བོན་རྒྱ་བསྟན་འཛིན་རབ་རྒྱས།
བོད་ཀྱི་དུས་བབ་ནི་བཙན་བྱོལ་ནང་གི་སློབ་ཆེན་ཐེབས་ཆག་ཚོའི་ཡན་ཡིན་ལ། གྲྭ་ས་རྫིག་པོ་ཚོ་ལས་ཀྱང་རྫིག་ཡིན་ཞེས་བཤད་ནའང་ཐལ་ཆེ་བ་ཅི་ཡང་མིན་ཏེ། བོད་ཀྱི་རྩ་དོན་དང་འབྲེལ་བའི་ཤེས་བྱ་རེ་རེ་བཞིན་དུས་བབ་ཀྱིས་གྲྭ་ས་ནས་སློབ་ཆེན། གངས་སྐྱིད་ནས་གཞིས་ཆགས་ཁག་བར་བསྐྱལ་ནས་འགྲོ་ཞིང་། ཡར་བཀའ་ཤག་ནས་མར་གཞིས་གྲོང་ཁག་གི་བརྒྱ་དཔོན་བར་དང་། མར་རྡ་སའི་སྲང་ལམ་གྱི་ཟ་ཁང་ཚོང་ཁང་གི་བདག་པོ་ནས་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་མ་བཅས་པར་གནད་དོན་རེ་རེའི་སྟེང་ཚ་འདེད་དང་། མཚང་འབྱིན་བྱས་ཡོད་པས། དུས་བབ་ཀྱི་གསར་འགྱུར་རིམ་པ་བྱས་ནས་གྲོས་ཚོགས་ཀྱི་གླེང་གཞི་ལ་གྱུར་ཡོད། དེ་ལྟར་བསམ་བློ་ཞིག་བཏང་ན་བཙན་བྱོལ་ནང་གི་ནང་རུལ་གཙང་དག་བྱེད་མཁན་དུས་བབ་ཡིན་ལ། རྒྱ་ནག་ཞིབ་འཇུག་བྱ་ས་དང་། རྒྱལ་སྤྱིར་རྒྱང་ལྟ་བྱེད་སའང་དུས་བབ་ཡིན། དེ་ནི་གཞན་ཅི་ཡང་མིན་ཏེ། སྐུ་ཞབས་རབ་གསལ་དང་། ལྷག་བསམ། ལུང་རིགས་རྒྱལ་བཅས་རྩོམ་སྒྲིག་པ་སྟག་འདྲ་གཟིག་འདྲ་གསུམ་གྱི་སྙིང་སྟོབས་དང་། རྣོ་མིག་གི་ཤེས་རབ་ལས་བྱུང་བ་རེད། ཡིན་ནའང་། ཟླ་ཤས་ཡར་སྔོན་ནས་བཟུང་དུས་བབ་ཀྱི་མི་གཞི་འཆོལ་མགོ་བརྩམས་ཤིང་། སྒྲོམ་གཞི་འཐོར་མགོ་ཚུགས་ཡོད། དེ་ནི་གཞན་ཅི་ཡང་མིན་ཏེ་རྩོམ་སྒྲིག་པ་ཚོས་ཡོན་ཏན་གྱིས་འདང་གི་མེད་པའི་སྟེང་ལ། གཟབ་གཟབ་དོ་ནན་མེད་པ་དང་། ནང་ཁུལ་མཐུན་སྒྲིལ་མེད་པ་བཅས་ཀྱི་དབང་གིས་དུས་བབ་བལྟས་བལྟས་རིག་རིག་ལ་ཉམས་རྒུད་དུ་ཕྱིན་པ་རེད། དཔེར་ན། བཀའ་སྤྱི་གཉིས་ཀྱི་འོས་འབྲས་ཕྱི་བསྒྲགས་ལྟ་བུ་ནི་ཐད་ཀར་མིན་ནའང་འཕྲལ་མར་གཏོང་དགོས་པ་ཞིག་ཡིན་མོད། དྲ་ལམ་ཕལ་ཆེ་བར་ཐོན་པའི་རྗེས་སུ་མ་གཏོགས་བཀོད་མ་སོང་། འདི་ལས་དེང་སང་དུས་བབ་ཀྱི་གསར་འགྱུར་རྗེས་ལུས་སུ་འགྱུར་གྱིན་པའི་རྟགས་ཤིག་བསྟན་ཡོད། ཉེ་བའི་ཆར་རང་དུས་བབ་འདོན་ཐེངས་༥༡༥ པ་དང་༥༡༦ གཉིས་ཀྱི་སྟེང་བསྟུན་མར་ཤོག་ངོས་ཕྱེད་ཀ་ཅན་གྱི་རྩོམ་ཡིག་གཅིག་ཐེངས་གཉིས་ལ་བཀོད་པ་དང་། ཀིརྟི་དགོན་པའི་སེར་སྦྲེང་སྙན་བསྐུལ་སྐོར་གྱི་གསར་འགྱུར་ཞིག་དུས་བབ་ཀྱི་ངོ་གདོང་གི་གསར་འགྱུར་ནང་དང་འགྲམ་ངོས་ཀྱི་བསམ་ཚུལ་གཉིས་ཀའི་ནང་བཀོད་དེ་ཡུན་རིང་ལྷག་པ་རེད། ཡིག་ནོར་བསལ་བའི་ཡོན་ཏན་དང་དབྱེ་ཞིབ་བྱེད་པའི་བསམ་བློ་མེད་ནའང་། དུས་བབ་ལྟ་བུའི་ཤེས་རིག་གི་གླེང་སྟེགས་གལ་ཆེན་ཞིག་གི་རྩོམ་སྒྲིག་པས་འདི་ཙམ་ལའང་དོ་ནན་མ་བྱས་ན། ཤེས་ཡོན་ལས་ཀྱང་ཚེགས་བརྩོན་གྱིས་མ་འདང་བར་ངོས་འཛིན་བྱེད་དགོས་པ་ཞིག་རེད།
དེ་ཡང་ཁ་གསལ་གྱིས་བཤད་ན། ད་ལྟའི་དུས་བབ་ཚང་གི་གསར་འགོད་པ་ཚང་མར་རྒྱུས་མེད་མོད། སྤྱི་ཡོངས་ནས་སྐྱོ་ཉམས་ཤིག་མཐོང་བ་ནི་གང་ཅིའི་ཐད་མཉམ་རུབ་ཀྱི་ས་མིག་མེད་པ་དང་། རྩོམ་སྒྲིག་པར་ཡིག་རྩ་མེད་པའི་སྟེང་ལ་སྒེར་ཤད་ཆེ་བ་ནི་དུས་བབ་ཀྱི་སྤུས་ཀ་ཐད་ཀར་ཉམ་ཞན་དུ་འགྲོ་བའི་གནད་དོན་ལ་གྱུར་འདུག དཔེར་ན། ངས་མཐོང་ཆུང་དང་ངོ་རྒོལ་བྱས་པ་མིན་མོད་དོན་འགྲུབ་བཀྲ་ཤིས་ཀྱིས་ལོ་བཞིའི་རིང་རང་གི་ཟིན་བྲིས་ནང་ཕལ་ཆེར་སྟོང་བར་བཞག་པ་དེས་ཁོང་གི་ཤེས་ཚད་ལ་ཚོད་དཔག་ཅིག་བྱེད་ཐུབ་ལ། ཉེ་བའི་ཆར་རང་ཨ་རིག་འགྱུར་མེད་ཕྱིར་བུད་པ་དང་། ཕྱིར་འབུད་ཁར་རྩོམ་ཡིག་ཅིག་བྲིས་ཡོད་པ་དང་། དེ་རྗེས་ཨ་རིག་གིས་གསར་འགྱུར་གཅིག་གཉིས་ཤིག་ཞིབ་ཚགས་བྲིས་ནས་ཟིན་བྲིས་ནང་བཏང་ཡོད་ནའང་ངོ་གདོང་ལ་མ་བླངས་པ་དེ་དག་གིས་དོན་བཀྲ་ཡིས་རང་ཉིད་ལ་འགྲེལ་བཤད་གསལ་བོ་ཞིག་བྱས་པ་རེད། ད་དུང་ལུང་རིགས་སོང་བ་ནས་བཟུང་དུས་བབ་ཀྱི་གསར་འགྱུར་ཇེ་ཉུང་དང་རྗེས་ལུས་སུ་གྱུར་བ་ནི་དེ་སྔོན་ཞིག་ལ་ཁོ་དང་སྒོ་སྲུང་གཉིས་ཀྱིས་ལས་ཁུངས་གྲོལ་ཤུལ་ནའང་ལྷག་ཡོད་རབས་ཀྱི་ཟིན་བྲིས་ཤིག་བྲིས་ཡོད་པ་དེའང་སྐྱག་རྫུན་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྤྲད་ཡོང་གི་མི་འདུག་གམ། དུས་བབ་ནི་ལས་བྱེད་ཚོའི་ནང་གི་སུ་འཇོན་དེས་རྩོམ་སྒྲིག་བྱེད་དགོས་པ་ལས་འཛུལ་ཞུགས་ཀྱི་སྔ་ཕྱི་བཀར་ནས་དབང་ཚད་སྒེར་གཅོད་བྱས་ན་དེ་འཇིགས་སུ་རུང་བ་ཞིག་རེད། དཔེར་ན། ཤེས་ཡོན་དང་ཡིག་རྩལ། བསམ་བློ་གང་ཅིའི་ཐད་དོན་བཀྲ་ལས་ཚེ་རིང་རྒྱལ་བཟང་ཤོས་ཡིན་པ་དེ་ང་ཚོ་སུས་ཀྱང་ཤེས་པ་ཞིག་རེད་མོད། ཚེ་རིང་རྒྱལ་ལ་རྩོམ་སྒྲིག་གི་ས་མིག་ཡོད་མེད་ནི་ང་ཚོ་ཀུན་ལ་ལྐོག་ཏུ་གྱུར་བ་ཞིག་རེད། གང་ལྟར་ཡང་། བོད་ཀྱི་དུས་བབ་ནི་ང་ཚོ་ཐུན་མོང་གི་དུས་བབ་ཡིན་ཞིང་། ང་ཚོ་ཐུན་མོང་ལ་འགན་ཁུར་ཡོད་པས། ང་ཚོས་རང་རང་གི་དྲང་ཐད་ནས་བསམ་ཚུལ་ཡོད་ན་འདི་ལ་བཤད་དགོས་པ་རེད།
སྔོན་ཆད་བདག་གིས་དུས་བབ་བཀླགས་དུས་རྩོམ་སྒྲིག་པའི་གཏམ་ནི་དོ་སྣང་ཆེན་པོ་དང་དགའ་མོས་ཀྱིས་ཀློག་གིན་ཡོད་མོད། དེ་རྗེས་རྩོམ་སྒྲིག་པའི་གཏམ་ཟེར་དུས་ཚྭ་མེད་པའི་ཐུག་པ་ལྟ་བུ་ཞིག་གི་སྣང་བ་ཤར་ནས་ཀློག་འདོད་མེད་པར་གྱུར་ཡོད། ཡིན་ནའང་། ཁ་སང་དུས་བབ་སྤྱིའི་འདོན་ཐེངས་༥༡༧ པའི་རྩོམ་སྒྲིག་པའི་གཏམ་གྱིས་བདག་གིས་གཉིད་དཀྲོགས་སོང་ལ། བློ་སྐྱེད་ཀྱང་སྤྲད་སོང་བ་མ་ཟད། ནམ་རྒྱུན་ཚ་ཚ་ངར་ངར་དང་ལམ་སྟོན་དང་སྤྱི་བསྡོམས་རང་བཞིན་གྱི་རྩོམ་ཡིག་འབྲི་ཤེས་པའི་རྩོམ་སྒྲིག་པ་སྔ་མ་དག་གི་གཏམ་དང་ཨ་མཉམ་ཆ་མཉམ་གྱི་སྣང་བ་འཁོར་བས། ཐེངས་འདིར་ཡང་དོན་བཀྲ་ཡིས་བྲིས་པ་ཡིན་ན་གཟབ་གཟབ་དོ་ནན་བྱས་ན་མཚམས་ལན་རེར་ཡ་མཚན་གོང་ན་མེད་པ་འཁྱོངས་ཚོད་དུ་ཡོད་པ་འདྲ། རྩོམ་སྒྲིག་པའི་གཏམ་དེ་རུ《ཁྲིམས་ཀྱི་བཀའ་ཁྲི་ཀློག་པ་》ཞེས་པའི་བརྗོད་གཞིའི་འོག་བཀའ་ཁྲིའི་འོས་འདེམས་ཀྱི་འདས་མ་ད་གསུམ་ལ་ཕྱོགས་བསྡོམས་ཀྱི་གོ་བ་བླངས་ཡོད་པ་མ་ཟད། རྒྱ་ནག་ལ་ཟུར་ཟ་དང་། མ་འོངས་བཀའ་ཁྲི་ལགས་ཇི་ལྟར་ཚ་འདེད་བྱ་དགོས་པའི་ལམ་སྟོན། བཀའ་ཁྲིའི་འགན་འཁྲིའི་སོགས་ཚིག་ཉུང་ལ་དོན་གསལ་བ། བརྗོད་བདེ་ལ་གནད་རྩར་འཇུས་པ་བཅས་ནི་ཧང་སང་བ་དང་ཧོན་འཐོར་བའི་ཚད་ན་ཡོད་པས། རྩོམ་སྒྲིག་པའི་གཏམ་དེ་ནི་ཚད་གཞི་མེད་པའི་ཡ་མེད་ཅིག་རེད་ཅེས་བརྗོད་འདོད་བྱུང་བ་དེའོ། །
དུས་བབ་ཚང་གི་ཤོག་ངོས་ནས། །
ཚྭ་ཁུ་རེན་པའི་ཐུག་པ་ཞིག །
བོན་རྒྱ་ཚང་གི་ཁ་ནང་ལ། །
སླར་ཡང་རེག་པའི་སྨོན་ལམ་འདེབས། །
དུས་བབ་ཐུག་པར་གྱུར་སོང་།བུན་རྒྱའི་དང་པོར་འཐུང་འདུག།ཚ་ཡི་བྲོ་བ་མེད་པས།དོན་བཀྲའི་བཀའ་བཀྱོན་རག་འདུག་་ལག་རོགས་ཚེ་རིང་རྒྱལ་ལ།ལག་པས་བྱིལ་བྱིལ་བྱས་འདུག།སློབ་ཆེན་སློབ་མའི་ཚོགས་དང་།གྲྭ་སའི་ངོ་འབག་བཤོས་འདུག།
དྲང་མོར་བཤད་ན་དུས་བབ་ཀྱི་འདས་པའི་ལོ་རྒྱུས་ནི་ཧ་ལས་ཤིང་ཧང་མི་སངས་པ་གཅིག་ཀྱང་མེད། ལྷག་དོན་དུ་ལོ་ངོ་འདི་དག་ལ་དུས་བབ་ཀྱིས་བཞག་པའི་བྱས་རྗེས་བོན་རྒྱས་བཤད་པ་བཞིན་ལོས་ཡིན། འོན་ཀྱང་རྩོམ་སྒྲིག་པ་ལུང་རིགས་སོང་བ་ནས། དུས་བབ་ལྟས་ལྟས་རིག་རིག་ལ་རྒུད་སོང་། ངས་ནམ་རྒྱུན་དུས་བབ་ཚང་ལ་འཕྲད་དང་ཐོབ་ཐང་གི་དག་ཆ་དེ་དགོས་ཀི་མི་འདུག ཁོང་ཚང་གི་མི་ཚང་མས་དེ་དོར་འདུག་ཅེས་བཤད་ཀྱི་ཡོད། དོན་དངོས་ཀྱིས་དེ་ཙམ་ལའང་དོ་སྣང་བྱ་མི་ཐུབ་མཁན་རྐྱང་རེད། དེ་གཅིག་དང་། བོན་རྒྱས་ཨ་རིག་སོང་བ་ནས་ལྷག་ཏུ་ཇེ་སྐྱོར་སོང་བ་འདྲ་ཞིག་དང་། ཨ་རིག་ལས་ཁུངས་ནས་བུད་པ་ནང་འགལ་ཞིག་གིས་ལོས་ཡིན་སྙམ་པ་ཞིག་བྲིས་འདུག གཅིག་བྱས་ན་དེ་འདྲ་ཡིན་སྲིད་ཀྱང་། ཨ་རིག་པ་མེད་པས་ལྷག་ཏུ་ཇེ་སྐྱོར་སོང་བ་ཅང་མཐོང་མ་བྱུང་། བོན་རྒྱའི་དྲང་གཏམ་འདིའི་མཇུག་གི་རྔ་མ་ཡང་ཅུང་འཁྱོག་མེད་འགྲོ་དྲན་གི དེ་ནི་ངས་དུས་བབ་ཚང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་དག་ལ་ལྟ་སྟངས་གཅིག་མཚུངས་ཀྱིས་བལྟས་པས་ཡིན།
