གངས་སེང་།
གདོད་ནས་ཀ་དག་ཆེན་པོའི་རང་བཞིན་ཉིད། རང་ཆས་འོད་གསལ་ལྷུན་གྲུབ་རྫོགས་པ་ཆེ། དེའི་ཚུལ་རྟོག་དང་རྟོག་མེད་བློ་ལས་འདས། དེ་བཞིན་འདོམས་པའི་གཤེན་རབ་མྱི་བོ་ཆེ།
གཞའ་འོད་ཐིག་ལེ་ལྡན།
ཀློང་ན་བཞུགས་པའི་ཚེ།
གཤེན་ལྷ་འོད་དཀར་ཟེར།
བླ་སྲོག་སྲིད་པའི་རྟེན།
ཡང་རྗེ་དཀར་པོ་བརྗོད།
ཡེ་ཤེས་གཉུག་མའི་གཤིས།
རང་གྲོལ་ཆེན་པོར་འདུད།
དེ་ཡང་རྒྱུད་བུ་ཆུང་བཅུ་གཉིས་ལས། བྱང་སེམས་ཀ་དག་འདུས་མ་བྱས། །རྒྱ་ཆད་ཕྱོགས་ལྷུང་རིས་ཆད་སོགས། །མུ་བཞི་གང་གི་མཐས་མ་རེག །ཅེས་པས་འདུས་མ་བྱས་པའི་ཀ་ནས་དག་པའི་བྱང་ཆུབ་སེམས་ནི། རྒྱ་ཆད་དང་ཕྱོགས་ལྷུང་རིས་ཆད་སོགས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་མུ་བཞི་གང་གིས་མཐས་མ་རེག་པའོ། འོ་ན་དེའི་མུ་བཞི་གང་ཞེ་ན། དེ་ཉིད་ལས། །ཐ་དད་རྟག་པར་འཛིན་པ་དང༌། །སྟོང་པ་ཕྱལ་ཆད་འཛིན་པ་དང༌། །གཟུང་འཛིན་གཉིས་སུ་ལྟ་བ་དང༌། །རོལ་པའི་སྣང་བ་བཀག་པས་ཆད། ཞེས་པའི་མཐའ་ལ་ལྷུང་བའི་མུ་བཞི་ནི། ཐ་དད་རྟག་པར་འཛིན་པ་དང་། སྟོང་པ་ཕྱལ་ཆད་དུ་འཛིན་པ། གཟུང་འཛིན་གཉིས་སུ་ལྟ་བ། རོལ་བའི་སྣང་བ་བཀག་པའི་ཆད་འཛིན་དང་བཞིའོ།
དང་པོ་མུ་སྟེགས་རྟག་ལྟ་བའི་འདོད་པ་ཡིན་ལ་དེའི་ཚུལ་ནི། སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དཀྱིལ་དུ་བདག་རྟག་པ་ཞེས་པ་ཞིག་ཡོད། དེའི་རང་བཞིན་སྐྱེ་འཇིགས་དང་བྲལ་བ། ཁ་དོག་དཀར་ལ་འཚེར་བ། དབྱིབས་ཟླུམ་རིལ་ཤེལ་སྒོང་ལྟ་བུ། ཆེ་ཆུང་ནི། ལུས་ཆེ་བ་ལ་ཐེབ་ཆུང་ཙམ། ཆུང་བ་ལ་ཉུང་དཀར་འབྲུ་མ་ཙམ། ལུས་འདི་ཞིག་པའི་ཚེ་ན་བདག་རྟག་པ་མི་འཆི་བ་ལུས་གསར་པ་ཞིག་གི་ནང་དུ་འགྲོ་བར་བཤད་དོ། རྫོགས་པ་ཆེན་པོའི་རིག་པའི་ཡེ་ཤེས་ནི། དེ་ལྟར་མ་ཡིན་ཏེ། བློ་ཡུལ་ལས་འདས་པས་རྟག་མི་རྟག་གི་ཐ་སྙད་འཇུག་ས་མེད། ངོ་བོ་སྟོང་པར་གནས་པས་དབྱིབས་དང་བང་ཚད་མེད། རང་བཞིན་འོད་དུ་གསལ་ཡང་ཁ་དོག་རིས་ཅན་གྱི་འོད་ནི་མ་ཡིན། སེམས་ཅན་ཐམས་ཅད་ལ་སྙིང་པོའི་ཚུལ་དུ་ཁྱབ་ཀྱང་ལུས་ཆེ་ཆུང་གི་ཚད་བཟུང་དུ་མེད། སེམས་ཅན་ཚེ་འཕོ་བའི་དུས་སུ་ལུས་གསར་པའི་ནང་དུ་འཇུག་འཇུག་གི་བྱ་བྱེད་དང་བྲལ་བ་སོགས་ཁྱད་བོན་དུ་མའི་སྒོ་ནས་མུ་སྟེགས་པའི་བདག་དང་མི་འདྲ་བའོ།
