ཨ་རིག་དགེ་མཐོང་།
བདག་ནི་མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་རྩྭ་ཐང་ནས་མཚར་ལོངས་བྱུང་ཞིང་། བྱ་ཁུ་ལོའི་གསུང་སྙན་གྱི་གྲེ་འགྱུར་སྒྲོག་ས་ནས་གཡང་དཀར་ལུག་ཆུང་གི་འབའ་སྒྲ་དང་། དགོ་དགོ་འབྲི་མོའི་ངུར་སྒྲ།ཅང་ཤེས་རྟ་ཕོའི་འཚེར་སྒྲ་དང་རྨིག་སྒྲའི་ཁྲོད་ནས་གཉོམ་ལག་རྒྱས་པས་བདག་རྩྭ་ཐང་ལ་ཤིན་ཏུ་ནས་རབ་ཏུ་དུངས་པ་ཟབ། འོན་ཀྱང་ལས་དབང་གི་རླུང་བུ་གཡུགས་སྟངས་ཤིག་གིས་བདག་རྩྭ་ཐང་དང་ཁ་གྱེས་ཏེ་མི་ཡུལ་ས་མཐར་ལྷུང་། ས་མཐའི་འཚོ་བ་རྩུབ་མོ་དང་ས་མཐའི་མི་ཡིས་བརྙས་བཅོས་འོག་ནས་བགྲང་བྱ་བཅུ་བཞིའི་ལོ་ཟླ་སུན་སྣང་དང་བཅས་ལྟག་རྒྱབ་ཏུ་གཡུགས་ཏེ། ད་ལོའི་དབྱར་ཟླའི་སྤང་ལྗོངས་ཀྱི་ལང་ཚོ་མངོན་པས་སྐབས་སུ་གྱེས་ཟིན་པའི་ཕ་ཡུལ་དུ་དུས་ཀྱི་འཁོར་ཕྱོགས་ཤིག་གིས་བདེ་བླག་ངང་འབྱོར། བདག་གི་སེམས་ནང་གི་རྩྭ་ཐང་ནི་རི་སྒང་གི་དར་ལྕོག་བཞིན་རླུང་བུས་བསེད་པ་དང་ ཆར་ཆུའི་ཁྲོད་ནས་ལྷག་པའི་ཤོག་བུ་བཞིན་སྐྱ་ཐིང་ཐིང་ཞིག་ཏུ་གྱུར། འོན་ཀྱང་ད་དུང་མཛེས་སྡུག་གི་ལང་ཚོ་མ་ཤོར་བའི་སྤང་ཐང་རེ་ཟུང་ནི་རྫ་གསེང་གི་ཤྭ་བ་ལྟར་རྔོན་པའི་མིག་ཟུང་འཚོལ་བཞིན་ལྷག དེང་རབས་ཀྱི་རླངས་འཁོར་ཆེ་ཆུང་མང་བོའི་འཚང་ཁ་རྒོད་པ་དང་དུས་རབས་ཀྱི་མི་ཡི་སེམས་ཁམས་དང་མཐུན་པའི་གྱོན་ཆས་གསར་བ་བསྣམས་ཤིང་སྐད་རིགས་འདྲ་མིན་སྨྲ་བའི་ལུང་དྲུག་གྲོང་ཁྱེར་གྱི་གནམ་ཐང་དུ་། མི་ལ་ལས་གྱེས་པ་ལྷན་འཛོམས་ཀྱིས་དགའ་བའི་མིག་ཆུ་དང་ཁག་ཅིག་འཛོམས་པ་ཁ་ཁར་གྱེས་པས་སྡུག་གི་མཆི་མ་གདོང་གི་སྣ་བར་དུ་ལྷུང་བཞིན་འདང་རྒྱག་གི་ཁྲོད་དུ་གནས། བདག་ནི་གྱེས་ཟིན་པའི་ནང་མི་དང་ལྷན་འཛོམས་བྱུང་སྟེ་དགའ་བའི་དགོད་སྒྲ་བར་མེད་དུ་སྒྲོག་པ་དང་། སྐྱིད་པའི་ཉི་འོད་ཕྱོགས་བཞིར་འཕྲོས་ཏེ་སྟབས་བདེ་བའི་རླུང་འཁོར་ཆུང་ཆུང་ནས་ཕ་ཡུལ་འབྲོག་པའི་རྩྭ་ཐང་དུ་གོམ་ཁ་བསྒྱུར། ལམ་བར་གྱི་གྲོང་དང་ཁྱེར་དག་ནི་སྐར་ཚོགས་ས་ལ་ལྷུང་བ་ལྟར་གློག་སྒྲོན་དང་དེང་རབས་ཀྱི་ཁང་བརྩེགས་བརྗིད་པོའི་གསེང་ན་ཁྲ་ལམ་ལམ་དུ་མཆིས། དེང་རབས་ཀྱི་ཚན་རྩལ་སྤྱད་དེ་རི་བོ་ཆེན་པོ་དག་གི་ཁོག་ལ་བུ་ག་བརྟོལ་ཏེ་རླངས་འཁོར་འགྲོ་སའི་ལམ་བུ་དག་ནི་ལྷ་ཡི་རྫུ་འཕྲུལ་ཅིག་རེད་བསམ་པ་ལས་འགྲོ་བ་མི་ཡིས་བཟོ་བསྐྲུན་ཇི་ལྟར་བྱས་བསམ་པའི་ཐེ་ཚོམ་ཞིག་ཀྱང་རང་དབང་མེད་པར་སྐྱེས།
རྒྱ་ ཁ་ཆེ་ཁ་བཙན་ཆེ་ས་དང་བོད་འབྲོག་པའི་སྒོ་ཟོག་བཙོང་སའི་ཀ་ཆུའི་གྲོང་ཁྱེར་ནས་ བགྲང་བྱ་བཅུ་བཞིའི་རིང་ཁ་ནང་མ་དགོས་མིག་ལམ་དུ་ཡང་མཐོང་མ་མྱོང་བའི་ལུག་ཤ་ཚོན་པོ་ཞིག་ཁ་ཆེའི་ཟ་ཁང་ཞིག་ནས་ཁྱི་ལྟོག་ཤ་ལ་འཕྲད་པ་ལྟར་ཟོས་པ་ནི་ཚེ་འདི་ལ་གསང་ཐུབ་ཀྱང་ཕྱི་མ་ཇི་ལྟར་གསང་སྙམ་ཏེ་དེ་རིང་ཚོར་སྣང་གི་སྒོ་ནས་འདིར་ཡི་གེར་བཀོད། དེ་ནས་མིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར་སྐབས་བདག་ནི་བཙན་གྱིས་གནས་ཡུལ་དུ་བརྫངས་པའི་བུ་མོ་ཞིག་ཕྱིར་རང་ཁྱིམ་དུ་འབྱོར་བ་ལྟར་སེམས་ཁམས་སུ་བཤད་མི་ཤེས་པའི་ཚོར་བ་མང་བོ་ཞིག་ཐོལ་གྱིས་སྡང་།
བདག་ཀླུ་ཆུ་ནས་རྨ་ལྷོའི་ས་ཁུལ་དུ་འགྲོ་སའི་ལམ་ཁར་བསླེབས་དུས་ས་སྲོད་ཀྱི་དུས་ཚིགས་ཤིག་ཏུ་འཁེལ། ཕར་ཕྱོགས་ཀྱི་རྩྭ་ཐང་ཞིག་ན་སྦྲ་ནག་ཅིག་གི་སྒོ་འགྲམ་ན་མེ་སྟག་དམར་པོ་ཞིག་གསལ་ལ་མི་གསལ་བའི་ངང་འཕྲོ་བ་དང་། སྒོ་ཁྱི་ཞིག་གིས་ཟུག་སྐད་འབྱིན་བཞིན་ལྕགས་ཐག་སྣེ་ན་བསྐོར་འཐེན་བྱེད་ཀྱིན་པའི་སྐབས་སུ་ཁྱིམ་བདག་རྒད་པོ་སྒོ་བུད་དེ་ཀིའི་ཧ་ཧ། སོ་ཨ་རོ་ཟེར་བཞིན་ཕྱིར་ཁྱིམ་དུ་བུད་སོང་། དུས་དེར་བདག་གི་ནུ་བོ་ལ་རླངས་འཁོར་གཏོང་མཚམས་ཞོགས་དང་འདི་ནས་ངལ་ཏོག་གསོ་ལབ་ཡིན། གོང་གི་མཐོང་སྣང་དེ་ནི་བདག་ལ་མཚོན