ཁྲོ་གཏུམ།
མེ་ཏོག་སྣ་བརྒྱའི་དྲི་ངད་ཀྱིས་ཁེངས་པའི་རྩྭ་ཐང་ནས་གཉིད་ལ་ཤོར
གཉིད་ཧ་ཅང་མཐུག་པོའི་ཁོང་གསེང་ལས་རྨི་ལམ་བཏང
ལྗང་མདོག་གི་ནེམ་ལོས་འཁྱུད་ཅིང
ཉི་འོད་ཀྱི་ཟེར་མས་བཀབ་དུས
ང་ནི་ཆེས་གཅེས་ལངས་སུ་སོང་བའི་ཨ་མའི་བང་གི་བུ་ཁོ་དེ་མིན་ནམ
རྩི་ཏོ་ཞིག་གིས་སོ་བར་སེལ་ཞོར
མེ་ཏོག་སྣ་བརྒྱའི་དྲི་ཞིམ་ལ་སྣོམ་ཞོར
རི་མཐོ་སའི་རྩེ་མོའི་ཕྲེང་རྒྱུད་ལ་ཅེར་དུས
སེམས་པའི་འགྱུ་བ་དག་རི་དེའི་ཕ་རོལ་ནས་ཕ་རོལ་ལ་ཕྱིན
རྩྭ་ཐང་ནས་བྱེ་ཐང་ལ་ལྷུང་བའི་མཐོ་སྒང་གི་རྣམ་ཤེས་འཁྱམས་པོ་ཞིག
མཚོ་ངོགས་སུ་ཡར་འཕག་པའི་ཞོགས་པའི་ཉི་མ
མཚོ་ངོགས་སུ་མར་འཐིམས་པའི་ནུབ་ཁའི་ཉི་མ
མིག་ལ་ལྷུང་ཐེངས་རེར
ཡིད་ལ་འཁོར་ཐེངས་རེར
སེམས་པའི་སྙི་ས་ལ་གས་སྲུབས་ག་ཚོད་ཅིག་ཡོད་པ་སུས་ཤེས་འདོད
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༥ ཉིན་བྲིས།