——འདྲེ་གླེན་པ།
ངས་ནི་མི་ཞིག་འཚོལ།
རང་བྱུང་གི་ཡན་ལག་ཅན་ཞིག་འཚོལ།
ཆུ་སྒྲ་ལྷོག་ལྷོག་ཏུ་གདུ་བའི་མགྲིན་པ་ཅན་ཞིག་འཚོལ།
ཉི་འོད་དང་མུན་པ་ལ་གོམ་པའི་མི་ཞིག་འཚོལ།
རྩྭ་ཐང་དུ་འཚོལ། མཚོ་འགྲམ་དུ་འཚོལ།
རི་ཚོགས་དང་ལུང་ཁུག་ཀུན་ནས་འཚོལ།
མི་ཞིག་འཚོལ།
སྙིང་སྡུག་ལྟ་བུའི་མི་ཞིག་འཚོལ།
ངས་ནི་མི་ཞིག་འཚོལ།
རང་དབང་གི་གཏིང་དུ་འཚོལ།
ཁ་བ་སྟོན་མཇུག་གི་སྡོང་ལོ་ལྟར་དུ་འཐོར་བའི་འཚམས་སུ་འཚོལ།
བུ་ཡུག་རི་སྤྱང་གི་འདུར་རྒྱུགས་བཞིན་འཚུབ་པའི་དཀྱིལ་ཏུ་འཚོལ།
དྲན་པ་སྡུག་བསྔལ་གྱིས་རབ་ཏུ་མནར་བའི་གསེབ་ཏུ་འཚོལ།
གྲོང་ཁྱེར་དང་་ཁ་ཐག་རིང་ས་དེར་འཚོལ།
ཚན་རིག་གི་ཐ་སྙད་མེད་ས་དེར་འཚོལ།
མི་ཞིག་འཚོལ།
ཨ་མའི་ལག་མཐིལ་འདྲ་བའི་མི་ཞིག་འཚོལ།
17/8/2016 ཉིན་ཨོ་གླིང་གི་རི་སྔོན་པོ་ནས།
མི་ཞིག་འཚོལ།
ངས་ཀྱང་མི་ཞིག་འཚོལ།
འུག་པ་ལྟ་བུའི། ཁ་ཏྭ་ལྟ་བུའི།
ཐན་སྐད་སྒྲོག་པ་དེ་དག
རྣམ་རྟོག་ལངས་བྱེད་དེ་དག
དེ་དག་གང་ལ་བུད་སོང་།
ངས་ཅིས་ཀྱང་ཁོ་ཚོ་འཚོལ་དགོས།