་ན་འཇིག་རྟེན་འདིའི་སྟེང་དུ་སེམས་ཀྱི་བདེ་བ་ཟེར་བ་ཞིག་མཆིས་ཚེ་འདི་ལས་ལྷག་ཅིག་མི་འདུག་སྙམ་པའི་ཚོར་སྣང་འགོག་མེད་ཅིག་སྐྱེས། དེ་ནས་བདག་གིས་ཆུང་དུས་ཀྱི་བྱ་སྤྱོད་དང་སྔོན་མའི་ཕ་ཡུལ་གྱི་རྣམ་པ་སོགས་ལ་ཕྱིར་དྲན་ཐེངས་ཤིག་བྱས། བདག་ནི་མེ་ཏོག་གི་འདབ་ལོ་སྟེང་ན་གཤོག་རྩལ་མངོན་པའི་སྦྲང་ཆུང་བཞིན་དགའ་སྤྲོའི་བཟི་སྟེ་དུས་ཚོད་ནི་ཇི་ལྟར་སོང་ཡང་མ་ཤེས། ནུ་བོས་འགྲོ་དགོས་པའི་བརྡ་ཙམ་དུ་རླངས་འཁོར་ནང་དུ་སོང་སྟེ་རླངས་འཁོར་གཏོང་མགོ་བརྩམས། འོན་ཀྱང་ངའི་སེམས་སུ་ད་དུང་ཅིག་ལྷག་སོང་བའི་ཚར་སྣང་ཞིག་གིས་ཕར་ཕྱོགས་ཀྱི་རྩིབ་ནས་འདང་རྒྱག་བཞིན་པའི་སྐབས་སུ་གློ་བུར་དུ་ངའི་སེམས་ལ་འདི་ལྟར་དྲན་སོང་། རྩྭ་ཐང་དང་ཁུ་སིམ་པ། འབྲོག་ཁྱིའི་ཟུག་སྐད་དང་རྒད་པོའི་ཀི་སྒྲ། སྦྲ་ནག་གི་སྒོ་འགྲམ་གྱི་མེ་སྟག་སོགས་ཀྱི་དོན་སྤྱི་བློ་ཡུལ་ལ་གསལ་བར་ཤར། དེ་ནས་མར་ཏོག་ཙམ་སོང་སྟེ་སྐྱག་པ་ཞིག་གཏོང་རྒྱུ་དྲན། སྐྱག་པ་གཏོང་བ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ལས་ཅི་ཡང་མ་ཡིན་མོད། ང་ལ་མཚོན་ན་སྐྱག་པ་གཏོང་བའི་སྐབས་སུ་ག་དུས་ཡིན་ན་བསམ་བློ་མང་བོ་གཏོང་གི་ ཡོད་པ་དང་། འདང་མི་ཕོག་པའི་གལ་གནད་གང་མང་ཞིག་བསེད་གྲོལ་ཡང་བྱུང་མྱོང་། དེ་རིང་ཡང་སྐྱག་པ་གཏོང་སྐབས་བསམ་བློ་ནི་ཆར་རྗེས་ཀྱི་ཤྭ་འོད་བཞིན་དུ་གྱུར། བསམ་གཞིག་གི་སྣེ་མོ་ནས་སྔོན་མ་རྩྭ་ཐང་ནས་སྐྱག་པ་བཏང་བའི་གནས་སྟངས་དང་། ས་མཐའ་དང་གྲོང་ཁྱེར། རྒྱལ་ཁབ་གཞན་གྱི་ཡུལ་དུ་སྐྱག་པ་གཏོང་སྟངས་སོགས་དྲན་སྟེ་འཇིག་རྟེན་འདིར་སྐྱག་པ་གཏོང་སྟངས་ཐད་ནས་ཀྱང་མི་རེ་དང་རྒྱལ་ཁབ་རེ་ལ་ལམ་ལུགས་འདུག་བསམ། སྔོན་མ་ཕ་ཡུལ་དུ་སྡོད་སྐབས་རྩྭ་ཐང་ནས་སྐྱག་པ་གཏོང་བ་དང་ལྷག་པར་མཚན་མོ་སྐྱག་ པ་གཏོང་སྐབས་སྐར་མའི་གྲངས་ཀ་བརྩི་ཨེ་ཐུབ་དང་སྐར་མ་སྨིན་དྲུག་སྐེ་འཁྱོག་སོགས་ཀྱི་གཏམ་རྒྱུད་ལ་མགོ་འཁོར་བ་དེ་དྲན། ད་དུང་སྐྱག་པ་བཏང་རྗེས་རྐུབ་རྡོག་རུག་དང་སྔོ་མའི་རིགས་ཀྱིས་འཕྱིས་པ་སོགས་ ནི་སེམས་ཀྱི་ནང་ནས་བརྗེད་ཐབས་བྲལ། དེ་ནས་ས་མཐའ་དང་རྒྱལ་ཁབ་གཞན་དུ་ཆས་དུས་སྐྱག་པ་གཏོང་བ་ལ་དཀའ་ངལ་མང་ཙམ་དགོས་ པ་དང་། གཏོང་སའི་ཡུལ་དང་རྐུབ་གཙང་མ་བཟོ་བ་ལ་ཡང་ཁྲིམས་དང་ལུགས་སྲོལ་མང་བོ་ཞིག་འདུག རྒྱལ་ཁབ་མང་ཆེ་བ་དང་ཤར་ནུབ་ཀྱི་མི་བུ་གང་མང་ཞིག་གིས་དེང་རབས་ཀྱི་ཁྱད་ཆོས་ ལྡན་པའི་ཤོག་བུ་བེད་སྤྱོད་གཏོང་བ་དང་། དེ་ནས་རྒྱ་གར་གྱི་གྲོང་གསེབ་པ་ཚོའི་ཡུལ་མི་ཕལ་ཆེ་བས་སྐྱག་པ་བཏང་རྗེས་རྐུབ་ཆུ་ཡིས་བཀྲུ་པ་སོགས་རེད། ད་དུང་འབྲོག་པ་གྲོང་ཁྱེར་དུ་སོང་སྟེ་གསང་སྤྱོད་མ་རྙེད་པའི་དཀའ་ངལ་སོགས་ནི་ཨ་ཁུ་སྨན་བླས་ཁ་ཤགས་ལམ་ནས་བཤད་ཟིན་པས་ངས་བསྐྱར་ཟློས་མི་བྱེད། མདོར་ན་རྩྭ་ཐང་ནས་སྐྱག་པ་གཏོང་བ་དེ་ནི་ཡ་མཚན་ཞིག་དང་ཡ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་ཏུ་མེད་ཀྱང་དེང་གི་དུས་སུ་རྗེས་ལུས་སུ་འབོད་པའི་འབྲོག་པའི་རྩྭ་ཐང་ན་རིན་མེད་དུ་མཆིས། དེ་ལ་ཁྱད་ཆོས་མ་འདྲ་བ་ཧ་ཅང་མང་སྟེ། རྩྭ་ཐང་ནས་ག་དུས་སྐྱག་པ་གཏོང་ཆོག་ཆོག་དང་། དུས་ཚོད་ནམ་གཏོང་བསམ་ན་དེ་དུས་གཏོང་ཆོག་པ། རིན་གོང་སོགས་སྤྲད་མི་དགོས་པ། འཁོར་ཡུག་གཙང་བས་སེམས་ཁམས་དང་འཕྲོད་བསྟེན་ལ་ཕན་པ་སོགས་དགེ་མཚན་མཐས་ཡས་པ་ཞིག་གོ དེའི་ཕྱིར་བདག་གིས་ད་ཐེངས་རྩྭ་ཐང་ནས་སྐྱག་པ་བཏང་བ་དེ་ནི་ཚོར་སྣང་ལྕི་ཤོས་དང་ད་དུང་སེམས་ནས་བརྗེད་མི་ཐུབ་པ་དང་། ལྷག་པར་རྒྱ་གར་གྱི་གྲོང་དང་ཁྱེར་གྱི་འཁོར་ཡུག་བཙོག་པ་དག་ནས་སྐྱག་པ་གཏོང་དགོས་དུས་ཕ་ཡུལ་གྱི་རྩྭ་ཐང་ནས་སྐྱག་པ་བཏང་བ་དེ་དྲན་པས་བདག་གིས་རྩྭ་ཐང་གི་སྐྱག་པ་ཞེས་པའི་ཟིན་བྲིས་འདི་དེ་རིང་གསང་སྤྱོད་དུ་འགྲོ་སྐབས་ཡིད་དུ་དྲན་ཞིང་ཕྱིར་རང་ཤག་ཏུ་ཡོང་ནས་ཤར་མར་གློག་ཀླད་ཀྱི་ངོས་སུ་གཏགས་པའོ། །
