ལྷ་རྒོད།
—–ལྕེ་དམར་གྲིས་གཏུབ་དགོས་རྒྱུའི་དྲྭ་འབུ་ཁྱེད་ཅག་མ་དགའ་ན་སྡུག་གྱོང་ཡིན། ངས་ཨ་ཅེ་འདན་བཟའ་ལ་འདི་ལྟར་བསྟོད།
ལང་ཚོ་དྲི་མེད་ཆུ་སྐྱེས་འདབ་མ་བཞད།།
བྱམས་དང་སྙིང་རྗེའི་ཟེའུ་འབྲུ་རབ་ཏུ་སྤུངས།།
ཨ་ཅེ་འདན་བཟའ་སྒྲོལ་མ་དབྱངས་ཅན་མ།།
ཁྱེད་ནི་རྫུ་འཕྲུལ་མེད་པའི་ཌ་ཀི་དངོས།།
དེང་དུས་དངུལ་གྱི་རིན་ཐང་ས་རྡོར་བསྒྱུར།།
དེ་ཡང་མགོ་རྐུབ་གང་སར་བར་མེད་འདོགས།།
ནང་གི་བསམ་བློའི་རང་གཤིས་རུལ་སུངས་དེ།།
གཞན་གྱིས་མ་དྲིས་རང་གིས་ཡང་ཡང་སྒྲོག །
ཤེས་རིག་ཡོན་ཏན་རྒྱན་གྱིས་མ་སྤུད་པར།།
གཟི་བྱུར་སྤོས་ཤེལ་རྒྱན་ཆ་འདྲ་མིན་རིགས།།
འཛམ་གླིང་གཡས་བཞག་རློམ་པའི་བླུན་སྤྱོད་ལ།།
ཡིད་སྨོན་ཤོར་མཁན་བློ་ལྡན་སུ་ཞིག་ཡོད།།
གཞན་ཕན་བྱམས་དང་སྙིང་རྗེ་ལྷག་བསམ་ལས།།
རྡོ་རིགས་རྒྱན་དང་ལྤགས་རིགས་གོས་མི་འདོད།།
ཀུན་གྱི་ཡིད་དབང་ཐད་ཀར་འཕྲོག་ནུས་པའི།།
དོན་གྱི་མཛངས་མ་འདན་བཟའ་སྒྲོན་གཅེས་བསྔགས།།
ལྷན་སྐྱེས་ལང་ཚོའི་འཇོ་སྒེག་སྟངས་སྟབས་ལས།།
གསེར་དངུལ་རིན་ཆེན་རྒྱན་གྱིས་མ་སྤྲས་པའི།།
ཕོ་བརྒྱའི་ཡིད་སེམས་འཕྲོག་ནུས་སྨིན་ལེགས་མ།།
མཛངས་མཛེས་གཉིས་ལྡན་ཁྱེད་འདྲ་སྲིད་འདིར་དཀོན།།
ཁྱོད་ཀྱིས་ཟུར་མིག་མདའ་མོ་འཕེན་ཐེངས་རེར།།
སྒོམ་ཆེན་མི་ལ་ལྟ་བུའི་བརྟུལ་ཞུགས་ཀྱང་།།
རེ་ཞིག་ཚུགས་ཀ་མི་ཤོར་རང་དབང་ཅི།།
དོན་གྱི་གནས་ལུགས་གུས་ན་བདེན་གཏམ་ཡིན།།
ཡུལ་འདན་ལྗོངས་སུ་ལྟེ་ཁྲག་འཕོས་ཤིང་གཞན་ཡུལ་དུ་ནར་སོན་པའི་སྨྱུག་འཛིན་པ་ལྷ་རྒོད་ཀྱིས།།
ལུག་གཡང་དཀར་ཚེ་ཐར་བཏང་བ་དགེ།
དགྱ་ཧེ་ཧེ་ཕྱུག་པོར་བཏང་བ་ཉེས།།
དགེ་ཉེས་བ་གཉིས་ཀྱི་བར་མཚམས་ནས།།
མ་བུ་མོས་སེམས་ཅན་སྐྱོབས་རྟགས་བསྟན།
ཚེ་ཕྱི་མའི་འབོད་པ་ཐོན་དང་ན།།
ལུག་ལས་ངན་དུད་འགྲོ་སྙང་རེ་རྗེས།
དགྱ་ཧེ་ཧེ་ལག་ནས་ཐར་སོང་རུང་།།
རི་སྤྱང་ལྟོགས་ཐོན་དུས་ཚར་ནི་རེད།
ཁྱོའི་སེམས་རྩ་བཟང་ནོ་ཤེས་ན་ཡང་།།
ཁྱོའི་སེམས་ཕུག་ཐུང་ནོར་སྙང་རེ་རྗེས།།
ཆོས་དགེ་བ་ཕྱོགས་ལ་འཁོར་སོང་རུང་།།
སྲུང་མི་ཐུབ་སྡོམ་རྒྱུད་ཤོར་དུས་སྐྱོ།།
ཤ་མི་ཟ་ཟེར་ན་ཡིད་རེ་དགའ།།
མིའི་ཁ་ལྟོ་བཀག་ན་སེམས་རེ་སྡུག།
མ་བུ་མོ་ཇོ་མོའི་སྒར་ལ་སོང་།།
རྟགས་ལྟད་མོ་མ་མང་དབེན་དུ་བཞུགས།།
ཧ་ཧ་ཧ།