རེད། བོན་བརྒྱ་ཚང་གི་གནད་དོན་ཞིག་ལ་འཇུས་འདུག དུས་བབ་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱུགས་ཆེ་ཞིང་། ཡིད་བརྟོན་རུང་བའི་གསར་ཤོག་རྙིང་པ་ཞིག་རེད། མ་ཟད་རྒྱལ་སྤྱི་དང་། སྒེར་པ། གཞུང་དང་མི་སེར་སོགས་ཀྱི་བར་དུ་འབྲེལ་ཐག་ལྷོད་མེད་ཅིག་རེད། འོན་ཀྱང་ན་ནིང་ནས་བཟུང་ཏེ་འཆི་ནད་འདྲ་བ་ཞིག་ཐེབས་ནས་ད་ལྟ་འཆི་གསོན་གང་གི་ས་སླེབས་ཡོང་མི་ཤེས་པའི་ཚོད་དུ་ཡོད་པ་རེད། དེའང་ན་ཚ་འདིའི་འབྱུང་ཁུང་ནི་ཨ་རིག་དགེ་མཐོང་གིས་དྲ་འབུ་བརྡ་འདེད་དགོས་པའི་ཁ་གཡང་འོག་དྲ་འབུ་དང་། དྲ་འབུ་བར་གྱི་རྩོད་རྙོག་ཅིག་བྱུང་ནས་ཡོ་འཁྱོམ་ཐེངས་ཤིག་བྱུང་ཏེ་དུས་བབ་ཀྱི་ཟིན་བྲིས་པ་སྐོར་ཞིག་འདུག་བདེ་མེད་པར་གྱུར་ནས་ཟིན་བྲིས་པ་ཉུང་ནས་ཉུང་དུ་སོང་བ་རེད། དེ་རྗེས་སྒོམ་སྡེ་ལྷ་རམས་པ་དང་། ཁོའི་རྒྱབ་གནོན་བེ་རི་དཔལ་རྣམ་སོགས་དང་། དེ་དག་གི་ཁ་གཏད་རྟ་ནག་སྐལ་བཟང་ཅན་སོགས་ནད་རྙིང་ཅན་སྐོར་ཞིག་གིས་དུས་བབ་འདི་ཏུག་པ་དཀྲུག་དཀྲུག་བྱས་ནས་ཟིན་བྲིས་པ་དང་། ཀློག་པ་པོ། རྩོམ་སྒྲིག་པ་སོགས་འབྲེལ་ཡོད་ཚང་མ་བག་ཕེབས་མེད་པ་གྱུར་ནས་གསར་ཤོག་འདི་ནད་ཀྱིས་ཟིན་ཡོད་པ་རེད། དེ་དག་གི་སྐབས་སུ་རྩོམ་སྒྲིག་པས་ཀྱང་ཚུགས་མ་ཐུབ་ནས་དྲ་འབུ་འགའ་ཞིག་གི་པྱོགས་སུ་རྒྱུགས་ནས་སྨྱུག་མིང་ཅན་ཐམས་ཅད་ཕྱིར་འབུད་བྱེད་པའི་ཉེན་བརྡ་གཏོང་བ་སོགས་རང་ཚུགས་མ་ཟིན་པའི་ནོར་འཁྲུལ་མང་པོ་ཤོར་བས་ཟིན་བྲིས་ཉུང་ཤས་ལས་མེད་པའི་དེ་རིང་གནས་བབ་འདི་བྱུང་བ་རེད།
དེ་ཐམས་ཅད་ཀྱང་ཡར་རྒྱས་ཀྱི་གེགས་སུ་གྱུར་ཡོད་ནའང་། འཆི་རྐྱེན་ངོ་མ་དེ་ནི་རྩོམ་སྒྲིག་པས་རང་གི་ལས་ཀ་གཅེས་སྤྲས་སུ་མ་བྱས་ནས་ལྷོད་གཡེངས་ཤོར་བ་སུས་ཀྱང་སྐྱོབ་ཐབས་ཡེ་ནས་མེད་པའི་འཆི་ནད་དེ་རེད། དཔེར་ན་ཉིན་ཤས་རིང་གསར་འགྱུར་གྱི་གནས་ཚུལ་ཅི་ཡང་བཀོད་མེད་པ་མ་ཟད། ཟིན་བྲིས་པ་དག་གིས་གང་ཞིག་བཀོད་ཡོད་པ་དེ་ཙམ་ལས་ལག་པ་འཆང་མེད་པ་ལྟ་བུ་རེད། མདོར་ན་རྩོམ་སྒྲིག་པས་སྤྱི་སྙོམས་ཀྱི་ལྟ་སྟངས་དང་། རང་གི་ལས་ཀ་ལ་ཡིད་ཆེས་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་ནོ།།
དུས་བབ་ཀྱི་ད་ཡོད་ལག་པ་འདི་ཚོ་ནི་ཨ་མཉམ་ཆ་མཉམ་ཞིག་ཡིན་ས་མ་རེད། དཔའ་ཁེར་རྒྱུག་དང་། མདུང་རྐེད་འཛིན་ཐུབ་མཁན་མེད་སོང་བ་ཡིན་སྟབས། ཉེ་བའི་ཟླ་བ་ཁ་ཤས་ཀྱི་རིང་ལ་གནམ་གྱི་འབྲུག་ཐང་ལ་ལྷུང་བ་ཟེར་བ་སོགས་ལྟ་ཚུལ་མང་པོ་སླེབས་སོང་། དེ་ནི་དུས་བབ་ཚང་གི་མི་ཚོར་རྒྱུས་ཡོད་ཚོས་ལྟ་སྟངས་རེད་དྲན་གྱི་ཡོད།
དུས་བབ་ཡར་རྒྱས་ལ་ཚང་མས་གཞོགས་འདེགས་ཐུབ་དགོས་པ་གལ་ཆེན་པོ་རེད། དུས་བབ་ཀྱི་ལས་ཀ་བ་ཚོས་ཀྱང་ཤུ་རེ་བྱེད་དགོས་པ་རེད། དེ་འདྲ་བྱས་ན་ཡར་རྒྱས་ཡོང་གི་རེད། རེ་བ་རྩ་བ་ནས་མེད་པ་མ་རེད། སྔོན་དང་བསྡུར་བ་ཡིན་ན། ཚིག་འགྲོས་གཅིག་གྱུར་ཐད་ན་སྐྱོ་ཉམས་འདུག དག་ཆ་སྡེབ་སྦྱོང་ཐད་ན་སྐྱོ་ཉམས་འདུག མ་གཞི་དེ་གཉིས་ལ་ནུས་པ་རེ་བཏོན་པ་ཡིན་ན། བོད་ཀྱི་བང་ཆེན་གྱི་དག་ཆར་འགྲན་ཐུབ་རྒྱུ་ཅུང་དཀའ་ནའང་། སྤྱི་ཚོགས་མེ་ལོང་སོགས་ལས་དྲག་ཅིག་འདོན་ཐུབ་ཀྱི་རེད། དུས་བབ་ཀྱི་ལས་ཀ་བ་ཚོས་ཤུ་རེ་བྱེད་པའི་རེ་བ་ཡོད།
ཨ་རིག་འགྱུར་མེད་དུས་བབ་དང་ཁ་བྲལ་བ་དེར། ཡིག་ཐོག་གི་འགྲེལ་བཤད་དང་། ཁྲོམ་བཤད་ཀྱི་འགྲེལ་བཤད་རིགས་གཉིས་འདུག དེ་ཚོ་གླེང་བས་དུས་བབ་ལ་ཕན་གྱི་མ་རེད། དུས་བབ་ཀྱི་ད་ཡོད་ཚོས་འཆམ་པོ་མཐུན་པོ་དང་། ནུས་པ་གཅིག་སྒྲིལ་དགོས་པ་གལ་ཆེ།
དུས་བབ་ཚང་གླེང་ནས་ཡོང་དུས་ང་ལ་དམིགས་བསལ་གྱི་ཚོར་ཞིག་འདུག དེ་ནི་དུས་བབ་ཚང་གི་ལས་བྱེད་ཚོས་་དངོས་ཤུགས་བརྒྱུད་གསུམ་ནས་ལས་ཀར་འབད་བརྩོན་ལྷོད་མེད་བྱེད་པ་དེས་ང་ལ་ཡིད་འགུལ་མང་པོ་ཐེབས་མྱོང་། དེའི་ཆ་ནས་ངས་ཁོང་ཚོ་མིག་དཔེར་ལྟ་གི་ཡོད།
ཡིན་ནའང་། ཡིག་ནོར་གྱི་ཆ་ནས་ངས་འདི་འདྲ་ཞིག་བསམ་གི་ཡོད། དུས་བབ་ཚགས་ཤོག་ལ་ཡིག་ནོར་དག་བཅོས་ཐེངས་གཅིག་མ་གཏོགས་བྱེད་ཀྱིན་ཡོད་པ་མ་རེད། ཞུ་དག་ཐེངས་གཉིས་རེ་བྱས་པ་ཡིན་ན་དེའི་ཚོད་ལྷུང་གི་མ་རེད་བསམ་ཡོད། གཅིག་བྱས་ན་ཁག་ཡོད་པ་མ་རེད། གསར་འགོད་པའི་ལས་རིགས་ནི་ཧ་ཅང་བྲེལ་ཚུབ་ཀྱི་ཀློང་ན་ཡོད་སྟབས། དུས་ཚོད་ཀྱི་ཆ་ནས་ཁག་གི་ཡོད་ཀྱི་རེད།
དྲ་གྲོགས་བོན་བརྒྱ་ལགས།
བསམ་ཚུལ་ཞིབ་ཚགས་པོ་དེ་འདྲ་ཁོ་བོས་ཞུ་མ་ཤེས་ཀྱང་། ཁོ་བོས་ཀྱང་དུས་བབ་ལ་ད་སྐབས་ཉམས་རྒུད་ཅུང་ཟད་འགྲོ་བཞིན་པའི་ཚོར་སྣང་ཀུན་ལ་ཡོད་པ་འདྲ། ཁོས་བོས་ཀྱང་དུས་བབ་ཡར་རྒྱས་གཏོང་བར་སྐུལ་བའི་རྩོམ་ཡིག་ལན་འགའ་ཞིག་བྲིས་ཟིན་པས་ད་ནི་འདི་ན་ཚུར་ཁ་བརྡ་ཚང་ལ་བྱོལ་ནས་འོང་བ་ལས་ཉེ་བའི་དུས་རིང་ལ་དམིགས་བསལ་གྱིས་གང་ཡང་ཞུས་མེད། ཞུ་དགོས་པ་ཞུས་ཟིན། ད་དུང་མ་ཉན་ན་དཀའ་ངལ་ཞིག་ཡོད་པའི་རྟགས་རེད། དཀའ་ངལ་དེ་སེལ་བའི་ཐབས་ལམ་རང་ཉིད་ལ་མེད་ན་རྙོག་དྲ་ཡང་ཡང་བཤད་པས་ཅི་ཕན་སྙམ་པ་ཡིན།
ལྷག་པར་དུ་ད་སྐབས་དུས་བབ་ཚང་ལ་ཟིན་བྲིས་འདེབས་སྐབས་ཀྱང་སྔར་ལྟར་བདེ་བོ་ཞིག་མི་འདུག ང་རང་ཉིད་ཀྱི་འཕྲུལ་ཆའི་སྐྱོན་ཞིག་མིན་ནམ་སྙམ་མོད་ཟིན་བྲིས་གཞན་ལ་ཡང་དེ་འདྲ་མཐོང་རྒྱུ་འདུག་པས་དྲ་ཚིགས་རང་གི་ནང་དུ་ཡང་ཙག་ཙིག་རེ་ཡོད་ངེས་རེད་འདུག
དགོངས་དག མཆན་འདི་ང་རང་གི་གློག་ཀླད་མ་ཡིན་པ་ཞིག་གི་རྒྱུད་ནས་བཞག་པས་བདག་པོའི་མིང་ལས་ང་རང་གི་མིང་འཁོད་མི་འདུག་པས་སྐྱར་དུ་བཞག་པ་ཡིན། ང་ནི་འཇམ་དཔལ་ཚུལ་ཁྲིམས་ཡིན།
དྲ་གྲོགས་བོན་བརྒྱ་ལགས།
བསམ་ཚུལ་ཞིབ་ཚགས་པོ་དེ་འདྲ་ཁོ་བོས་ཞུ་མ་ཤེས་ཀྱང་། ཁོ་བོས་ཀྱང་དུས་བབ་ལ་ད་སྐབས་ཉམས་རྒུད་ཅུང་ཟད་འགྲོ་བཞིན་པའི་ཚོར་སྣང་ཀུན་ལ་ཡོད་པ་འདྲ། ཁོས་བོས་ཀྱང་དུས་བབ་ཡར་རྒྱས་གཏོང་བར་སྐུལ་བའི་རྩོམ་ཡིག་ལན་འགའ་ཞིག་བྲིས་ཟིན་པས་ད་ནི་འདི་ན་ཚུར་ཁ་བརྡ་ཚང་ལ་བྱོལ་ནས་འོང་བ་ལས་ཉེ་བའི་དུས་རིང་ལ་དམིགས་བསལ་གྱིས་གང་ཡང་ཞུས་མེད། ཞུ་དགོས་པ་ཞུས་ཟིན། ད་དུང་མ་ཉན་ན་དཀའ་ངལ་ཞིག་ཡོད་པའི་རྟགས་རེད། དཀའ་ངལ་དེ་སེལ་བའི་ཐབས་ལམ་རང་ཉིད་ལ་མེད་ན་རྙོག་དྲ་ཡང་ཡང་བཤད་པས་ཅི་ཕན་སྙམ་པ་ཡིན།
ལྷག་པར་དུ་ད་སྐབས་དུས་བབ་ཚང་ལ་ཟིན་བྲིས་འདེབས་སྐབས་ཀྱང་སྔར་ལྟར་བདེ་བོ་ཞིག་མི་འདུག ང་རང་ཉིད་ཀྱི་འཕྲུལ་ཆའི་སྐྱོན་ཞིག་མིན་ནམ་སྙམ་མོད་ཟིན་བྲིས་གཞན་ལ་ཡང་དེ་འདྲ་མཐོང་རྒྱུ་འདུག་པས་དྲ་ཚིགས་རང་གི་ནང་དུ་ཡང་ཙག་ཙིག་རེ་ཡོད་ངེས་རེད་འདུག
དྲ་གྲོགས་བྱ་ཁྲ་བསོད་ནམ་ལ་དགོངས་དག་ཞུ།
ངས་ཀྱང་འདི་ནས་དྲང་གཏམ་ཞིག་མི་བཤད་རང་བཤད་ཆགས་སོང་། བོན་རྒྱས་བཤད་པར་རྒྱུ་མཚན་གཏན་ནས་མེད་པ་མ་རེད་ལ། ཡོངས་སུ་བདེན་པའི་ཁེངས་པ་ཞིག་ཀྱང་མ་རེད། ལྷག་པར་དུ་བོན་རྒྱའི་སྐད་ཆ་བཤད་སྟངས་དང་ཚིག་སྣེ་རེ་རེ་ན་གཡོན་ལྷུང་དང་། ཕྱོགས་ཆད་ཀྱི་ཚིག་དོན་མང་པོས་ཁེངས་འདུག་ལ། ལྷག་པར་མི་ཞིག་གི་མིང་ནས་བཟུང་སྟེ་ཤེས་ཚད་གླེང་བ་དེ་ནི་བཟང་སྤྱོད་ཅིག་དེ་བས་ཀྱང་མ་རེད།
ང་ལ་གསལ་བོ་རྒྱུས་མངའ་མེད་མོད་སྔར་གྱི་རྩོམ་སྒྲིག་པ་རབ་གསལ་དང་ལྷག་བསམ། ལུང་རིགས་བཅས་ནི་ཉུང་མཐར་བོད་ཀྱི་དུས་བབ་ནང་ལོ་བཅུ་གྲངས་ལ་གསར་འགོད་པ་ནས་རྩོམ་སྒྲིག་པ་བཅས་གོམ་པ་རིམ་སྤོས་ཀྱིས་ཕྱག་ལས་གནང་མྱོང་མཁན་རྐྱང་རྐྱང་རེད། ཁོང་ཅག་གི་རྩ་བའི་ཤེས་ཚད་མི་གླེང་། ལས་ཡུན་གྱི་ཉམས་མྱོང་ལས་ཀྱང་འབུར་ཐོན་གྱི་ཁྱད་ཆོས་ཡོད་ལ། དེ་ལྟར་ཁྱད་ཆོས་དང་གྲུབ་འབྲས་ཡོད་དགོས་པ་ཞིག་ཀྱང་ཆགས་ཡོད། ངས་ཤེས་ཚོད་བྱས་ན། ད་ལྟའི་རྩོམ་སྒྲིག་ལས་རོགས་དོན་གྲུབ་བཀྲ་ཤིས་ནི་ ༢༠༠༧ ལོའི་ལོ་དཀྱུལ་ཙམ་ནས་དུས་བབ་ཀྱི་མཚན་གཞུང་ནང་གསར་འགོད་པ་དཀྱུས་མ་ཞིག་གི་མིང་ཐོག་ནས་སླེབས་སོང་ལ། ༢༠༡༠ ལོ་ཡས་མས་ཤིག་ལ་རྩོམ་སྒྲིག་ལས་རོགས་ཀྱི་འགན་འཁྱེར་འདུག འདི་ལྟར་བལྟས་ཡོང་ན། ཁོང་ནུ་ ༣ ནས་ ༤ ཙམ་གྱི་དུས་ཡུན་ལས་བརྒྱུད་མ་མྱོང་བའི་གསར་འགོད་པ་གསར་པ་ཞིག་ཡིན་པ་མ་ཟད། རྩོམ་སྒྲིག་པའི་ཕྱག་ལས་ཀྱང་ཧ་ཅང་དུས་ཐུང་ནང་འཁུར་བ་ཞིག་ཆགས་ཡོད།
རྩོམ་སྒྲིག་ལས་རོགས་ཁོང་གིས་བྲིས་པའི་རྩོམ་ཡིག་ཅིག་ད་བར་དུས་བབ་ལས་ཀློག་རྒྱུ་མ་བྱུང་མོད། ངས་ཁོང་གི་ཤེས་ཚད་ཀྱིས་འདང་གི་མེད་པ་དང་། དུས་བབ་ནང་ཁུལ་མཐུན་ལམ་མེད་ཚུལ་བཤད་རྒྱུ་མེད་ལ་བཤད་ཀྱང་མི་སྤོབས། གོང་དུ་དོན་བཀྲ་ཡིས་གསར་འགོད་པ་དང་རྩོམ་སྒྲིག་པའི་ཕྱག་ལས་གནང་བ་དུས་ཐུང་ཡིན་ཚུལ་དེ་ཡང་། ཁོང་གིས་དུས་བབ་གསར་ཁང་ནས་ཕྱག་ལས་གནང་བའི་ཡུན་ཚད་ཙམ་བཤད་ཀྱི་ཡོད་པ་ལས་དེ་སྔོན་གྱི་རྒྱུས་མངའ་གཅིག་ཀྱང་མེད་ལ། རྒྱུས་ལོན་བྱ་འདོད་ཀྱང་མེད།
ཅིག་མ་འགྲིག མིག་མ་འགྲིག་ཟེར་བ་རྩོམ་ཁྱ་འཁྱོག་འབྲི་མཁན་ཚོས་རང་གཤིས་ཤིག་ཡིན། དུས་བབ་ཚགས་པར་ཐོག་སྔོན་མ་ནས་ཡིག་ནོར་རེ་ཟུང་ཡོང་གི་ཡོད་ལ། ད་ལྟ་ཡང་ཡོང་གི་ཡོད། གསར་འགྱུར་དང་རྩོམ་ཡིག་བསྐྱར་གཏོང་བྱེད་པ་སྔོན་མ་ཡང་ཡོང་གི་ཡོད་ལ། ད་ལྟའང་རེ་ཟུང་ཡོང་གི་འདུག གང་ལྟར་སྤྱི་ཡོངས་ནས་ཅུང་ཡར་རྒྱས་སུ་འགྲོ་ཐུབ་ན་ཅུ་མ་རུང་བསམ་ནས་རེ་བ་རྒྱག་གི་ཡོད།
བུ་མོ་ངའི་སྐྱབས་བཅོལ་གྱི་མིག་དང་རྣ་བ་ནི། བོད་བབ་ཀྱིས་སྐྱེད་སྲིང་བྱས་པ་ཞིག་ཡིན་སྟབས། དུས་བབ་ལ་འཐིམས་པའི་ལས་མི་རྣམས་ལ་ཅིག་ཅིག་མུག་མུག་ཅེས་བཤད་ཡོང་དུས། བདེ་མོ་ཞིག་མ་རེད། འདི་ནི། བུ་མེད་ཅིག་གི་སེམས་ཁམས་ཡིན་རྒྱུ་རེད། གང་ལྟར། བུ་མོ་ངའི་བསམ་ཚུལ་ཡིན་ན། ཏག་ཏག་དེ་འདྲ་ཞིག་འཁྱོངས་ཀི་མེད་ན། མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་རྩོམ་པ་པོ་རྣམས་ནས་རྩོམ་སྒྲིག་པའི་གཏམ་དང་གསར་འགྱུར་རེ་དུས་ཐོག་ཏུ་བསྐུར་ཐུབ་ན། ཕལ་ཆེར་དུས་བབ་ཀྱི་ལས་སྣེ་བ་རྣམ་པས་དབྱེ་ཞིབ་ཀྱིས་འགོད་ཀི་རེད་བསམ་གི་ཡ། ཁྱེད་ཚོས་བཤད་བཞིན་པ་ལྟར། དུས་བབ་ཀྱི་འགན་ནི། ང་ཚོ་ཚང་མ་ཡོད་པས་རེད་ལགས། ང་རང་བུ་མེད་ཅིག་ཡིན་རུང་། རང་གི་ནུས་པ་དང་འཚམ་པའི་ངས་ག་དུས་ཡིན་རུང་། གསར་འགྱུར་དང་དེའི་རྒྱབ་ལྗོངས་ཀྱི་འདྲ་པར་ནམ་རག་པ་ཡིན་ན། ཐད་ཀར་གཏོང་གི་ཡོད་ལ། བཏང་བ་ནང་བཞིན་གྱིས་དུས་བབ་ཀྱི་ལས་ཀྱི་སྣེ་མོ་བ་ཚོས་བཅོས་བསྒྲིགས་ཀྱིས་ད་སྔའི་བར་དུ། མ་བཀོད་པ་གཅིག་ཀྱང་མེད་པས་ན། འདི་ནི། དུས་བབ་ལ་འགན་ལེན་བྱེད་སྟངས་ཤིག་ཨེ་ཡིན་བསམ་སོང་། ཡིན་ན། བཀུར་འོས་རྩོམ་པ་པོ་དང་དྲ་གྲོགས་རྣམས་ཀྱིས་དེ་མཚུངས་ཀྱི་སྒོ་ནས་རོགས་འདེགས་རེ་གྱིས་དང་། ང་ཚོ་ཐུན་མོང་ལ་དབང་བའི་དུས་བབ་ཀྱི་སྤུས་ཀ་འཐུས་སྒོ་ཇེ་ཚང་དང་ཇེ་ལེགས་སུ་འགྲོ་གི་རེད་ལགས། དེ་ནི། ང་ཚོའི་དུས་བབ་ཀྱི་ཚེ་སྲོག་ལ་གསོན་ཤུགས་རྒྱས་སྤྱད་ཀྱི་མཐུན་རྐྱེན་ཡིན་པ་ལས། ང་བཟང་ཁོ་ངན་གྱི་ཡོངས་བསྒྲགས་གཏམ་གླེང་དེ་ཚོས་ཕན་ལས་གནོད་ཤུགས་ཆེ་ཀི་རེད་ལགས། འདི་ནི། བུ་མོ་ང་ཡི་སེམས་བསམ་པའི་སྐད་ཆ་ཡིན་ལགས། དྲ་གྲོགས་ཚོ།
སྐྱོ་རུ་ཕྱིན་པ་ཡིན་ནམ། ཡར་རྒྱས་ཡིན།
ང་དུས་བབ་ཚགས་པར་ཀློག་མཁན་རྒྱུན་རིང་ཤོས་ཤིག་ཡིན་ལ། དགའ་མོས་ཀྱང་ཡོད། འོན་ཀྱང་ཇེ་སྡུག་ཏུ་སོང་བའི་གནས་བབ་དེ་ཙམ་མ་མཐོང་། དྲ་ཐོག་ཏུ་ཁ་སང་ཉིན་གཉིས་ཤིག་ལ་གསར་འགྱུར་གསར་པ་མེད་པ་དེ་བདེན་པ་རེད་མོད། གནས་སྟངས་འདྲ་མིན་གྱི་དབང་གིས་དེ་ལྟར་ཡོང་སྲིད་པ་རེད། སྔོན་མ་དགེ་འདུན་རབ་གསལ་དགོངས་པ་ཞུས་རྗེས། ལྷག་བསམ་གྱིས་འཇོན་གྱི་མི་འདུག དུས་བབ་སྐྱོ་རུ་འགྲོ་སོང་ཟེར་ནས་བཤད་མཁན་འདུག དེ་རྗེས་ལྷག་བསམ་དགོངས་པ་ཞུས་པ་དང་ཡང་དེ་ལྟར་ལུང་རིག་གིས་མི་འཇོན་རབ་བཤད་སོང་། ད་ཐེངས་དོན་འགྲུབ་བཀྲ་ཤིས་ཀྱིས་མི་འཇོན་རབ་བཤད་པ་དེ་མཐོང་སྣང་ཞིག་གམ། ཡང་ན་མི་རེ་ཟུང་ལ་བསྟོད་པ་རྒྱག་པའི་ཆེད་དུ་རེད་འདུག་སྙམ། ད་ཐེངས་བོན་རྒྱས་བཤད་པ་དེ་དག་ཨ་རིག་འགྱུར་མེད་ལ་བསྟོད་པའི་ཆེད་དུ་ཡིན་པ་ལས། དངོས་སུ་དུས་བབ་ལ་ཤ་ཚའི་སྐད་ཆ་ཞིག་ཡིན་པ་ཚོར་གྱི་མི་འདུག གང་ཡིན་ཞེ་ན། ཚེ་རིང་རྒྱལ་དང་ཨ་རིག་ལས་དོན་གྲུབ་བཀྲ་ཤིས་སློབ་སྦྱོང་ཡག་པོ་ཡོད་པ་མངོན་གསལ་རེད།
དེ་མིན་དུས་བབ་ཀྱི་འགྱུར་བ་དེ་སྔོན་མ་གསར་འགྱུར་ཞིག་སྣོན་འཕྲི་ཅུང་ཙམ་རེ་བྱས་ཏེ་འུར་ཚ་བརྒྱབ་ནས་བཏང་བ་ཁག་ཅིག་ཡོད་པ་དང་། སྐྱོན་བརྗོད་རྩོམ་ཡིག་ཅིག་གསར་ཁང་དུ་འབྱོར་སྐབས་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་དངོས་ཡོད་གནས་ཚུལ་ཡིན་མིན་ལ་ཞིབ་དཔྱོད་མ་བྱས་པར། ཚགས་པར་ཐོག་བཀོད་པ་རིགས་གཅིག་ཡོད་པ་རེད། དེ་ཚོ་བརྟག་དཔྱད་མི་ཤེས་པའི་ཀློག་མཁན་ཚོས་ཡག་པོ་མཐོང་བ་ལས། བརྟག་དཔྱད་ཡང་དག་བྱེད་མཁན་ཚོའི་སེམས་ངོར་དུས་བབ་སྐྱོ་རུ་ཕྱིན་པ་རེད།
དང་སྐབས་དུས་བབ་ཐོག་དེའི་རིགས་ཉུང་དུ་ཕྱིན་འདུག འདི་སྐྱོ་རུ་ཕྱིན་པ་ཡིན་ནམ་ཡར་རྒྱས་ཡིན།
འདི་ནི་ཚོད་ལྟ་ཙམ་ཡིན། དྲ་ངོས་འདིར་སྔོན་ཆད་འབྲི་མྱོང་ཡོད་མོད། རྒྱུན་རིང་མ་བྲིས་སྟབས་གསང་ཚིག་ཏག་ཏག་ཡོད་མེད་དྲན་གི་མི་འདུག དེ་བས་ཚོད་ལྟ་ཙམ་ཡིན། འགྲིག་སོང་ན་དེའི་རྗེས་ལ་བསམ་ཚུལ་ཐོར་རེ་འབྲི་གི་ཡིན།
ལུང་རིགས་ཀྱིས།
རང་ཉིད་གླེན་དྲག་ནས་ལས་དོན་གྱིས་དྲ་ངོར་འཆམ་འཆམ་བྱེད་དུ་ཡོང་ལོང་མི་སྟེར་གི བོན་རྒྱའི་དེ་ད་དུང་ཞིབ་ཀློག་བྱེད་ཁོམ་མ་བྱུང་ཐལ། ཞིབ་མོར་བཀླགས་མཚམས་སྐད་ཆ་བཤད་ཀི་ཡོང་གི་ཡིན།
དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ལ་ནི་བཤད་ཡ་ཅང་མེད་ཀྱང་། དུས་བབ་ཡར་རྒྱས་མར་རྒྱས་ལ་གཅིག་གཅིག་གཉིས་གཉིས་བཤད་ན་ཕན་པ་ལས་གནོད་པ་ག་ལ་འགྱུར་སྲིད་སྙམ། དགེ་ལེགས་འཕེལ། །
དུས་བབ་ནི་གསར་འབྱོར་བ་ཚོས་རེ་ཞིག་ལྟོ་གོས་འཚོལ་ས་ཞིག་མ་རེད་སུས་བརྗོད་ནུས།. གཤོག་པ་སྐྱེས་ན་འཕུར་རྐྱང་དང་གསང་སྤྱོད་བྱུང་ན་སྐྱག་པ་བཏང་ཀྱང་རེད། ཡིན་ནའང་འགའ་འོས་པ་ཞིག་ལ་ཆོལ་ཁའི་འཐེན་མེད་པ་ལྟ་བུ་ལ་པ་དེ་ཚོ་ཁ་སྦྱར་ནས་བ་ཡང་ཞེ་དྲག་བཟོ་ཡི་མི་འདུག དེ་དག་ནི་ཕལ་ཆེར་བོད་སྤྱི་ལ་བསམ་པའི་མི་རླབས་པོ་ཆེ་གཅིག་གིས་བྱ་བཞག་ཡིན་པར་འདོན་ཟའོ།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་གསུངས་པ་ཤིན་ཏུ་རྨད། དེ་འདྲ་ཞིག་ཏུ་སྣང་ཡང་། འདི་ནི་གཏམ་ཡ་མེད་བཙན་པོ་བཙན་གཏམ་མ་རེད། རིགས་ལམ་ནས་དཔྱད་པ་ཞིག་རེད་བཞག སྔོན་ལ་ཤིབས་ན་རྒྱ་ཆ་བདུན་ཅུ་དུས་བབ་དེ་གཙོ་བོ་ཆོས་ལུགས་ཆོལ་ཁ་ཕྱོགས་ཞེན་གྱི་སྐྱག་དྲི་ཐལ་ལེ་ཡོད་པ་རེད། སྐྱག་པ་གྱོང་ན་དྲི་མ་ཇེ་ཆེ་ཡིན་པ་བཞིན་གྱུར་འདུག
བོན་རྒྱལ་གྱིས་གསུངས་བ་ཕལ་ཆེར་བདེན་པ་རེད་བསམ་སོང་དུས་བབས་ཀྱིས་གསར་འགྱུར་གཞན་ཚགས་
ཤོག་ལས་དལ་འགྲོའི་ངང་ཡོད་པ་ཚང་མས་རིག་སར་རེད། གལ་སྲིད་ཡིག་ནོར་དང་སྤྱིའི་རྩོམ་རྩལ་ཉམས་
ཡོད་ན་ཐད་ཀར་བཀྲ་ཤེས་དོན་འགྲུབ་ཀྱི་སྐྱོན་མིན་འདོད། འགོ་ཟམ་གདོང་ནས་འཇུག་ལག་སྟར་རྩོམ་སྒྲིག་
པ་ཚང་མའི་ཐོག་ལ་ཡོདཉ འོན་ཀྱང་བང་ཆེན་སོགས་དང་ཅུང་མི་འདྲ་དུས་བབས་ཚང་གི་ལས་བྱེད་ཚོར་རང་
དབང་དང་དེ་ཙམ་མེད་ལ་དྲང་མི་དྲང་ཟེར་བའི་ཚིག་འདི་ནམ་ཡང་སྐགས་བསྡད་ཡོད་།
གལ་ཆེན་ཞིག་དག་ཆ་ཧ་ཅང་གཟབ་རོགས་ན་གཞོན་མང་བོས་དུས་བབས་ནི་ཚད་ལྡན་འདོད་དོ།
དབྱིན་ཀོ་ནས་བྲིས
བོན་ལགས། ཁྱེད་ལ་ཆོས་ལུགས་ཀྱི་སྙིང་ནད་ཤིག་འདུག་པ་དེས། ཁྱེད་རང་ཆོས་མེད་ཞིག་ཡིན་པ་གསལ་པོར་མཐོང་གི་འདུག
རབ་འབྱམས་པ་ལགས། མར་རྒྱས་ཟེར་ན་གང་རེད།
མི་ཚང་མ་ཕྱི་རྒྱལ་ལ་ཁ་ཕྱོགས་པ་དེ་ཁག་ཁྱོན་ནས་མི་འདུག
མི་སྒེར་ལ་སྐྱོན་བརྗོད་གནང་ཐལ་མ་ཆེ་རོགས།
མེ་དཀར་ལགས།
མར་རྒྱས་ནི། ཡར་རྒྱས་ཀྱི་ལྡོག་ཕྱོགས་ལ་ཟེར། དུས་བབ་ཡག་ཏུ་འགྲོ་རྒྱུའི་ཚབ་ལ། དེ་ལས་ལྡོག་སྟེ་མར་རྒྱས་ཕྱིན་ན་མར་རྒྱས་ཞེས་མི་ཟེར་རམ། ལགས། ཡང་བསྐྱར་ཅིག་གསུང་དང་། དྲ་གྲོགས་ལགས།
བོན་རྒྱ་ནས་གསུངས་པར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་ཡོད།
ངས་ཉེ་ཆར་ཞུས་པ་ནི་བྷིན་ལ་ཌིན་བསད་པའི་སྐོར་འཛམ་གླིང་གསར་འགྱུར་ཡོད་ཚད་ཟེར་ན་ཅུང་ཧམ་པ་ཆེ་མོད་ཕལ་ཆེར་ས་བསྒྲགས་གནམ་བསྒྲགས་བྱས་མོད།
དུས་བབ་ཚང་གི་གསར་ཤོག་གི་ནང་དུ་མིག་གི་མཐོང་ཡུལ་དུ་གྱུར་མེད་པ་དེ་དཔེ་མཚོན་ཙམ་རེད།
ང་ཡང་དུས་བབ་དང་ཁ་བརྡ་ནི་ང་ཡི་མིག་གི་ཡུལ་དུ་གྱུར་བའི་བལྟད་མོ་ཆེ་ཤོས་དང་རྣ་བའི་ཡུལ་དུ་སྙན་ཤོས་དང་ལྕེ་ཡི་ཡུལ་དུ་བདའ་བ་ཆེ་ཤོས་ཤིག་ཡིན།
དེ་ནི་ང་ཡི་ཁ་འདོན་ཀྱང་དེ་ཡིན་ལ་ང་ཡི་ཡ་དམ་ཀྱང་དེ་རང་ཡིན།
འོན་ཀྱང་བར་སྐབས་ཤིག་ལ་གསར་འགྱུར་གསར་པ་དེ་རིགས་ཉིན་ཤས་རྗེས་ལ་མ་གཏོགས་མཐོང་ཡུལ་དུ་མེད་པ་ལས་སོགས་ཀྱིས་ང་ཡི་ཡི་དམ་དང་ཁ་འདོན་དེ་ཡང་ལན་གཅིག་སྐྱུར་དགོས་ཐུག་གྲབས་བྱེད་ཀྱིན།
འབོད་བསྐུལ་ཞུ་རྒྱུར་ངེད་ཅག་བོད་ཀྱི་གསར་འགྱུར་དེ་ཚོས་རྟག་ཏུ་རྒྱ་ནག་ལ་མ་བྱུང་རབས་དང་བཙན་བྱོལ་བསྒྲིགས་འདྷུགས་མེད་རབས་ལས་གཞན་གསར་འགྱུར་དེ་འདྲ་མཐོང་རྒྱུ་དཀོན་པ་ནི་དུས་རབས་ཀྱི་རྗེས་ལུས་སུ་མཐོང་བཞིན་ཡོད།
གཏམ་དྲང་པོར་ཤོད་དགོས་པ་ལས་མེད་རབས་མུག་རབས་རྐྱང་བཤད་ན་གསར་འགྱུར་དེ་ཚོར་ཡིད་ཆེས་ཀྱང་བརླག་གྲབས་བྱེད་ཀྱིན་འདུག
འོན་ཀྱང་དྲྭ་གྲོགས་པ་མི་ཉུང་པ་ཞིག་ནས་ཁ་བརྡ་དང་དུས་བབ་སོགས་སུ་གསར་འགྱུར་གསར་པ་དེ་རིགས་ཕབས་བསྒྱུར་བྱེད་དེ་བཀོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང།