རྩྭ་ཐང་གི་འབྲོག་མིའི་སྐྱག་ག་ལ་སྦྱིན་པའི་ཕན་ཡོན་ཡོད་པ་རེད། རི་དྭགས་སྐྱག་གཟན་ཚོ་ལ་གསོལ་སྟོན་བཤམ་པའི་སྦྱིན་པའི་ཕན་ཡོན་བྲིས་མི་འདུག་པ་ག་རེ་ཡིན་ནམ།
གཅིན་སྐྱག་པ་རིག་ན་ཟ་འདོད་ཀྱི་སྲེད་པ་ལངས་ནས་ཀ་ར་གོ་རེ་ལྟར་གཅིན་སྐྱག་གཉིས་ཀ་སྐྱིད་ཟ་སྐྱིད་འཐུང་བྱེད་པའི་དུད་འགྲོ་རྩྭ་གཟན་གི་སྣང་བ་བསོད་མོ་དེ་མི་འབྲི་བ་གང་ཡིན།
འབུ་སྲིན་སྟོང་ཕྲག་གིས་ཉིན་ཟ་མཚན་ཟ་ལ་སྤྱོད་དུ་ཡོད་པའི་དགེ་སྦྱིན་ཚོགས་གཏོང་གི་ཕན་ཡོན་དེ་མི་དྲན་པ་གང་ཡིན།
གྲོང་ཁྱེར་ནང་གི་གྲོང་མིའི་སྐྱག་པ་ལ་འདི་འདྲའི་དགེ་མཚན་མི་ལྡན། ཧ་ཧ་ཧ།
གནམ་གྱིས་བཤད་པ་ལ་གནས་ལུགས་འདུག ཉིད་ཀྱིས་ཁ་སྐོང་གནང་རྒྱུ་མཁྱེན།
་་་་་་ དེ་ནས་མིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར་སྐབས་བདག་ནི་བཙན་གྱིས་གནས་ཡུལ་དུ་བརྫངས་པའི་བུ་མོ་ཞིག་ཕྱིར་རང་ཁྱིམ་དུ་འབྱོར་བ་ལྟར་སེམས་ཁམས་སུ་བཤད་མི་ཤེས་པའི་ཚོར་བ་མང་བོ་ཞིག་ཐོལ་གྱིས་སྡང་། ་་་་་་ཟེར།
འོ་རྩ་ཐང་དུ་སྐྱག་པ་ཡན་གར་བ་བཏང་བ་ནི། འཚེ་བའི་ལས་ཤིག་ཏུ་འགྱུར། རྒྱ་གར་ལྟ་བུར་ཆ་བཞག་ན་ཞིང་དང་རྩ་ས་སོགས་སུ་སྐྱག་པ་བཏང་ན་ཉེེས་ཆད་ལྗིད་མོ་འགེལ་རྒྱུའི་ཁྲིམས་གཞི་གཏན་བྱས་ཟིན་པ་རེད། ལྷག་པར་དུ་མཐོ་སྒང་བོད་ཀྱི་རྩ་ཐང་དུ་སྐྱག་པ་ཡན་གར་དུ་བཏང་བ་དེ་ཡིས་འགྲོ་བ་མི་ས་ཡ་མང་པོར་གནོད
ཅིང་འཚེ་བ་གཏོང་སྲིད། མཐོ་སྒང་བོད་ཡུལ་ནི་འཛམ་གླིང་གི་ཡང་རྩེ་ཞིག་དང། དེ་ལས་བཞུར་བའི་ཆུ་བོ་དག་ནི། རྒྱ་ཐང་དུ་གནས་པའི་མི་མང་ས་ཡ་མང་པོའི་འཐུང་ཆུར་ལོངས་སུ་སྤྱོད་བཞིན་ཡོད་པས། དེས་ན། མཐོ་སྒང་གི་སྐྱག་པའི་སྟེང་དུ་ཁ་བ་དང་ཆར་བ་བབས