱིས་སླངས་ཏེ་བྲིས་པར་ཐལ་ན། འདིའི་ཕྱོགས་སུ་དོ་སྣང་དང་ཉམས་ཞིབ་གནང་མཁན་དག་གིས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་དང་བཅས་རེ་ཞིག་རྫོགས་པར་བྱས་སོ།
ཕྱི་ལོ་༡༩༩༥་ལོའི་ཟླ ༡༠ ཚེས་ ༡༤ ལ་རྒྱ་གར་ལྷོ་ཕྱོགས་ནས།
ཨ་ཁུ་ཀླུ་སྨྱོན་ལགས་ཀྱི་ཕྱི་ནང་རྩོམ་རིག་ལོ་རྒྱུས་དང་སྦྱར་ནས་སྙུག་ཐོགས་པ་ཀུན་ལ་གོ་རྒྱུ་ཡོད་པའི་སྐད་ཆ་མང་པོ་ཞིག་བཤད་པ་ཞིབ་ཀྱིས་བཀླགས་ཡོད།
སྙན་དངགས་ལ་གསར་རྙིང་དང་། སྙན་དངགས་ལ་གཞུང་ལུགས་མེད་དགོས། འོནད་ཀྱང་སྙན་ཚིག་ཟུར་བཀོལ་བྱས་པའི་ཐོ་གྲངས་དེབ་གཟུགས་ལ། རྒྱན་གྱི་བསྟན་བཅོས་ཟེར་བ་ཅིག་རང་གཅིག་ཡོད། བརྩམས་ཆོས་ཞེས་པའི་ཆོས་ཀྱི་གོ་དོན་འདིར་མེད། རྩོམ་ཡིག འབྲི་རྩོམ་དང། ཡང་ན། རྩོམ་ཙམ་གྱིས་མི་འཐུས་པ་ཅིག་ཀྱང་མེད་ལགས།
དེ་རིང་གི་དུས་ཚོད་དང་བསྟུན་ནས་བཤད་ན། ཨ་ཁུ་ཀླུ་སྨྱོན་ལགས་ཀྱི་རྩོམ་རྙིང་འདི། བོད་ཀྱི་སྙན་ངག་རྩོམ་རིག་གི་རྒྱུན་ཤེས་སྐོར་གྱི་ཟིན་ཐོ་འདྲ་ཞིག་ཡིན་པའི་སྣང་བ་བྱུང་། སྤྱིར་ཟིན་ཐོ་འདིའི་ཁ་ཕྱོགས་ངོས་ནས་དང་། འདིའི་ནང་གསལ་བའི་གལ་ཆེའི་དཔེ་མཚོན་དག་གི་སྟེང་ནས་བསམ་ན། འདི་ནས་བརྩིས་པའི་ལོ་བཅུ་བརྒྱད་སྔོན་ལ་ཏག་ཏག་ཡུལ་འགའ་རེ་དང་། མི་ག་གེ་མོ་རེར་ཅོང་བརྡ་ཞིག་ཀྱང་ལོག་ཡོད་སྲིད། གང་ལྟར་ང་ནི་དེ་དུས་ཕྱུགས་རྫི་ཞིག་གི་རྣམ་ཤེས་ཡིན། འདི་ཡག་པོ་འདུག་ཐུགས་རྗེ་ཆེ།
ད་རྒས་ཐལ།
ཀླུ་སྨྱོན་གྱི་ལྟ་ཚུལ་དེར་ང་རང་ཤིན་ཏུ་འཐད་པ་ཡིན་ལ། མཇེ་སྟུ་རྐྱང་རྐྱང་གླེང་ནས་མི་འདུག་པར་མཚམས་རེར་འདི་ལྟའི་དཔྱད་བརྗོད་འདྲ་སྤེལ་ན་ཡང་ཅི་མི་ལེགས།