དུས་བབ་སྐུ་ཚེ་བརྟན་ཞིང་བསོད་ནམས་དབང་ཐང་རླུང་རྟ་ཡར་ངོའི་ཟླ་བཞིན་འཕེལ་བའི་སྨོན་འདུན་ཞུ།
ཡིག་ནོར་ལ་དེ་ཙམ་ལྟ་ཀི་མེད་ལ་ཀློག་པ་པོ་ཞིག་ཡིན་པས་ཆ་ནས་དུས་བབ་དྲ་ཐོག་ལ་སྐོར་གཡེང་རེ་བྱེད་ཀི་ཡོད། དེ་ནི་གསར་འགྱུར་རེ་ཀློག་ཆེད་དུ་ཡོང་བ་ལས་དུས་བབ་གཙང་སེལ་བྱེད་དུ་ཡོང་བའང་མིན། ཡིན་ནའང་། མཚམས་རེ་ཉིན་གཉིས་གསུམ་རེ་འགྱངས་ནའང་གསར་འགྱུར་རྣམས་རང་འཇགས་ཡིན་པས་སྐྱིད་པོ་འདྲ་ཞིག་མི་འདུག དེ་ནི་གསར་འགྱུར་གཏན་ནས་མེད་སོང་བའང་མ་ཡིན་པས་ཅུང་རྗེས་ཆོད་ཀི་མེད་པའི་རྣམ་པ་འདྲ་ཞིག་འདུག དེ་བས་རབ་བྱུང་ན་དུས་བབ་ཚང་གིས་དུས་ཐོག་ཏུ་གསར་འགྱུར་རྣམས་དྲ་ཐོག་ཏུ་ཤར་མར་གཏོང་རྒྱུའང་རེ་བ་ཙམ་ཡིན།
དུས་བབ་ནི་བོད་ཀྱི་དུས་བབ་ཡིན་པའི་འདུ་ཤེས་ཀྱི་འོག་ནས། དུས་བབ་ཀྱི་འདས་མ་ད་གསུམ་ལ་སྐྱོན་བརྗོད་དག་ཐེར་དང་། སྐུལ་སློང་ལམ་སྟོན་གནང་རྒྱུ་ནི་གལ་ཆེ་ལ། དེ་ལྟར་གནང་ནི་བོད་ཀྱི་དུས་བབ་ཀྱིས་དུས་དང་རྣམ་པ་ཀུན་དུ་བོད་ལ་ཞབས་ཞུ་སྒྲུབ་ཐུབ་རྒྱུར་ཕན་པ་ཡོད་ངེས། ཡིན་ནའང་། མི་སྒེར་ཕན་ཚུན་བསྡུར་གཤིབ་དང་། ཟུར་ངོས་གང་རུང་ཞིག་ལ་རྣོ་མིག་གཏད་དེ་ཡར་བཤད་མར་བཤད་བྱེད་པ་དེ་ནི། དུས་བབ་ཡར་རྒྱས་ཚགས་ཚུད་ཀྱི་ཕན་དུ་མི་འགྱུར་མི་སྲིད་ལ། དེ་ལས་ལྡོག་སྟེ་གནོད་པའི་རྒྱུ་རུ་འགྱུར་ཆེ་ན། རྗེས་ཕྱོགས་གང་ཟག་བསྡུར་གཤིབ་ཀྱི་སྐྱོན་བརྗོད་རིགས་ནམ་ཡང་མ་གནང་རོགས་ཞུ།
གསལ་བཤད་ཐུང་ངུ་ཞིག་ཞུ་རྒྱུ་ལ།
ད་བར་དུ་དྲ་ངོས་ཀྱི་རྩོམ་ཡིག་བཀླག་རྒྱུའི་སྐབས་མ་བྱུང་། དེ་རིང་འདིར་དུས་བབ་རྩོམ་སྒྲིག་པ་ལ་བསྙད་པའི་མཆན་འགའ་མཐོང་ནས་ཚིག་གཅིག་ཞུ་འདོད་བྱུང་།
ད་ལྟའི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ལ་མཚོན་ནའང་། ཤེས་ཡོན་སོགས་གང་ཅིའི་ཐད་ནས་དུས་བབ་ཀྱི་ཕྱག་ལས་ཡར་ལྡན་གནང་བཞིན་མཆིས། དེ་བས་དགོས་མེད་ཀྱི་ཚིག་རྩུབ་སོགས་མེད་པ་གནང་རོགས།
ཁ་བརྡ་དྲ་དེབ་ལ་མཚོན་ནའང་དུས་བབ་ལ་རྒྱབ་སྐྱོར་དང་མཐུན་འགྱུར་ཞུ་མཁན་གྱི་དྲ་དེབ་ཙམ་མ་ཟད། དུས་བབ་ལ་གུས་བརྩི་དང་དུས་བབ་ལ་མཉམ་འབྲེལ་ཞུ་བའི་དྲ་དེབ་ཅིག་རེད། དེ་ཡང་ཐུགས་ལ་འཛིན་འཚལ།
གུས་བཅས།
དུས་བབས་ཚང་དངོས་གནས་ཤི་གྲབ་འདུག། དུས་བབས་ཚང་གི་གསར་འགྱུར་མང་ཆེ་ཤོས་རྗེས་ལུས་ཡིན་པ་མ་ཟད་གསར་འགྱུར་གལ་ཆེ་མང་བོ་ཞིག་འགོད་ཐུབ་གི་མི་འདུག། དུས་བབས་ཚང་གི་ལས་བྱེད་པ་ཚང་མས་ཉིན་རྟག་པར་ལས་ཀ་ག་རེ་བྱེད་ཡོད་ན་བསམ་གི་འདུག ཐབས་
སྐྱོ་བོ་རེད།
དུས་བབས་ཚང་ལགས་ཐུགས་བག་ཡངས་གནང་རོགས།
ཁ་བརྡ་དྲ་བ་འདི་ཡང་དུས་བབས་ནང་བཞིན་འཇམ་ཅག་གེར་བཞུགས་སུ་མི་འཇུག་རོགས།
གསར་འགོད་པས་སྨྲ་བརྗོད་རང་གི་སྐོར་ལ་ང་ལས་རྒྱུས་མངའ་ཆེ་བར་བརྟེན་དེ་ཡི་སྐོར་ལ་བརྗོད་མི་དགོས།
ལེགས་དང་མི་ལེགས་པའི་ཆ་ཇི་སྙེད་ཅིག་ཤོད་བཞིན་པ་དག་ནི་དུས་བབ་ཚང་གི་མཚན་སྙན་ཇེ་མཐོར་གཏོང་ཐབས་ལས་དུས་བབ་ཚང་སྒོ་རྒྱབ་རྒྱུའི་དམིགས་ཡུལ་མིན་ཙང་ཁྱེད་རྣམས་ཀྱིས་མཆན་འདི་དག་ལ་ཞིབ་འཇུག་རེ་དང་ཐུགས་སྣང་རེ་གནང་ན་དགེ་མཚན་དང་ལེགས་པའི་ཆ་དང་ཡར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་མང་པོ་ཞིག་ཐོབ་ངེས།
དུས་བབ་ཚང་རྡོག་ཐོན་མི་འབྱུང་བའི་རེ་འབོད་དང་བཅས་ཏེ་སྨོན་ལམ་ཞུ།
དུས་བབས་ཚང་ལགས་ཐུགས་བག་ཡངས་གནང་རོགས།
ཁ་བརྡ་དྲ་བ་འདི་ཡང་དུས་བབས་ནང་བཞིན་འཇམ་ཅག་གེར་བཞུགས་སུ་མི་འཇུག་རོགས།
གསར་འགོད་པསརསྨྲ་བརྗོད་རང་དབང་གི་སྐོར་ང་ལས་རྒྱུས་མངའ་ཆེ་བར་བརྟེན་དེ་ཡི་སྐོར་ལ་བརྗོད་མི་དགོས།
ལེགས་དང་མི་ལེགས་པའི་ཆ་ཇི་སྙེད་ཅིག་ཤོད་བཞིན་པ་དག་ནི་དུས་བབ་ཚང་གི་མཚན་སྙན་ཇེ་མཐོར་གཏོང་ཐབས་ལས་དུས་བབ་ཚང་སྒོ་རྒྱབ་རྒྱུའི་དམིགས་ཡུལ་མིན་ཙང་ཁྱེད་རྣམས་ཀྱིས་མཆན་འདི་དག་ལ་ཞིབ་འཇུག་རེ་དང་ཐུགས་སྣང་རེ་གནང་ན་དགེ་མཚན་དང་ལེགས་པའི་ཆ་དང་ཡར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་མང་པོ་ཞིག་ཐོབ་ངེས།
དུས་བབ་ཚང་རྡོག་ཐོན་མི་འབྱུང་བའི་རེ་འབོད་དང་བཅས་ཏེ་སྨོན་ལམ་ཞུ།
བོད་ཀྱི་དུས་བབ་དྲ་བ་དང་གསར་ཤོག་གཉིས་ཀ་འགྲིག་བསྡད་འདུག ཞིབ་ཏུ་བལྟས་ན་ད་སྔ་བོད་ཕྱི་ནང་གཉིས་ཀ་ན་བོད་ཀྱི་དུས་བབ་འདྲ་བ་ཞིག་མི་་འདུག
སྤྱིར་བཏང་ཡིག་རྩ་ཡག་ན་རྩོམ་སྒྲིག་བྱས་ཡུན་གྱི་དུས་ཚོད་ལ་ཁྱད་པར་ཡོད་ཀྱི་མ་རེད་སྙམ། ང་ལ་མཚོན་ན་ཡང་སྐུ་ཞབས་རབ་གསལ་ལགས་ཀྱིས་ཕྱི་དྲིལ་ཚོགས་ཁང་ནང་དུས་བབ་དབུ་བརྙེས་པའི་མཛད་སྒོ་ཚོགས་པ་ནས་ད་བར་དུས་བས་ལ་དགའ་བའི་མི་ཞིག་ཏུ་གྱུར་ཡོད་རྐྱེན། དུས་བབ་ཀྱི་ལས་དབང་ལ་ཧ་ཅང་ཚོར་བ་རྐྱེན་པོའི་མི་ཞིག་ཡིན། རྩོམ་སྒྲིག་པ་རབ་གསལ་ཕྱིན་ཤུལ་ནས་དང་ཐོག་ལྷག་བསམ་གྱིས་བྲིས་པའི་རྩོམ་སྒྲིག་པའི་གཏམ་ལ་དེ་ཙམ་བྲོ་བ་མེད་པ་ལྟ་བུར་མངོན་ཡང་གོམ་པ་རིམ་བགྲོད་ཀྱིས་སྔར་བཞིན་བྲོ་བ་མེད་པ་ནས་ཡོད་པར་གྱུར་སོང་ལ། རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ཀྱི་བརྒྱུད་རིམ་ཡང་དེ་དང་གཅིག་མཚུངས་བྱུང་སོང་སྙམ། ཡིན་ན་ཡང་རྩོམ་སྒྲིག་པ་ལྷག་བསམ་ཕྱིན་རྗེས་ནས་དུས་བབ་ཚང་ལ་ཡིག་ནོར་མང་དུ་སོང་བ་བདེན་པར་མཐོང་། མ་གཞི་ནས་གློག་ཀླད་ནང་ནས་ཡིག་ནོར་ཞིག་རང་བཞིན་གྱིས་ཤོར་འགྲོ་བ་འདི་ཀློག་པ་པོ་རྣམས་ཀྱིས་མཁྱེན་དགོས། ཡིན་ན་ཡང་དུས་བབ་ཚང་ལ་གསར་འགྱུར་ཉུང་དུ་ཕྱིན་པའི་བཟོ་ཞིག་འདུག་པར་མ་ཟད། ཟླ་གཅིག་ཙམ་གྱི་གོང་དུས་བབ་དྲྭ་ངོས་སུ་གསལ་བའི་དོན་གྲུབ་བཀྲ་ཤིས་ཀྱི་གློག་འཕྲིན་ཁ་བྱང་ཐོག་ནས་བོད་ནང་གི་གནས་ཚུལ་ཞིག་དང་པར་བཅས་བསྐུར་ཏེ། དངོས་སུ་ཁོ་ལ་ཁ་པར་བཏང་ནས་གསལ་བྱེད་ཀྱང་བྱས་པ་ཡིན་མོད་དུས་བབ་ནང་བཀོད་མ་སོང་། དྲྭ་ངོས་སུ་མ་བཀོད་པའི་རྒྱུ་མཚན་ཅི་ཡིན་མ་ཤེས། གང་ལྟར་དྲང་བདེན་གྱི་རྩོམ་སྒྲིག་པ་ཞིག་བྱེད་ན་གཟུ་པོར་གནས་དགོས་པ་རྩ་དོན་དུ་མཐོང་།
དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་མང་པོ་གསུངས་པར་དགའ་ཡོད། ལན་འདེབས་བྱེད་དགོས་ས་འདྲ་མེད་ཚོད་འདུག ཡིན་ནའང་། ངས་སྐད་ཆ་དྲང་ཐད་ནས་བཤད་པ་ལས་དམིགས་བསལ་དུས་བབ་ལས་མི་ག་གེ་མོར་བསྟོད་པ་དང་། ཆེ་གེ་མོར་དམའ་འབེབ་བྱས་མེད། ཡིན་ནའང་། ད་ལྟའི་ལས་མི་ཚོའི་ནང་གི་འོས་ཤོས་ཚེ་རིང་རྒྱལ་རེད་ཅེས་པ་དེ་ཡིན། ཨ་རིག་འགྱུར་མེད་ཡ་མེད་ཅིག་རེད་ཅེས་བཤད་མེད། ཨ་རིག་སོང་བ་ནས་དུས་བབ་དམིགས་བསལ་ཇེ་སྡུག་ལ་སོང་བར་སྨྲ་མི་ཕོད་ཀྱང་ཨ་རིག་སོང་བ་ནས་གསར་འགྱུར་ཇེ་ཉུང་ལ་གྱུར་བ་དེ་ཤེས་དགོས་པ་ཞིག་རེད་སྙམ།
བཀུར་འོས་གཞོན་སྐྱེས་མཁས་པ་དགེ་འདུན་རབ་གསལ་ལགས་ནས་༼ད་ལྟའི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ལ་མཚོན་ནའང་། ཤེས་ཡོན་སོགས་གང་ཅིའི་ཐད་ནས་དུས་བབ་ཀྱི་ཕྱག་ལས་ཡར་ལྡན་གནང་བཞིན་མཆིས།༽ཞེས་དགེ་འདུན་རབ་གསལ་གྱི་སྐབས་དང་། ལྷག་བསམ་གྱི་སྐབས། ལུང་རིགས་ཀྱི་སྐབས་བཅས་དང་འདྲ་བར་ཤེས་ཡོན་སོགས་གང་ཅིའི་ཐད་ནས་དུས་བབ་ཀྱི་ཕྱག་ལས་ཡར་ལྡན་གནང་བཞིན་མཆིས་ཞེས་གསུང་བ་ནི། དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལ་དེ་རིང་བར་དུ་ཀློག་མཁན་མང་ཤོས་ཀྱིས་སྐྱོན་བརྗོད་བྱས་བསྡད་པ་དང་བསྡུར་ན། ཡར་སྐུལ་གྱིས་ཡིན་ནམ། དུས་བབ་ལ་སྡིག་སྟངས་འདི་ཡག་པོ་མི་འདུག་བསམ་པས་ཡིན་གོ་བ་ལེན་དཀའ་ནའང་། དུས་བབ་ཀྱི་ཕྱག་ལས་ཡར་ལྡན་གནང་རྒྱུ་དེ་དུས་བབ་རྩོམ་སྒྲིག་པའི་ལས་འགན་རེད། ཤེས་ཡོན་གྱི་ཐད་ནས་ཀྱང་དགེ་ལྷག་ལུང་གསུམ་དང་འདྲ་བ་སྟོན་ཐབས་གང་འདྲ་ཞིག་བྱས་ནའང་། ད་ལྟའི་དུས་བབ་དང་སྔོན་གྱི་དུས་བབ་གཉིས་བསྡུར་ནས་བལྟས་པ་ཡིན་ན། མཚུངས་ས་འདྲ་ས་ཞིག་རྙེད་ཁག་པོ་འདུག ང་ལ་མཚོན་ན། དགེ་འདུན་རབ་གསལ་ལགས་ནི། གོང་བཀུར་ཞུ་བཞིན་པའི་མི་ཞིག་ཡིན། དེ་རིང་གི་གསུང་སྟངས་འདི་དྲང་པོ་མ་རེད། དུས་བབ་ཡར་རྒྱས་ཀྱི་ཆེད་དུ་གསུང་སྟངས་ལ་རྗེས་སུ་ཡི་རང་ཡོད།
༼ཁ་བརྡ་དྲ་དེབ་ལ་མཚོན་ནའང་ དུས་བབ་ལ་རྒྱབ་སྐྱོར་དང་མཐུན་འགྱུར་ཞུ་མཁན་གྱི་དྲ་དེབ་ཙམ་མ་ཟད། དུས་བབ་ལ་གུས་བརྩི་དང་དུས་བབ་ལ་མཉམ་འབྲེལ་ཞུ་བའི་དྲ་དེབ་ཅིག་རེད།༽ཅེས་གསུང་འདུག