་པ་ཡིས་སྐྱག་ཆུ་དེ་རིམ་གྱིས་གཙང་པོ་རྒྱུག་ཆུའི་ནང་དུ་འདྲེས་ཏེ་རྒྱ་ཐང་དུ་གནས་པའི་མི་མང་ས་ཡ་མང་པོས་འཐུང་ཆུའི་ནང་དུ་འདྲེས་པས། མི་ས་ཡ་མང་པོའི་གྲོད་པ་བཤལ་ཅིང་དོན་སྣོད་ཀྱི་ནང་དུ་འབུ་སྲིན་ཕྲ་མོ་བཞུགས་ཏེ་ནད་རིགས་བཞི་བརྒྱ་རྩ་བཞི་དར་ཏེ་དེ་དག་གི་ལུས་སེམས་གཉིས་ཀ་ལ་ཟད་མི་ཤེས་པའི་སྡུག་བསྔལ་འབྱུང་གི་ཡོད་པ་མཁྱེན་པར་མཛོད། ཨ་ཁ་ཨ་རིག་གིས་ཨ་སྐྱག་གིས་གནོད་འཚེ་དེ་ལྟ་བུ་ཞིག་བཟོས་འདུག
སྐྱག་གཅིན་ཨེ།
རྩ་ཐང་ལ་བཏང་ན་གཙང་ཤོས།
གསང་སྤྱོད་ལ་བཏང་ན་ཕྱུག་ཤོས།
ཞིང་ཁ་ལ་བཏང་ལུད་ཆགས།
ཤིང་ནགས་ལ་བཏང་ན་འབུ་ཟས།
ཆུ་འགྲམ་ལ་བཏང་ཀླུར་གནོད།
རང་ཁྱིམ་དུ་བཏང་དྲི་ངན།
གཞན་ཁྱིམ་དུ་བཏང་ན་ཁོང་ཁྲོ།
གོས་ནང་ལ་ཞབས་འདྲེན།
མི་ཚོགས་སུ་བཏང་ན་ངོ་ཚ།
མ་བཏང་ན་ག་ལ་འགྲིགས།
སྐྱག་གཅིན་གྱི་ཉེས་དམིགས།
བསམས་ན་དགོད་བྲོ།
མཐོང་ན་སྐུག་བྲོ
བསྣམས་ན་དྲི་ངན།
མེད་ན་མི་འགྲིགས།
ཡོད་ན་རྙོག་ཁྲ།
ཧ་ཧ་སྐྱག་གཅིན།
ཁྱེད་ཅག་གི་བསམ་ཚུལ་ཁག་མཐོང་ཡོད། ལན་རེ་སློག་དགོས་ཀྱང་ཏོག་ཙམ་དེ་རིང་ཁོམ་གི་མེད། ༸གོང་ས་མཆོག་ཕེབས་བསུ་ལ་འགྲོ་དགོས་པས་གནས་སྐབས་དེ་ཙམ་བྱོས།
རྩྭ་ཐང་གི་སྐྱག་པ་ཟེར་ན་གོ་བ་ཅི་འདྲ་ཞིག་ལེན་དགོས་ནི་རེད། འདི་འབྲོག་སྐད་ཟིག་མ་རེད་མོ།
གུང་ཐང་ཚང་གི་ཚེ་གཅིག་ཉམས་ལེན་ནང་སྐྱག་བསྔོའི་གཟུངས་སྔགས་ཤིག་ཡོད་པ་དེ་བཏོན་ཡོད་ཀྱི་ན་ཡག་པོ་ཡོད་དེ་རྟོག་གེ་བ་ཚོས་དཔེ་ཐོག་གི་དགེ་བ་མ་གཏོགས་སྐྱག་ཐོག་གི་དགེ་བ་ཁས་ལེན་ནི་མ་རེད་འདོད།
ཐོག་མ་ཁ་བྱང་འདིར་མཐོང་དུས་ད་ཐེངས་ཨ་དགེས་རྩྭ་ཐང་དུ་སྐྱག་རྒན་ཞིག་བཏང་ནས་ཚུན་སླེབས་ཡོད་ས་རེད་བསམ་བྱུང་།
ཀློག་གིན་ཀློག་གིན་སོང་དུས་་་རྩྭ་ཐང་གི་སྐྱག་པ་རྙེད་མ་བྱུང་ལ་་་་་ཨ་དགེས་་རྩྭ་ཐང་དུ་སྐྱག་པ་བཏང་མེད་པར་གསལ་བོ་མཐོང་བྱུང་ང་།