ངས་སྒྲུང་ཞིག་བཤད། དུས་བབ་དྲ་ཚིགས་ཀྱི་སྤུས་ཀ་ཉམས་སོང་། དུས་བབ་ཚགས་ཤོག་གི་སྤུས་ཀ་ཉམས་སོང་ཟེར་མཁན་མང་པོ་རེད། ཀློག་མཁན་ཕལ་ཆེ་བར་ལྟ་སྟངས་འདི་ཡོད་པ་རེད་ལབ་ནའང་འགལ་བ་མེད་པ་ཞིག་རེད། དུས་བབ་དྲ་ཚིགས་ཡར་རྒྱས་འགྲོ་དགོས་ན། ཁ བརྡ་དྲ་ཚིགས་སྒོ་རྒྱག་དགོས་པ་རེད་ཅེས་ལབ་མཁན་ཡང་ཡོང་གི་ཡོད་པ་རེད། དྲང་མོར་བཤད་ན། ཁ་བརྡ་དྲ་ཚིགས་ཀྱི་ཡར་རྒྱས་འདིས། དུས་བབ་དྲ་ཚིགས་ཀློག་མཁན་དང་། དུས་བབ་ཀྱི་ཟིན་བྲིས་པ་མང་པོ་ཞིག་ཁ་བརྡའི་ནང་ལ་བཀུག་ཚར་སོང་། དམའ་མཐར་ཡང་། ཉེ་བའི་ཟླ་བ་གཉིས་ཀྱི་ནང་ལ་དུས་བབ་དྲ་ངོས་ཀྱི་མི་མང་པོ་ཞིག་གིས་ཁ་བརྡའི་ནང་ལ་ཐོ་འགོད་དང་འཛུལ་ཞུགས་ཞུས་སོང་།
ད་བཤད་ཁག་པོ་རེད། དགེ་རབ་ཀྱི་ཐུགས་ན། ཁ་བརྡ་དྲ་དེབ་ལ་མཚོན་ནའང་དུས་བབ་ལ་རྒྱབ་སྐྱོར་དང་མཐུན་འགྱུར་ཞུ་མཁན་གྱི་དྲ་དེབ་ཙམ་མ་ཟད། དུས་བབ་ལ་གུས་བརྩི་དང་དུས་བབ་ལ་མཉམ་འབྲེལ་ཞུ་བའི་དྲ་དེབ་ཅིག་ཡིན་ནའང་། སྤྱི་ཚོགས་ཀྱི་ལྟ་སྟངས་ལ་དེ་སྣང་གི་ཡོད་མེད་བཤད་དཀའ་བ་ཞིག་ཆགས་འདུག
ཀྱེ་མ། བོད་པ་ཚང་གི་མི་རབས་ཕྱི་མ་རྣམས་ལ་བལྟས་ན། དགོན་པ་ཁག་དང་གནའ་རབས་རིག་གཞུང་ལ་སྦྱང་པ་དག་ནི་ཚོགས་པ་དང་ཚོགས་པ་ཁག་པར་དང་། སྤྱི་ཚོགས་ནང་དུ་དཀྲུགས་ཤིང་རྒྱག་་རྒྱུར་མཁས། སློབ་གྲྭ་ཁག་ནས་སློབ་སྦྱོང་གནང་པ་རྣམས་དོན་མེད་འུར་གཏམ་དང་ཐོས་པ་ཙམ་གྱིས་སྒྲོག་པར་དགའ་བ་རྐྱང་རེད། གང་ལྟར་མི་རབས་ཕྱི་མ་རྣམས་ཀྱིས་བོད་སྤྱི་ཚོགས་ལ་འགན་མི་ཁས་པ་གཅིག་པ་གཅིག་རྐྱང་རེད།
རེད། དུས་བབ་དེ་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་བསམ་འཆར་དགོས་ཡོད།. ཤི་གྲབས་ཡོད་པ་ཡིན་ན་སྨན་གཏེར།
དེང་སྐབས་དུས་བབ་གསར་ཤོག་དེ་གསར་འགྱུར་ཉུང་ཞིང་ཚིག་ནོར་མང་བས་གསར་ཤོག་གི་མཚན་ཉིད་མ་ཚང་བ་འདྲ་བོ་འདུག
རྩྭ་ཆུ་འཛོམས་པའི་རི་ལུང་ལ། །
ཕྱུག་ཟོག་ངང་གིས་འཁོར་བ་ལྟར། །
ཁ་བརྡ་ཚང་གི་ཁྱིམ་ཕུག་ལ། །
མ་བོས་མགྲོན་པོ་ངང་གིས་འདུ། །
ཁྱིམ་བདག་བཟང་བོའི་ཁྱིམ་ཕུག་ན། །
སྣ་མང་ཟས་ཀྱི་སྡེར་ཁ་འཕྱུར། །
གླུ་གར་སྟོན་མོ་ཆེ་བ་ལ། །
དགའ་བའི་མི་དག་ངང་གིས་འོང་། །
ཁྱེད་ཚོ་ཚང་མས་ཞེ་དྲག་ཐུགས་ཁྲལ་གནང་གི་འདུག དེ་དགའ་འོས་པ་ཞིག་རེད། ཁག་ཁྱོན་ནས་ཡོད་པ་མ་རེད། ཡིན་ནའང་གསར་འགྱུར་ཉུང་དུ་ཕྱིན་སོང་། ཡིག་ནོར་འདུག རྩོམ་སྒྲིག་པའི་གཏམ་རྣོན་པོ་མི་འདུག་ཅེས་པ་དེ་གསུམ་རེད།
༡ དང་པོ་དེ་གསར་འགྱུར་ཉུང་དུ་ཕྱིན་པ་ཡིན་རྒྱུ་མ་རེད། གསར་འགྱུར་སྤེལ་མཁན་མང་དུ་ཕྱིན་སོང་བ་རེད། དུས་བབ་འདིས་བསྐྱར་འགོད་བྱས་པ་རྦད་དེ་ཉུང་ཉུང་རེད། དགོས་རྒྱུ་གསར་འགྱུར་འབྲི་སྟངས་ཐད་བསམ་ཚུལ་མེད་ན་དེས་དགའ་ནི་རེད།
༢ ཡིག་ནོར་ལ་རྩོམ་སྒྲིག་པས་ཡ་ལན་གནང་ཡོད་པ་རེད་གཟབ་གཟབ་བྱེད་ཀྱི་ཡོད་རབ་གསུངས་ཚར་བ་རེད། དེས་འགྲིག་གི་བསམས།
༣ རྩོམ་སྒྲིག་པའི་གཏམ་འདི་རྣོ་ན་མ་རྣོ་ན། སྤྱིར་བཏང་བདུན་རེའི་ཚགས་ཤོག་ཅིག་གི་ངོས་ནས་ལྟ་ས་ཡོད་ན་མེད་ན་དེ་རྩོམ་སྒྲིག་པའི་གཏམ་ཡིན་དགོས་ས་མ་རེད། དེ་ནི་རྩོམ་སྒྲིག་པ་སྒེར་གྱི་བསམ་ཚུལ་ཙམ་རེད། ཡིན་ནའང་དེ་ལ་བརྟེན་སྡོད་མཁན་ཡོད་ཀྱི་རེད། གཞི་རྩའི་ཆ་ནས་རྩོམ་སྒྲིག་པའི་གཏམ་ཡོད་ཀྱང་མེད་ཀྱང་སྐྱོན་མི་འདུག་བསམ། ལུང་པ་གཞན་གྱི་ཚགས་ཤོག་ལའང་ཅུང་ཙམ་ལྟ་དགོས་པ་མིན་འགྲོ་བསམ།
གནད་དོན་གསུམ་པོ་ངས་འདི་ལྟར་ཐད་ཀར་བསམ་བློ་བཏང་བ་ཡིན། བསམ་བློ་ཡག་ས་ནས་དུས་བབ་ལ་ཡར་སྐུལ་བྱས་པ་ཡིན་མོད།
མཉམ་དུ་ཚིག་འགའ་ཞུ་དགོས་པ་ནི། རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་འདིས་དུས་བབ་ཟིན་བྲིས་ནས་བཟུང་ཁ་བརྡའི་བར་གྱི་དུས་བབ་ཐད་ཀྱི་བསམ་ཚུལ་ལ་ལན་འདེབས་བྱེད་ཐུབ་ཀི་མི་འདུག རེ་ཤོས་ནི་བསམ་བཞིན་ཀླན་ཀ་འཚོལ་བ་ཡིན་སྲིད་མོད། ཁ་ཤས་ལ་བསམ་ཞིབ་བྱེད་དགོས་པ་འདུག་པས་སྤྱི་བའི་དུས་བབ་ཆེད་སྤྱི་བའི་རྩོམ་སྒྲིག་པ་ཞིག་བྱེད་རྒྱུར་འབད་བརྩོན་ད་ནས་བྱས་ན་ལོས་དགའ་བསམ།
གཉིས་ནས་ཡིག་རྩ་དང་ཡོན་ཏན་གྱི་དབྱེ་འབྱེད་འདི་ཁྱོན་ནས་ཞུ་མི་ཐུབ་པ་ཞིག་རེད། ང་ལྟ་བུར་མཚོན་ན་གསར་འགོད་པ་ཚོས་གསར་འགྱུར་བྲིས་དུས་ཀློག་གི་ཡོད། གསར་འགྱུར་ལ་བསྟོད་བསྔགས་དང་སྐྱོན་ཆ་ཐད་ཀར་འདོན་གི་ཡོད། ཁ་པར་བཏང་གི་ཡོད། དཔེར་ན་དཔལ་ལྡན་དང་ཚེ་རིང་རྒྱལ་ལྟ་བུ་རེད།
འོན་ཀྱང་བསམ་བསམ་མཐར། དུས་བབ་ཀྱི་དཀའ་ངལ་ལྟེ་བ་དེ་འུ་ཚོས་ཁ་ཐུག་མཐོང་བསྡད་པ་འདི་དག་ཨེ་ཡིན་བསམ་གི་འདུག་ལ། ལས་བྱེད་ལ་ལག་ཆ་ཚད་ལྡན་ལྟོ་རྒྱབ་འདང་ཙམ་ཐག་གཅོད་གཙང་མ་བྱས་ཡོད་ན་ད་གཟོད་ལས་བྱེད་པའི་སྟེང་མཛུབ་མོ་བཙུགས་ཆོག་མོད། དེའི་གནས་སྟངས་གསལ་བོ་ཞིག་ཤེས་མ་སོང་། ཡིན་ནའང་དཀའ་ངལ་ཞིག་མེད་འགྲོ་བསམ་སོང་། དེ་ཙམ་ཡིན།
སྤྱིར་བཏང་འུ་ཚོའི་ཡུལ་མདོ་སྨད་ལ་ཁ་དཔེར་ཤི་བསྟོད་ས་ཆ་ཟེར་བ་ཞིག་ཡོད་ས་རེད། བཤད་རྒྱུན་དེ་གཞི་བྱས་ན་མི་མེད་ཤུལ་ནས་བསྟོད་ར་གཏོང་རྒྱུ་འདི་ཤ་གསེང་རུས་གསེང་ལ་འཐིམས་པའི་གོམས་གཤིས་འདྲ་ཡིན་སྲིད་པ་རེད། རྩོམ་སྒྲིག་པ་སྒང་མ་ཚོའི་གཏམ་ཡ་མེད་གང་ཡིན་ལབ་ནས་དྲི་བ་གློ་བུར་བ་ཞིག་སླེབས་སོང་ན། ཚགས་ཤོག་བསྔོགས་ན་མ་གཏོགས་ཁ་ཐུག་ལན་ཡོད་མེད་མི་ཤེས། མ་གཞི་ནས་རྩོམ་སྒྲིག་པའི་གཏམ་དེ་ཀློག་ཐུན་གཅིག་གི་མྱོང་བྱ་ཐ་མག་རྐང་གཅིག་འདྲ་བོ་རེད། ཚོར་བ་ཐུང་ཐུང་རེ་སྤྲད་ཡོད་ལོས་སྲིད། ཡིན་ཡང་བག་ཆགས་རྡོ་ལ་བྲིས་དང་ནོ་ག་ཚོད་ཡོད་མེད་ལྟ་དགོས་ཀྱི་རེད།
དེ་ནས་ལུང་རིགས་འདྲ་བོ་མཚོན་ན་རྩོམ་སྒྲིག་པ་སྒེར་གྱི་ལྟ་བས་རྩོམ་སྒྲིག་པའི་གཏམ་ཁ་བསྒྱུར་བྱས་པ་མ་ཟད། དུས་བབ་ཁོ་རང་གི་ཁ་ཅིག་ལ་བསྒྱུར་གྲབས་བྱས་བཞག་ཡོད། ཁོང་གི་སེང་གེ་གཉིད་ལོག་དེས་འུར་ག་ཚོད་གླེང་མེད་དམ། ཐུགས་ཕོག་སྣ་ཕོགས་ག་ཚོད་སོང་མེད་དམ། མཐའ་མར་ཁོང་གིས་རྟིང་གནོན་འདྲ་མ་བྱུང་བས་ཡིན་ནམ། ཤོག་སྦག་ལྟར་དུ་སོང་ཟིན་པ་གསལ་བོ་རེད། དེས་ཕན་འདུག་གམ་གནོད་འདུག་ལབ་ན་སུས་བཤད་ཐུབ་བམ། ད་ལྟ་ནི་ཕན་མེད་པ་གསལ་བོ་རེད། དེས་ན་དུས་བབ་སྤྱི་པའི་དུས་བབ་ཆགས་རྒྱུར་རྩོམ་སྒྲིག་པ་སྤྱི་པའི་རྨང་གཞི་ལྷད་ཀྱིས་མ་གོས་པ་ཞིག་ཡོད་དགོས་ཀྱི་རེད།
ཤར་ཁུག་གིས་མཚན་གུང་ཆུ་ཚོད་ ༣ སྐར་མ་ ༡༡བར་དུ་བྲིས་བར་ལྟ་རྒྱུ་འདུག
དུས་བབ་ཡར་རྒྱས་རེད། ཡིན་རྒྱུ་ངོ་མ་དེ་དུས་བབ་ནི་དུས་ལ་བབ་དུས་འགྱུར་འགྲོ་བ་ཞིག་ཡིན་པ་སྟབས་དུས་ནས་དུས་སུ་འགྱུར་བ་འགྲོ་གི་ཡོད་པ་རེད། མི་ཀླད་པ་རྙིང་བ་ཚོས་འགྱུར་བ་མཐོང་འདོད་ཡོད་པ་མ་རེད།
བརྒྱ་བཤད་སྟོང་བཤད་ཇི་ལྟར་བཤད་ཀྱང་། བོན་རྒྱ་བས་བཤད་པ་ལ་རྒྱུ་མཚན་ཞིག་གཏན་ནས་མཐོང་གི་མི་འདུག དངོས་གནས་ཡིན། ཅིག་བྱས་ན་རྒྱུ་མཚན་གཞན་པ་ཞིག་ཡོད་སྲིད་ཀྱི་རེད། ཡིག་ནོར་ཅུང་ཙམ་རེ་དང་། ནོར་བ་ཅུང་ཙམ་རེ་ཡོང་མི་སྲིད་པ་གཏན་ནས་མིན་ཡང་། དེ་ལ་ཆེ་བཤད་ཚད་ལས་བརྒལ་བའི་སྐུར་འདེབས་དང་སྒྲོ་འདོགས་བྱས་པ་ནི་ཡག་པོ་རྩ་བ་ཉིད་ནས་མ་རེད།
ང་རང་གི་སེམས་ངོར་ངའི་སྐད་ཆ་དྲང་མོ་ཡིན། དོན་གྲུབ་བཀྲ་ཤིས་དུས་བབ་ཏུ་སླེབས་པ་ནས་བོད་ཀྱི་དུས་བབ་ལ་དམིགས་བསལ་ཡར་རྒྱས་ཀྱི་འགྱུར་བ་ཞིག་ཐེབས་སོང་། དེ་ག་རེ་རེད་ལབ་ན། གསར་ཤོག་གི་ནང་ནས་གསར་འགྱུར་ཚང་མ་དྲང་བདེན་གྱི་ཚད་ཐིག་ཏུ་ལངས་འདུག་བསམ་པ་ཞིག་རང་བཞིན་གྱིས་ཡོང་གི་འདུག
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པར་བདམས་པའི་རྗེས་སུ་བོད་ཀྱི་དུས་བབ་གསར་ཤོག་དང་། སྤྱི་འཐུས་བསྟན་འཛིན་མགོན་པོ་གཉིས་ཀྱིས་དུས་རྒྱུན་སྐུར་འདེབས་དང་སྒྲོ་འདོགས་ཁོ་ན་ལས་དངོས་ཡོད་ཀྱི་གནས་ཚུལ་ཞིག་མཐོང་རྒྱུ་མི་འདུག སྤྱིར་གསར་འགྱུར་ལས་རིགས་ནང་ལས་ཀ་བྱེད་མཁན་ཚོ་གཞུང་འཛིན་དཔོན་རིགས་ཚོའི་ཁ་གཏད་དུ་ལངས་དགོས་པ་གལ་ཆེ་ནའང་། གནས་ལུགས་རྒྱུ་མཚན་མེད་པའི་ལངས་ཕྱོགས་རིགས་ལ་མོས་མཐུན་གང་ཡང་མེད། བར་ལམ་བོད་ཀྱི་དུས་བབ་ཀྱིས་ཟམ་གདོང་རིན་པོ་ཆེ་དང་འབྲེལ་བའི་སྐོར་ཞིག་བྲིས་པ་མཐོང་བའི་ཚེ་རང་བཞིན་གྱིས་རྫུན་ཡིན་ཤག་རང་བྱེད་དགོས་པ་ལྟ་བུ་ཆགས་སོང་།
ཐོག་མ་བོད་ཀྱི་དུས་བབ་སྒོ་འབྱེད་སྐབས་ཟམ་གདོང་རིན་པོ་ཆེ་སྐུ་མགྲོན་གཙོ་བོ་རེད། རབ་གསལ་དྲ་ཚིགས་འདིར་ཡང་ཡང་ཡོང་གི་འདུག་པས་ཁོ་རང་གིས་དྲན་སོས་ཀྱི་རེད། སྐབས་དེ་དུས་ཟམ་གདོང་རིན་པོ་ཆེས་ངས་དེ་རིང་གསར་ཤོག་འདི་སྒོ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་བྱས་ཡོད་པ་རེད་དེ། ར་རང་སྤུ་བྲེགས་པའི་འུར་རྡོ་དེ། དུས་ཐ་མ་རང་མགོ་གཅོག་བྱེད་ཆགས་སྲིད་ཀྱི་རེད་ཅེས་ཞལ་ཤོབ་དང་སྦྲགས་ནས་གསུངས་པ་དེ་ལུང་བསྟན་ལྟ་བུ་ཆགས་འདུག་བསམ་པ་དྲན་སོང་།
དོན་གྲུབ་བཀྲ་ཤིས་སླེབས་པའི་རྗེས་སུ་བོད་གཞུང་བཀའ་ཤག་དང་འབྲེལ་བའི་གསར་འགྱུར་འགོད་པའི་སྐབས་ཕྱོགས་ཡོངས་ལ་བལྟས་ནས་ཚད་ལྡན་འབྲི་བཞིན་པ་དང་། ཟམ་གདོང་བླ་མས་ག་རེ་གསུངས་པ་དེ་འགོད་པ་ལས་ཁོ་རང་གིས་འཁྱོག་བཤད་གཏན་ནས་བྱེད་ཀྱི་མི་འདུག དེར་བརྟེན་དོན་གྲུབ་བཀྲ་ཤིས་ནི་མི་དྲང་བདེན་ཅན་ཞིག་ཡིན་སྟབས། བོན་རྒྱ་བའི་འདོད་པ་མ་ཁེངས་པ་ཞིག་ཡོང་བ་རེད་བསམ་པ་ངའི་ཁ་ཞེ་གཉིས་མེད་ཀྱིས་དྲན་གྱི་འདུག ད་དུང་དོན་གྲུབ་བཀྲ་ཤིས་བླ་བྲང་ནས་རེད། ལུང་ཚན་གྱི་ན་ཚའི་ཐོག་ནས་ཀྱང་ཅིག་བཤད་བསྡད་པའང་ཡིན་མི་སྲིད་པ་མ་རེད། འོན་ཀྱང་མཐའ་གཅིག་ཏུ་དེ་རེད་ཅེས་ཞུ་རྒྱུ་མེད། ནོར་ཡོད་ན་བོན་རྒྱ་བ་དགོངས་དག་ཞུ་རྒྱུ་ཡིན།
དེ་བཞིོན་དོན་གྲུབ་བཀྲ་ཤིས་ནི་མི་ཧུར་བརྩོན་ཆེན་པོ་དང་རང་རྒྱུད་རིང་པོ་ཞིག་ཀྱང་ཡིན་པ་འདྲ། ཧུར་བརྩོན་པ་ནི་མཐོང་གསལ་ཡིན་ཡང་། ངའི་བལྟས་ཚོད་ལ་ངང་རྒྱུད་རིང་པོ་ཞིག་ཀྱང་རེད་འདུག་སྙམ་བཞིན་ཡོད། མདོར་ན་བོད་ཀྱི་དུས་བབ་ཀྱི་གནས་ཚད་དམའ་རུ་ཕྱིན་འདུག་ཅེས་པ་དེ་དངོས་ཡོད་གནས་ཚུལ་གཏན་ནས་རེད་མི་འདུག་ཞུ་རྒྱུ་ཡིན།
འོན་ཀྱང་བོད་ཀྱི་དུས་བབ་ཕྱོགས་རེ་ཟུང་ཞིག་ནས་ཉམས་གུད་ཀྱི་གནས་སྟངས་ཅུང་ཙམ་རེའང་མཐོང་རྒྱུ་འདུག དཔེར་ན་སྔོན་མ་བོད་ཀྱི་དུས་ཀྱང་བར་ལམ་ཞིག་ནས་ལྷོ་ཕྱོགས་ནས་པར་སྐྲུན་བྱས་ཡོད་པ་དང་། ཨ་རིག་འགྱུར་མེད་ཆེད་གཉེར་གྱིས་ས་གནས་སུ་བཏང་ནས་ལས་ཀ་བྱས་པ་རེད། གསར་ཤོག་ཚོང་འགྲེམས་སོགས་ཕྱོགས་གང་ཐད་ནས་གྲུབ་འབྲས་མ་ཐོན་པར་ཐ་མ་ཕྱིར་རྡ་སར་ཡོང་བ་རེད། དེའི་རྗེས་སུ་མོན་གྷོ་ནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ལས་སྣེ་རྣམས་དང་གན་རྒྱ་བཞག་ནས་བར་སྐབས་ཤིག་ལ་ཧུར་བརྩོན་ལྟ་བུའི་ཐོག་ནས་འགྲེམས་སྤེལ་བྱས་སོང་ཡང་། ཨ་བྲའི་མཇུག་མ་ལྟ་བུའི་ཨ་གསར་དེ་ཡོལ་ནས་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སུ་གཏན་ནས་འགྲེམས་སྤེལ་མ་བྱས་ནས་ཟླ་བ་གཉིས་ཙམ་ཕྱིན་སོང་། འདི་ངས་བལྟས་ན་ཉམས་གུད་ཅིག་རེད་བསམ་གྱི་ཡོད།
དེ་བཞིན་དུས་ངའི་བསམ་ཚུལ་ལ་བོད་ཀྱི་དུས་བབ་ཀྱི་སྲོག་ཤིང་ལྟ་བུ་དེ་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཆོས་འཕེལ་རེད་དྲན་གྱི་ཡོད། རྒྱུ་མཚན་ནི་བསྟན་འཛིན་ཆོས་འཕེལ་དམངས་གཙོ་གསར་ཤོག་ཡོད་པའི་སྐབས་ནས་ལས་བྱེད་ཡིན་པ་དང་། བོད་ཀྱི་དུས་བབ་ཐོག་མ་འཛུགས་དུས་ཡོད་པ། མི་རང་གཤིས་བརྟན་པོ་དང་འཆར་གཞི་ཡོད་པ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་ལོ་སྔོན་མའི་ནང་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ཁེ་ན་ཌར་བོད་རིགས་པའི་ཞིབ་འཇུག་ཚོགས་འདུར་སོང་ནས་བྲོས་བྱོལ་དུ་སོང་བའི་རྗེས་སུ་བསྟན་འཛིན་ཆོས་འཕེལ་ཡང་རྩ་དགོངས་ཞུས་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག དེ་ནི་རྩོམ་སྒྲིག་པ་བྲོས་བྱོལ་དུ་སོང་བ་ལས་ཀྱང་བོད་ཀྱི་དུས་བབ་ཀྱི་ཉམས་གུད་ཅིག་རེད་དྲན་སོང་། སྤྱིར་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་རྣམས་རྒྱུན་རིང་མ་བསྡད་པ་ཡང་རང་བཞིན་གྱིས་དཀའ་ངལ་ཞིག་ཡིན་པའང་བརྗོད་མི་དགོས་པ་རེད། གསར་ཤོག་གི་རྩོམ་སྒྲིག་པ་གལ་ཆེན་པོ་མ་རེད་ཅེས་ཞུ་རྒྱུ་མེད།
བོད་ཀྱི་དུས་བབ་ལ་མཚོན་ན་ལོ་བཅུ་བཞི་བཅོ་ལྔ་ཙམ་གྱི་རིང་རྩོམ་སྒྲིག་པ་བསོད་ནམས་ཚེ་རིང་དང་། དགེ་འདུན་རབ་གསལ། ལྷག་བསམ། ལུང་རིགས་རྒྱལ། དོན་གྲུབ་བཀྲ་ཤིས་བཅས་མི་ལྔ་ཙམ་འགྱུར་བ་ཕྱིན་འདུག་ལ། ལས་བྱེད་ཀྱང་མང་ཆེ་བ་གསར་པ་ཡིན་ཡང་། གསར་ཤོག་ལ་ཉམས་གུད་ཆེན་པོ་དུས་ཕྱིན་ཡོད་པ་མ་རེད། ག་རེ་བཤད་ཀྱང་དེ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་འཛིན་སྐྱོང་གི་ལས་དོན་དང་རྩོམ་སྒྲིག་གི་ལས་དོན་གཉིས་ནི་གསར་ཁང་ཞིག་ལ་མཚོན་ན་ཡང་ལྗིད་ཚད་མཉམ་པ་མ་ཟད། ཕུགས་རྒྱང་རིང་པོའི་ཐོག་ལ་བསམ་བློ་བཏང་ན་འཛིན་སྐྱོང་གི་ལས་དོན་གལ་ཆེ་བ་ལྟ་བུའང་དངོས་ཡོད་གནས་ཚུལ་རེད། འདིའི་ཐོག་ནས་ག་རེ་བྱས་ཡོང་བསམ་པའི་སེམས་འཚབ་ཡོད་པ་རེད། རྩོམ་སྒྲིག་པའི་འགན་དོན་གྲུབ་བཀྲ་ཤིས་ཀྱིས་བླངས་ནས་ཉམས་གུད་དུ་བཏང་བ་ཞིག་གཏན་ནས་མཐོང་རྒྱུ་མི་འདུག འདི་བོན་རྒྱ་བས་ཅི་ཞིག་ལ་དམིགས་ནས་བཤད་པ་ཡིན་མི་ཤེས་མོད། འདི་ཁོ་རང་གི་ཚོར་སྣང་ཙམ་ཡིན་པ་ལས་དངོས་ཡོད་གནས་ཚུལ་གཏན་ནས་མ་རེད་ཅེས་ཞུ་རྒྱུ་ཡིན། དེར་བརྟེན་བོན་རྒྱའི་བསམ་ཚུལ་མ་མོས་མཐུན་རྩ་བ་ཉིད་ནས་མེད།།
དོན་གྲུབ་བཀྲ་ཤིས་ནི་དུས་བབ་ཙམ་དུ་མ་ཟད་ཁ་བརྡའི་རྩོམ་སྒྲིག་པ་ཡང་རེད་ཟེར། དུས་བབ་ཀྱི་ཡོན་ཏན་ནི་ཡུལ་སྐད་ཀྱི་སྤྱི་སྐད་ལ་ཤན་ཞུགས་ཐབས་མ་བྱས་པ།. ཆོལ་ཁའི་འཐེན་ཁྱེར་དབེན། གསར་འགྱུར་དྲང་པོར་བཀོད་པ་གསུམ་རེད། སྐྱོན་ཆ་ནི། གསར་འགྱུར་ཉུང་བ་དང་ཡིག་ནོར་མང་བ་འགྲེམས་སྤེལ་སྐྱོ་བ་གསུམ་རེད།. ཁྱེད་ཚོས་ཤེས་དགོས་པ་ལ་ད་ལྟ་ཡང་ལུང་རིག་རྒྱལ་དུས་བབ་དང་ཁ་བྲལ་མེད་པ་ཡིན།
བྱ་རྒོལ་རྒྱལ་བོ་ལགས་གསལ་བྱེད་ཞུ་ཡ་ཞིག་ལ་ཁ་བརྡ་རྩོམ་སྒྲིག་པ་དང་དུས་བབ་རྩོམ་སྒྲིག་གཉིས་མི་གཅིག་མ་རེད། གཅིག་ཨ་རིར་སློབ་གཉེར་བྱེད་མཁན་ཞིག་རེད། གཅིག་རྡ་སར་དུས་བབ་གསར་ཁང་དུ་ཡོད་པ་རེད། མི་ཤེས་ན་ཤེས་ཁུལ་མ་ཡེད།
དུས་བབ་གསར་ཤོག ཡིག་ནོར་ཇེ་མང་རེད། ཚིག་སྦྱོར་ཡང་ཇེ་སྡུག་ལ་དགའ་རབས་ཕྱིན་ཡོད། དེ་གསང་ས་འགེབས་ས་ཡོད་པ་མ་རེད། ཉིན་བཅུ་རེའི་མཚམས་ནས་ཁྲོམ་རེ་སྟོན་དགོས་པ་རེད། ཁྲོམ་དེས་ཁ གྲག་གི་རེད། ཁྱེད་རང་ཚོས་འགྲེལ་བཤད་བསྐྱོན་པ་ནང་བཞིན་དུས་བབ་ཀྱི་ད་ལྟའི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོ་མི་ནི་ཡག་པོ་ཡོད་འགྲོ། སེམས་ཤུགས་ཀྱང་ཆེན་པོ་ལྡན་མཁན་ཡིན་རྒྱུ་རེད།་དེའི་སྟེང་ལ་ཧུར་བརྩོན་ཡང་ཡོད་པ་དེ་ཡག་པོ་རེད། ཡིན་ནའང་།་དུས་བབ་ཚགས་པར་དང་དྲ་རྒྱའི་སྟེང་གི་ཡི་གེ་དེ་ཚོ་དག་མོ་ཞིག་དགོས་པ་དེ་ལ་མི་ཡག་པོ་ཡོད་མེད་དང་། སེམས་ཤུགས་ཡོད་མེད། ཧུར་བརྩོན་ལྡན་མི་ལྡན་གྱིས་ཀྱད་པར་འགྲོ་གི་ཡོད་པ་མ་རེད། དགོས་ངོ་མ་དེ་ཤེས་ཡོན་ཚད་ལྡན་ཞིག་དགོས་པ་རེད། དེའི་ནང་ནས་ཀྱང་འབྲི་རྩོམ་ལ་མཁས་ཤིང་། དག་སྡེབ་ལ་བྱང་བ་ཞིག་དགོས་ཀྱི་ཡོད་པ་རེད།
དུས་བབ་ཀྱི་གསར་འགོད་པ་ཞིག་གིས། ང་ཚོས་ཞུས་དག་བཏང་ནས་ཡར་རྩོམ་སྒྲིོག་པར་བཏང་བ་ཡིན་ན། ཞུས་དག་དེ་འགྲིག་པ་མ་འགྲིག་པ་བཟོས་ནས་མར་བཏང་ཡོང་བའི་སྐབས་ལ་རྩོད་པ་ཡང་ཤོར་གི་འདུག་ཟེར། དུས་བབ་ཀྱི་དཀའ་ངལ་གཅིག་ནི་དེ་རེད། དཀའ་ངལ་དེའི་འོག་ནས་ཡིག་ནོར་གྱི་ཆུ་སྒོ་རྒྱག་དཀའ་བ་ཆགས་ཡོད་པ་རེད་འདུག
པ་མགོ་ལགས། ངའི་མིང་ལ་བྱ་རྒོད་རྒྱལ་བོ་མ་རེད་རྒྱལ་པོ་རེད།
ཤར་ཕྱོགས་ཁུག་རྟས་བཤད་པ་ལ་མོས་མཐུན་མེད། ལུང་རིགས་ཀྱིས་བོད་ཀྱི་དུས་བབ་ལ་དཀའ་ལས་མང་པོ་བརྒྱབ་པ་རེད། ནོར་ཡོད་པའི་ལས་ཀ་ཆེན་པོ་བྱས་པ་གཏན་ནས་དྲན་གྱི་མི་འདུག ང་ཁོང་གིས་རྩོམ་ཡིག་དང་གསར་འགྱུར་ཀློག་རྒྱུར་ཤིན་ཏུ་དགའ།
ཤར་ཁུག་གིས་ཁ་རྒྱགས་པ་བཤད་པ་ལས་དོན་མི་མང་རིག་གཞུང་ལ་ཕན་པའི་བྱ་བ་སྣ་གཅིག་མེད་མཁན་ཞིག་གིས་སྤྱི་ཚོགས་ཀྱི་དོན་དུ་དཀའ་ལས་རྒྱག་མཁན་ཞིག་ཁ་རྡུང་གཏོང་བ་འདི་འོས་འཚམས་ཤིག་གཏན་ནས་མ་རེད། ལུང་རིགས་ལ་སྐྱོན་ཆུང་ཆུང་རེ་ཟུང་རེ་ཡོད་རྒྱུ་རེད་དེ། མི་སྐྱོན་མེད་འཇིག་རྟེན་འདི་ན་དཀོན། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་དཀོན་ཞེས་པ་ལྟར་རེད། གང་ལྟར་དུས་བབ་ཀྱི་སྔ་རྗེས་ཀྱི་རྩོམ་སྒྲིག་པ་ཚང་མ་གཞན་དང་མི་འདྲ་བར་ཤེས་ཡོན་དང་སློབ་སྦྱོང་ཡག་པོ་ཅན་རྐྱང་རྐྱང་རེད། མངོན་པར་བསྟོད་བཞིན་ཡོད།
བོད་ཀྱི་དུས་བབ་ལ་ཁྱོད་བོན་རྒྱ་ནས་ང་ཅུང་རྒྱུས་མངའ་ཆེ་ཚོད་ཡིན་ལ། ཕྱོགས་ལྷུང་བྲལ་བའི་ཀློག་པ་པོ་དྲང་སྙོམས་པ་ཞིག་ཡིན་ཟེར་ཆོག
བོད་ཀྱི་དུས་བབ་སྟེང་ཡིག་ནོར་རེ་ཟུང་ཡོད་པ་དེ་གནས་ཚུལ་གསར་པ་གང་ཡང་མ་རེད། སྔར་དགེ་འདུན་རབ་གསལ་གྱི་དུས་རིམ་ནས། ལྷག་བསམ་གྱི་སྐབས། ལུང་རིགས་རྒྱལ་གྱི་དུས་ནས་དོན་བཀྲའི་བར་རྒྱུན་ཆད་མ་མྱོང་བའི་གནས་ཚུལ་ཞིག་རེད། ཡང་གཅིག་བཤད་ན། འདི་བོད་ཀྱི་དུས་བབ་ཀྱི་ཞན་ཆ་གཅིག་པུ་མ་རེད། ཆེས་སྡུག་ཤོས་བོད་གཞུང་གི་གསར་འཕྲིན་དང་ཡིག་ཆ་ཁག་ནས། གཞུང་འབྲེལ་མ་ཡིན་པའི་གསལ་བསྒྲགས་ཁག བོད་ཀྱི་བང་ཆེན་ནས་སྒེར་གཉེར་ཚགས་པར་ཁག་ཐུན་མོང་གི་ཞན་ཆ་ཞིག་རེད། དེ་དག་ཁྲོད་ནས་བོད་ཀྱི་དུས་བབ་ནི་སྔར་ནས་དྲག་གྲས་ཡིན་ལ། ད་ལྟ་ཡང་ཚགས་དེབ་གཞན་ཁག་དང་བསྡུར་ན་ཅུང་དྲག་པའི་གྲས་རེད།
རྩོམ་སྒྲིག་པའི་གཏམ་ཟེར་བ་དེ་ནི་ཀློག་པ་པོ་བྱེ་བྲག་པ་རེ་རེ་ཡི་དགའ་ཁ་འཁྱེར་ཕྱོགས་ལྟར། བཟང་དང་ངན་ཡག་དང་གཙོག་ཐག་གིས་གཅོད་རྒྱུ་ཞིག་མིན་པར་སྐབས་བབ་བརྗོད་བྱའི་བསྟན་དོན་སྲོག་ཤིང་དུ་བྱས་ཏེ། རྩོམ་རིག་གི་ཁྱབ་ཁོངས་ནས་ཚད་འཇལ་བྱེད་དགོས་པ་ཞིག་ཡིན། ཁྱོད་བོན་རྒྱས་འདོད་པའི་བཟང་ཕྱོགས་དེར་རྩོམ་སྒྲིག་པར་མོས་མཐུན་མེད་སྲིད་ལ། རྩོམ་སྒྲིག་པའི་ཁྲ་ཞིབ་མིག་གི་ཟུར་འདེད་དེ་ཁྱོད་བོན་རྒྱ་དགའ་བའི་བཅུད་དེ་ཡིན་ཡང་སྲིད། སྤྱིར་ང་རང་ལ་མཚོན། བོད་ཀྱི་དུས་བབ་འབྱོར་ཐེངས་རེ་ལ་དམིགས་བསལ་རྩོམ་སྒྲིག་པའི་གཏམ་ལ་དོ་སྣང་བྱེད་མཁན་དེ་འདྲ་མིན་པར། བོད་གཞུང་གི་སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་རེ་ཨེ་རེག་ལ་མྱུལ་ཞིབ་བྱེད་མཁན་ཞིག་ཡིན། དེ་ཡང་གསར་འགྱུར་ཞིབ་ཚགས་ཀྱིས་བྲིས་ཡོད་རིགས་ལ་དགའ་མོས་ཆེན་པོ་ཡོད།
བོན་རྒྱ་ཟེར་བ་འདི་སྔོན་མ་ནས་བོད་ཀྱི་དུས་བབ་ཐོག་གཉིད་ཡོང་གི་མེད་མཁན་ཞིག་དང་། ལྷག་པར་དུ་དོན་གྲུབ་བཀྲ་ཤིས་ཐོག་ལྟ་སྟངས་ཡོད་མཁན་ཞིག་རེད། ང་ཅུང་ཧང་སང་སྟེ་བརྩད་གཅོད་བྱས་པ་ཡིན། ཕ་ཡུལ་མདོ་སྨད་མང་ར་ཕྱོགས་ཤིག་ནས་རེད། རིག་པ་འབྱུང་བའི་གྲོང་ཁྱེར་ནས་སློབ་སྦྱོང་བྱས་ཤིང་། རྗེས་སུ་རྒྱ་གར་ལྷོ་ཕྱོགས་སེ་རར་ཞུགས་ཀྱང་། གཞུང་ཆེན་ལ་ལྟ་ཀློག་ཡོད་མེད་མི་ཤེས་མོད་ཐུན་མོང་རིག་གནས་ལ་ཤི་འཐམ་བྱེད་མཁན་ཞིག་ཆགས་འདུག རྗེས་སུ་གྲྭ་ས་ནས་སྐྱ་སར་བབ་ཅིང་། སྐྱ་ས་ནས་ངྷ་སར་སོང་སྟེ། ད་ཆར་ནོར་གླིང་དུ་སོང་སྟེ་རྡོར་དབང་གི་འོག་ཏུ་ཉམས་ཞིབ་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་འདྲ། འདི་བོད་ཀྱི་དུས་བབ་དང་དོན་བཀྲར་ལྟ་སྟངས་སྐྱེས་བའི་རྒྱུ་ཐོག་མར་ངོས་འཛིན་ཞུ་རྒྱུ་ཡིན།
གལ་སྲིད་ང་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཡིན་ན། བོན་རྒྱ་ཟེར་བ་དེར་ལན་འདི་ལྟར་འདེབས་ངེས་ཡིན། “ སྐུ་ཞབས་བོན་རྒྱ་ལགས། གལ་སྲིད། ཁྱོད་ལ་དམིགས་ཡུལ་ཞིག་ཡོད་པའི་ཐོག་ནས་འདི་ལྟར་བཤད་ཀྱི་ཡོད་ན། ང་ལ་བཤད་རྒྱུ་གང་ཡང་མེད། མུ་མཐུད་དུ་གང་འདོད་ཤོད་དང་། བོད་ཀྱི་དུས་བབ་འདི་ཁྱེད་ཅག་གི་སྨྲ་བརྗོད་རང་དབང་ཆེད་བསྐྲུན་པ་ཡིན། འོན་ཀྱང་། ཁྱེད་ཀྱིས་བོད་ཀྱི་དུས་བབ་ལ་ཤ་ཚ་ཁུལ་བྱེད་ཀྱི་ཡོད་ན། ཤ་ཚ་སྟངས་ནོར་འདུག་ལ། ཁྱོད་ཀྱི་ཤ་ཚའི་སྐད་ཆ་དེས་ངེད་ཅག་ལས་བྱེད་ཡོངས་ལ་བློ་ཕམ་དང་། ནང་ཁུལ་དུ་འགལ་བ་སློང་གཞི་ཞིག་ཆགས་སོང་བས། ཟོལ་སྦྱོར་གྱི་ཤ་ཚ་དེ་ཕྱིར་འཐེན་གནང་རོགས” ང་ལ་འདི་ལས་བཤད་རྒྱུ་ཅིང་མེད།
གལ་སྲིད་ང་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཡིན་ན། བོན་རྒྱ་ཟེར་བ་དེར་ལན་འདི་ལྟར་འདེབས་ངེས་ཡིན། “ སྐུ་ཞབས་བོན་རྒྱ་ལགས། གལ་སྲིད། ཁྱོད་ལ་དམིགས་ཡུལ་ཞིག་ཡོད་པའི་ཐོག་ནས་འདི་ལྟར་བཤད་ཀྱི་ཡོད་ན། ང་ལ་བཤད་རྒྱུ་གང་ཡང་མེད། མུ་མཐུད་དུ་གང་འདོད་ཤོད་དང་། བོད་ཀྱི་དུས་བབ་འདི་ཁྱེད་ཅག་གི་སྨྲ་བརྗོད་རང་དབང་ཆེད་བསྐྲུན་པ་ཡིན། འོན་ཀྱང་། ཁྱེད་ཀྱིས་བོད་ཀྱི་དུས་བབ་ལ་ཤ་ཚ་ཁུལ་བྱེད་ཀྱི་ཡོད་ན། ཤ་ཚ་སྟངས་ནོར་འདུག་ལ། ཁྱོད་ཀྱི་ཤ་ཚའི་སྐད་ཆ་དེས་ངེད་ཅག་ལས་བྱེད་ཡོངས་ལ་བློ་ཕམ་དང་། ནང་ཁུལ་དུ་འགལ་བ་སློང་གཞི་ཞིག་ཆགས་སོང་བས། ཟོལ་སྦྱོར་གྱི་ཤ་ཚ་དེ་ཕྱིར་འཐེན་གནང་རོགས” ང་ལ་འདི་ལས་བཤད་རྒྱུ་ཅིང་མེད།
དྲ་གྲོགས་བོན་རྒྱས་དོན་གྲུབ་བཀྲ་ཤིས་ཀྱི་ཤེས་ཚད་ཀྱི་ཕྱོགས་ནས་བཤད་ཡོང་ན། ང་ཅུང་གད་མོ་འཆོར་གི ཁྱོན་ནས་འོས་འཚམས་ཤིག་ཏུ་མཐོང་མ་སོང་། རྒྱ་གར་ནང་དུ་ཕལ་ཆེར་དོན་གྲུབ་བཀྲ་ཤིས་ལ་རྒྱུས་མངའ་ཆེ་ཤོས་ང་ཡིན་རྒྱུ་རེད།
སྤྱི་ལོ་ ༡༩༩༥ ལོའི་དབྱར་ཁ་ཞིག་ལ་ངེད་གཉིས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱུལ་དུ་དགེ་བཤེས་འདུན་རྒྱ་མཚོའི་མདུན་ནས་གྲུབ་མཐའ་རིན་ཕྲེང་གི་དཔེ་ཁྲིད་ཐོག་ནས་ངས་ཐོག་མར་ཁོང་མཇལ་བ་ཡིན། ཕལ་ཆེར་སྐབས་དེར་ཁོས་ང་ངོ་ཤེས་ཡོད་རྒྱུ་མ་རེད། ཁོ་དང་མཉམ་དུ་སློབ་འབྲིང་གི་དགེ་རྒན་སོགས་མི་སྐྱ་འགའ་ཡང་དཔེ་ཁྲིད་དུ་ཡོང་གི་འདུག སྤྱི་ལོ་ ༡༩༩༧ ལོའི་ལོ་མཇུག་ཏུ་བླ་བྲང་བོད་སྨན་ཁང་གི་སྨན་རམས་པ་སངས་ཁོའི་མདུན་དུ་བོད་སྨན་བརྒྱུད་བཞིར་སློབ་གཉེར་སྐབས་ཐོག་མར་ངེད་གཉིས་ཕན་ཚུན་འདྲིས་པོ་བྱུང་སོང་། སྐབས་དེར་ཁོང་ཨ་ཁུ་བསམ་འགྲུབ་རྒྱ་མཚོའི་མདུན་དུ་དཀར་རྩིས་ཀུན་བཏུས་ནོར་བུའི་དཔེ་འཁྲིད་དུ་ཡང་འགྲོ་བཞིན་འདུག་ལ། ཁོས་སྐུལ་འདེད་འོག་ང་ཡང་དགེ་བཤེས་བསམ་འགྲུབ་རྒྱ་མཚོ་མཆོག་ལ་རྩིས་འབྲེལ་ཞིག་ཀྱང་འཇོག་ཐུབ་པ་བྱུང་། འོན་ཀྱང་ཟླ་དྲུག་ཙམ་གྱི་རྗེས་ནས་ངེད་ཅག་ཁ་གྱེས་དགོས་བྱུང་སོང་། སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༧ ནང་ངའི་གྲོགས་པོ་ཞིག་གི་ངག་ནས་ཐོས་པ་ལྟར་ན། སྐབས་དེར་དོན་བཀྲ་ཀན་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་ཆེད་སྦྱོང་བྱེད་ཀྱི་ཡོད་རབས་ཐོས་སོང་། སྐབས་དེ་དག་ཏུ <> དང་<> <> <> <> <> བཅས་ནས་ངས་ཁོང་གི་རྩོམ་ཡིག་མང་པོ་མཐོང་མྱོང་ལ། གུར་གུམ་ཆུན་པོ་སོགས་དུས་དེབ་ཁག་ཅིག་གི་རྩོམ་སྒྲིག་པ་ཡང་ཡིན་བསམ་སོང་།
སྤྱི་ལོ་ ༢༠༠༠ ལོར་ཟི་ལིང་ནས་འཁྱུག་ཙམ་ཐུག་སོང་། སྐབས་དེར་ཁོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་སྡེ་ཁག་ཏུ་བོད་ཡིག་ཆེད་སྦྱོང་ཞིབ་འཇུག་སློབ་མའི་ལོ་རིམ་དང་པོ་འདོན་བཞིན་འདུག དུས་དེ་ནས་བཟུང་ངེད་གཉིས་རྒྱུན་རིང་ཞིག་ལ་ཐུག་མ་ཐུབ་མོད། སྤྱི་ལོ་ ༢༠༠༥ ལོར་ཨཱ་མར་ཝ་ཏཱི་རུ་དུས་འཁོར་དབང་ཆེན་སྟེང་ནས་ཐུག་སོང་། སྐབས་དེར་ཁོང་གསོག་སྒར་སློབ་གྲྭར་ཡོད་ཟེར། དུས་ཚོད་གང་འཚམ་ལ་ཁ་བརྡ་བྱེད་རྒྱུ་བྱུང་སོང་།
དུས་རྗེས་ནས་དངོས་སུ་ཐུག་རྒྱུ་མ་བྱུང་མོད། དུས་ནས་དུས་སུ་མིའི་ཁ་ནས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་གསལ་ཆ་ཡོད། བཙན་བྱོལ་ནང་ནས་ཀྱང་ཁོའི་སྨྱུག་མིང་འོག་གི་རྩོམ་ཡིག་འགའ་རེ་བཀླགས་མྱོང་ཡོད། མཐའ་དོན་བོན་རྒྱར་བཤད་རྒྱུ་ཞིག་ལ། སེམས་འཁྲུལ་མ་བྱེད་དང་། བོད་ཀྱི་དུས་བབ་དོན་འགྲུབ་བཀྲ་ཤིས་ལ་འོས་ཤོང་། དོན་གྲུབ་བཀྲ་ཤིས་ལ་བོད་ཀྱི་དུས་བབ་འཚམ་པའི་ཡིད་ཆེས་ཡོད།
གནའ་མི་རྒད་པོའི་གཏམ་ལ།༼ སྟག་རི་མོ་ཕྱི་ན་ཡོད། མིའི་རི་མོ་ནང་ན་ཡོད།༽ ཟེར་བ་ལྟར། ཁྱེད་ཅག་གི་ཅི་བཤད་མཐའ་དག་དུས་བབ་ལ་ཤ་ཚ་སྙིང་ཉེ་ཡི་གཏམ་དུ་ངོས་ལེན་མི་ཐུབ་མོད། ཡིན་ནའང་། དུས་བབ་ནི་ནམ་ཡང་བོད་ཀྱི་དུས་བབ་ཡིན་པས་ན། ཀ་ངོ་ཡིག་ངོ་ཆོད་ཙམ་ཚུན་གྱི་ཀློག་པ་པོ་ཚང་མས་དུས་བབ་ལ་རྒྱུན་དུ་དོ་སྣང་དང་སྐྱོན་འདོན་གནང་བར་རང་ངོས་རྗེས་སུ་ཡི་རངས་ཡོད། ཡིན་ནའང་། ངས་འདིར་ཞུ་འདོད་པ་ནི། མི་སྒེར་དམིགས་སུ་བགར་ཏེ་སྐྱོན་བརྗོད་དང་། ཕན་ཚུན་བསྡུར་གཤིབ་ཀྱིས་འུད་སྒྲོག་པ་དག་ནི། བསམ་བཞིན་དུ་དུས་བབ་ལ་དམིགས་བཙུགས་ཏེ་གནོད་བྱེད་བགེགས་རྐྱེན་སློང་བ་ཡིན་པས། སླད་མར་དེ་དོན་མི་གནང་བའི་རེ་སྐུལ་ཞུ་རྒྱུ་དང་། དེ་བཞིན་དུ། བཀུར་འོས་ཁ་བརྡ་དྲ་ཚིགས་ཀྱིས་ཀྱང་། རང་གི་དྲ་ངོས་མཆན་འགོད་གསལ་བཤད་དུ་༼སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།༽ཅེས་ཀློག་མཁན་ཡོངས་ལ་དམ་བཅས་པའི་ཚིག་དག རྒྱ་གཞུང་གི་ཁྲིམས་ཀྱི་རྗེས་སུ་མི་འགྲོ་བར་ཁ་དོན་ལག་ལེན་གྱིས་དོན་མེད་ཉོག་གཏམ་གྱི་སྐྱག་དྲི་གང་སར་མི་ཐུལ་བ་གནང་རོགས་ཞུ།
དྲ་གྲོགས་རྣམ་པ་ལགས། བོན་རྒྱ་བའི་དམིགས་ཡུལ་ཅི་ཡིན་ལ་མ་ལྟ། ཁ་ནས་ཅི་བཤད་དང་ལག་ནས་ཅི་བྲིས་ལ་ལྟོས་དང་། དེ་དག་ནི་མངོན་གྱུར་མངོན་གྱུར་རེད། དམིགས་ཡུལ་ནི་ཁྱོད་ཚོ་ལ་མཚོན་ལྐོག་གྱུར་ཡིན་པས། མངོན་གྱུར་ངོ་མ་ཟིན་བར་དུ་ལྐོག་གྱུར་ལ་ཕུ་ཐག་ཆོད་མི་ནུས་པས། ་དང་པོ་མངོན་གྱུར་ལ་ལྟོས། དེ་ནས་ལྐོག་གྱུར་ལ་དཔྱད་པ་ཐོངས་དང་གོ་རིམ་རེད། དེ་མ་གཏོགས་གནའ་ཞིག་ལ་དགེ་བཤེས་མཁའ་མོ་རྒྱལ་ཟེར་བ་ཞིག་གིས། མཐོང་བ་མངོན་གྱུར་བསྟན་ན་མི་ཤེས། ཅུང་ཟད་ལྐོག་གྱུར་ཁྲིད་ན་མི་ཤེས། ཤིན་ཏུ་ལྐོག་གྱུར་ལ་ཐོགས་པ་མེད་པ་འདི་དག་ཞེས་བོད་ཀྱི་བླ་མ་ཚོར་སྡིགས་པ་དང་གཉིས་སུ་མེད་ཅིང་། གཉིས་སུ་བྱར་མེད། སོ་སོ་མ་ཡིན། ཐ་མི་དད་དོ།
དུས་བབ་རྩོམ་སྒྲིག་པས་ལོ་མང་པོར་སློབ་སྦྱོང་བྱས་མྱོང་བ་བདེན་པ་ཡིན་རྒྱུ་རེད། སློབ་སྦྱོང་བྱས་མྱོང་བ་དང་ཤེས་ཚད་གཉིས་ལས། ཤེས་ཚད་གལ་ཆེ་བ་རེད། མཁས་པ་ཡིན་མིན་དང་། ཤེས་ཡོན་ཡོད་མེད་དེ། སློབ་སྦྱོང་གི་བརྒྱུད་རིམ་ལ་བལྟས་ནས་ཐག་གཅོད་ཐུབ་ཀྱི་མ་རེད། ཁ་ཡོད་ལག་ཡོད་ཀྱི་ཡོན་ཏན་ལ་བལྟས་ནས་ཐག་གཅོད་དགོས་པ་ཡིན་པ་འཇིག་རྟེན་སྤྱི་འགྲོས་ཆགས་ཡོད། དག་འབུད་བྱེད་སྟངས་འདི་ཐབས་ཤེས་ཡག་པོ་མ་རེད། ད་ལྟའི་དུས་བབ་གསར་ཤོག་དང་དྲ་ཚིགས་ཀྱི་ཉམས་རྒུད་ལ་བལྟས་ན། ཤེས་ཡོན་པ་ཞིག་གི་རྣམ་འགྱུར་མཐོང་ཡག་མི་འདུག ཡིན་ནའང་། མཁས་པ་ཡིན་པ་དང་ཤེས་ཡོན་པ་ཡིན་པའི་སྒྲུབ་བྱེད་འདི་འདྲ་མ་ཡིན་པ་གཞན་ཡང་ཡོད་སྲིད་ཀྱི་རེད།
སྔོན་ཆད་བླ་མ་ཞིག་གིས་རང་གི་ལྷ་སྡེ་འཛོམས་པའི་དབུས་སུ། ཁྱོད་ཚོས་ང་ལ་ཡོན་ཏན་མེད་ཀི་བསམས་ན་ནོར་བ་རེད། ང་ལའང་ཡོན་ཏན་ཡོད་ནི་རེད།” སྙན་ངག་མེ་ལོང་མའང་ཁྲིད་ཟིག དཔེར་བརྗོད་ཀྱང་བཞག་ཟིག་”ཅེས་བཤད་པ་བཞིན་གྲུབ་མཐའ་རིན་ཕྲེང་ཁྲིད་པ་དེ་དོན་བཀྲ་མཁས་པ་ཡིན་པའི་སྒྲུབ་བྱེད་ལ་དྲངས་པ་ནི།ནོར་བ་རེད། རིན་ཕྲེང་ཞེས་པ་དེ་ཁྲིད་དགོས་པའི་གཞུང་ཞིག་མ་རེད། བསྡུས་གྲྭ་བ་ཚོས་ཀྱང་བལྟས་ན་ཤེས་ནིའི་གཞུང་ཞིག་རེད།
སྤྱིར་བཏང་མི་སྒེར་དངོས་སུ་མཚན་གཞིར་བཞག་ནས་བཤད་ན་བདེ་མོ་མིན་པ་དང་ཀུན་སྤྱོད་ལ་རན་པོ་མིན་པ་དེ་བདེན་ཚོད་རེད། ཡིན་ནའང་། དུས་བབ་རྩོམ་སྒྲིག་པས་མི་འཇོན་གི་ཞེས་བཤད་པ་དང་དོན་བཀྲས་མི་འཇོན་གི་ཞེས་བཤད་པ་གཉིས་སྐབས་འདིར་འབབ་ས་གཅིག་རེད། དེའི་ཕྱིར། སྐོར་བ་འདྲ་མིན་བྱེད་མི་དགོས་པའི་སྟེང་ནས་ཐད་ཀར་བཤད་པ་ཡིན། དེ་ཀུན་སྤྱོད་ལ་འགལ་ཡོད་ན་དགོངས་དག་ཞུ།
ང་དོན་དོམ་གྲུབ་བཀྲ་ཤིས་ཡིན་ན། མི་ངན་གྱིས་གར་བཤད་ལ་ལན་འདེབས་མི་བྱེད་པ་དང་། ཁྱི་ངན་གར་ཟུག་ལ་འུར་རྡོ་མི་འཕེན་ངེས་ཅན་ཡིན། དོན་བཀྲས་ཀྱང་ད་བར་ལན་འདེབས་མ་བྱས་པ་དེ་ཡག་པོ་རེད། གནད་དོན་འདི་ཚོའི་ནང་ན་ལེན་དགོས་པ་རེ་ཡོད་ན་ལེན་དགོས་པ་རེད། སྤྱིར་ཁ་བརྡ་དྲ་ཚིགས་འདིར་ལེན་དགོས་པ་ཞིག་ཡོད་མེད་མི་ཤེས། ཕལ་ཆེར་ཁག་པོ་རེད། ང་དང་ང་ལྟ་བུའི་ལས་མེད་ཚོས་དུས་ཚོད་སྐྱེལ་ས་ཙམ་རེད།
ང་དོན་འགྲུབ་བཀྲ་ཤིས་ཡིན་ན། སོ་སོའི་ཤེས་ཚད་ཀྱིས་འདང་གི་མེད་པ་འདི་ཁ་རོག་གེར་ངོས་ལེན་བྱས་ནས་ད་ལྟ་བར་ དུ་ཁུ་སིམ་མེར་བསྡད་པ་འདི་ལྟར་མགོ་སྒུར་ནས་འདུག་ས་རེད། གལ་སྲིད་ལན་འདེབས་དང་གསལ་བཤད་འདྲ་ཞིག་བྱེད་ཁུལ་བྱས་ན། དེ་ནས་ལབ་རྒྱུ་གླེང་རྒྱུ་ལུང་པ་གང་གི་ཁ་འབྱེད་ཀྱི་རེད། སོ་སོར་ཡིག་ནོར་མང་བའི་སྒང་ལ། བཤད་ཉེས་གཏམ་ཉེས་བྱས་དུས་དཔེ་བསག་གི་རེད། དེ་ལས་མགོ་སྒུར་ནས་བསྡད་ན་དེ་དགའ་ལེ་རེད།
༼ ཁ་བརྡའི་རྩོམ་སྒྲིག་པ་ལགས། མཆན་འདི་ཡང་བསྐྱར་བཏང་ཆོག་པ་བྱོས། གོང་གི་དེའི་ནང་དུ་ཚབ་རྟགས་འགའི་ནང་གི་ཡི་གེ་མེད་པ་ཆགས་འདུག ༽
དྲ་གྲོགས་བོན་རྒྱས་དོན་གྲུབ་བཀྲ་ཤིས་ཀྱི་ཤེས་ཚད་ཀྱི་ཕྱོགས་ནས་བཤད་ཡོང་ན། ང་ཅུང་གད་མོ་འཆོར་གི ཁྱོན་ནས་འོས་འཚམས་ཤིག་ཏུ་མཐོང་མ་སོང་། རྒྱ་གར་ནང་དུ་ཕལ་ཆེར་དོན་གྲུབ་བཀྲ་ཤིས་ལ་རྒྱུས་མངའ་ཆེ་ཤོས་ང་ཡིན་རྒྱུ་རེད།
སྤྱི་ལོ་ ༡༩༩༥ ལོའི་དབྱར་ཁ་ཞིག་ལ་ངེད་གཉིས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱུལ་དུ་དགེ་བཤེས་འདུན་རྒྱ་མཚོའི་མདུན་ནས་གྲུབ་མཐའ་རིན་ཕྲེང་གི་དཔེ་ཁྲིད་ཐོག་ནས་ངས་ཐོག་མར་ཁོང་མཇལ་བ་ཡིན། ཕལ་ཆེར་སྐབས་དེར་ཁོས་ང་ངོ་ཤེས་ཡོད་རྒྱུ་མ་རེད། ཁོ་དང་མཉམ་དུ་སློབ་འབྲིང་གི་དགེ་རྒན་སོགས་མི་སྐྱ་འགའ་ཡང་དཔེ་ཁྲིད་དུ་ཡོང་གི་འདུག སྤྱི་ལོ་ ༡༩༩༧ ལོའི་ལོ་མཇུག་ཏུ་བླ་བྲང་བོད་སྨན་ཁང་གི་སྨན་རམས་པ་སངས་ཁོའི་མདུན་དུ་བོད་སྨན་བརྒྱུད་བཞིར་སློབ་གཉེར་སྐབས་ཐོག་མར་ངེད་གཉིས་ཕན་ཚུན་འདྲིས་པོ་བྱུང་སོང་། སྐབས་དེར་ཁོང་ཨ་ཁུ་བསམ་འགྲུབ་རྒྱ་མཚོའི་མདུན་དུ་དཀར་རྩིས་ཀུན་བཏུས་ནོར་བུའི་དཔེ་འཁྲིད་དུ་ཡང་འགྲོ་བཞིན་འདུག་ལ། ཁོས་སྐུལ་འདེད་འོག་ང་ཡང་དགེ་བཤེས་བསམ་འགྲུབ་རྒྱ་མཚོ་མཆོག་ལ་རྩིས་འབྲེལ་ཞིག་ཀྱང་འཇོག་ཐུབ་པ་བྱུང་། འོན་ཀྱང་ཟླ་དྲུག་ཙམ་གྱི་རྗེས་ནས་ངེད་ཅག་ཁ་གྱེས་དགོས་བྱུང་སོང་། སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༧ ནང་ངའི་གྲོགས་པོ་ཞིག་གི་ངག་ནས་ཐོས་པ་ལྟར་ན། སྐབས་དེར་དོན་བཀྲ་ཀན་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་ཆེད་སྦྱོང་བྱེད་ཀྱི་ཡོད་རབས་ཐོས་སོང་། སྐབས་དེ་དག་ཏུ ༼ སྦྲང་ཆར་ ༽ དང་༼ གངས་རྒྱན་མེ་ཏོག ༽ ༼ གུར་ཀུམ་ཆུན་པོ ༽ ༼ གསེར་ཟམ ༽ ༼ ཕུག་རོན་དཀར་པོ། ༽ ༼ སྐར་ཕྲེང་ ༽ བཅས་ནས་ངས་ཁོང་གི་རྩོམ་ཡིག་མང་པོ་མཐོང་མྱོང་ལ། གུར་གུམ་ཆུན་པོ་སོགས་དུས་དེབ་ཁག་ཅིག་གི་རྩོམ་སྒྲིག་པ་ཡང་ཡིན་བསམ་སོང་།
སྤྱི་ལོ་ ༢༠༠༠ ལོར་ཟི་ལིང་ནས་འཁྱུག་ཙམ་ཐུག་སོང་། སྐབས་དེར་ཁོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་སྡེ་ཁག་ཏུ་བོད་ཡིག་ཆེད་སྦྱོང་ཞིབ་འཇུག་སློབ་མའི་ལོ་རིམ་དང་པོ་འདོན་བཞིན་འདུག དུས་དེ་ནས་བཟུང་ངེད་གཉིས་རྒྱུན་རིང་ཞིག་ལ་ཐུག་མ་ཐུབ་མོད། སྤྱི་ལོ་ ༢༠༠༥ ལོར་ཨཱ་མར་ཝ་ཏཱི་རུ་དུས་འཁོར་དབང་ཆེན་སྟེང་ནས་ཐུག་སོང་། སྐབས་དེར་ཁོང་གསོག་སྒར་སློབ་གྲྭར་ཡོད་ཟེར། དུས་ཚོད་གང་འཚམ་ལ་ཁ་བརྡ་བྱེད་རྒྱུ་བྱུང་སོང་།
དུས་རྗེས་ནས་དངོས་སུ་ཐུག་རྒྱུ་མ་བྱུང་མོད། དུས་ནས་དུས་སུ་མིའི་ཁ་ནས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་གསལ་ཆ་ཡོད། བཙན་བྱོལ་ནང་ནས་ཀྱང་ཁོའི་སྨྱུག་མིང་འོག་གི་རྩོམ་ཡིག་འགའ་རེ་བཀླགས་མྱོང་ཡོད། མཐའ་དོན་བོན་རྒྱར་བཤད་རྒྱུ་ཞིག་ལ། སེམས་འཁྲུལ་མ་བྱེད་དང་། བོད་ཀྱི་དུས་བབ་དོན་འགྲུབ་བཀྲ་ཤིས་ལ་འོས་ཤོང་། དོན་གྲུབ་བཀྲ་ཤིས་ལ་བོད་ཀྱི་དུས་བབ་འཚམ་པའི་ཡིད་ཆེས་ཡོད།
དྲང་མོ་བཤད་ན་མི་དགའ་ནའང་ཐང་། ཨ་ཁུ་བོན་རྒྱ་བའི་ཁ་ལབ་ཅུང་ཐལ་དྲག་འདུག་བསམ་སོང་། རིན་ཕྲེང་ཁྲིད་མི་དགོས་པའི་གཞུང་ཞིག་རེད་ཟེར། རིན་ཕྲེང་གི་བསྟན་དོན་གྲུབ་མཐའ་རྣམ་བཞིའི་ལུགས་རེ་རེ་བཞིན་འགྲེལ་རྒྱག་རྒྱུ་ལས་སླ་མོ་ཞིག་ཡིན་རྒྱུ་མ་རེད། ཆུང་ས་ནས་བཤད་ན་འདི་འདྲ་རེད་་་་་་བསྡུས་གྲྭ་བའི་ནང་ནས་ཀྱང་སུམ་རྟགས་སྙན་གསུམ་སྦྱངས་མ་མྱོང་མཁན་ལོས་ཡོད། དེ་ཚོས་མགོའི་མཆོད་བརྗོད་ཙམ་གོ་བ་ཇི་བཞིན་ལོན་ཁག་པོ་ཡིན་རྒྱུ་རེད་འདོད། ཤེས་དགོས་པ་ཞིག་ལ་་་་ད་རེས་ཁྱེད་ཚོས་གནད་དོན་ཅན་ཞིག་བཤད་ཀྱིན་ཡོད་དུས་ཟིན་བྲིས་ནང་ལབ་རྒྱག་རེས་བྱས་པར་འདྲ་བའི་འདུན་ཤེས་བཟུང་ན་ནོར་བ་རེད། དྲང་མོ་དང་གནས་ལུགས་ཡོད་པའི་ཐོག་ནས་དུས་བབ་ཚང་ལ་ཞབས་འདེགས་རེ་གནང་ཐུབ་ན་ཨ་མའི་བུ་རེད་ལགས།
གོང་གི་རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡས་རྩོམ་གང་རུང་ལ་མཆན་སྒོ་རྒྱག་དུས། གཙོ་བོ་གནད་དོན་གསུམ་ལ་བལྟ་གི་ཡོད་།
དང་པོ།
ཀློག་མཁན་ཚོས་དོ་བདག་རྩོམ་པ་པོ་དང་ཡང་ན་མི་སྒེར་བའི་སྒང་ལ་ཀླན་ཀ་འཚོལ་བའི་མཆན་བུ་སྤེལ་ན་།
རྩོམ་དེར་མཆན་སྒོ་རྒྱག་གི་ཡོད་།
གཉིས་པ།
ཀློག་མཁན་ཚོས་རྩོམ་གྱི་སྒང་ལ་བགྲོ་གླེང་མ་གནང་བར། ཀློག་མཁན་ནང་ཁུལ་དུ་འཐབ་འཛིང་བྱས་ན། རྩོམ་དེར་མཆན་སྒོ་རྒྱག་གི་ཡོད་།
གསུམ་པ།
ཀློག་མཁན་ཚོས་མ་རྩོམ་དང་འབྲེལ་མེད་ཀྱི་བརྗོད་བྱ་གཞན་པའི་སྐོར་གླེང་ཐལ་ཆེ་ན། རྩོམ་དེར་མཆན་སྒོ་རྒྱག་གི་ཡོད་།
དེ་དོན་ཐུགས་ལ་ངེས་རོགས།
ཁ་བརྡའི་རྩོམ་སྒྲིག་པ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།