གཉིས་པ་མུ་སྟེགས་ཆད་ལྟའི་འདོད་པ་ཡིན་ལ་དེའི་ཚུལ་ནི། སྟོང་པ་ཕྱལ་ཆད་ཅེས་པ་དེ་རྩ་བ་ནས་མེད་པའི་དོན་ཡིན་ལ། དེ་ལ་གང་མེད་ན། ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི། འབྲས་བུ་རྣམ་མཁྱེན་བཅས་ཁས་ལེན་དུ་མེད་དོ། རྫོགས་པ་ཆེན་པོས་དེ་ལྟར་མི་འདོད་པར་སེམས་ཅན་རྣམས་གནས་ལུགས་མ་རྟོགས་པ་ལ་བརྟེན་ནས་ལས་དགེ་སྡིག་དབང་གིས་མཐོ་རིས་དང་། ངན་སོང་ལ་འགྲོ་བ་ཡོད་པ་དང་། སངས་རྒྱས་གྱི་བསྟན་པ་ཚུལ་བཞིན་ཉམས་སུ་བླངས་ན་འབྲས་བུ་རྣམ་མཁྱེན་ཐོབ་པར་འདོད་པས་ཆད་ལྟ་བའི་དྲི་མ་གཏན་ནས་མེད་དོ། མུ་སྟེགས་ཆད་པ་དག་གིས་ཕར་བལྟས་པས། བོན་གྱི་སྙིང་པོ་མཉམ་ཉིད་མ་རྟོགས་ཏེ། ལས་ཀྱི་དགེ་སྡིག་རྣམ་སྨིན་མེད་པར་འདོད། ང་ནི་སྙིང་པོ་མཉམ་ཉིད་རྟོགས་པ་ལ། ལས་ཀྱི་རྒྱུ་འབྲས་གཞན་པ་མེད་པར་འདོད། དེས་ན་གཞི་ནས་མི་མཉམ་ཁྱད་པར་ཆེ། ཞེས་གལ་མདོ་རིགས་པའི་ཚད་མ་ལས་གསུངས་སོ།
གསུམ་པ་གཟུང་འཛིན་གཉིས་སུ་ལྟ་བ་ནི། ཐེག་པ་འོག་མའི་འདོད་ཚུལ་ཡིན་ལ། དེ་ཡང་ཕྱྭ་སྣང་འཕྲུལ་སྲིད་བཞི་ནི་འགྲོ་བ་རང་ཁ་མར་དགྲ་དང་གཉེན། བདག་དང་གཞན། ལྷ་དང་འདྲེ་གཉིས་སུ་ཞེན་འཛིན་གྱིས་འཆིང་བས་གཟུང་འཛིན་ཀྱི་མཐའ་ལ་གོལ་བའོ། དགེ་བསྙེན་དང་དྲང་སྲོང་གི་ཐེག་པ་ཁ་ཅིག་གིས། ཕྱིའི་ཡུལ་རྡུལ་ཕྲ་རབ་དང་། ནང་གི་འཛིན་པ་ཤེས་པ་སྐད་ཅིག་མ་ཕྲ་མོ་དེ་དག་བདེན་གྲུབ་ཏུ་འདོད་པས་གཟུང་འཛིན་ཀྱི་མཐའ་ལ་ལྷུང་བའོ། རྫོགས་པ་ཆེན་པོ་ནི། དེ་དག་ཀུན་ལས་གྲོལ་ཏེ། དགྲ་གཉེན་གཉིས་འཛིན་དང་། བདག་གཞན་གཉིས་འཛིན། ལྷ་འདྲེ་གཉིས་འཛིན། ཕྱི་རྡུལ་ནང་ཤེས་གང་ལ་ཡང་འཛིན་ཞེན་གཏན་ནས་མེད་པ་སྟེ། ཡུལ་དང་ཡུལ་ཅན་དུ་དམིགས་གཏད་ཡེ་ནས་མེད་པའོ།
བཞི་པ་རོལ་པའི་སྣང་བ་བཀག་པའི་ཆད་འཛིན་ནི། མདོ་ཡི་གྲུབ་མཐའ་རྣམས་ཡིན་ལ། དེ་ཡང་དབུ་མ་པའམ་གཡུང་དྲུང་སེམས་དཔའི་ལུགས་ལ་ཟབ་མོ་གཏམ་གྱི་དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་བ་བློ་ཡུལ་ལས་འདས་པར་བཤད་ཀྱང་དེ་ལ་རིག་པའི་ཡེ་ཤེས་རང་ཆས་སུ་ཡོད་པར་མི་འདོད་པའི་ཚུལ་ནི། ཐེག་འགྲེལ་ལས། ཁོ་ན་རེ། ངས་ཟབ་མོ་གཏམ་གྱི་དོན་དམ་ཞེས་བྱ་བ་སྟོང་པ་ཉིད་དེ་ལ། བདེན་པ་གཉིས་སུ་ཡང་མི་འདོད་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཉི་ཚེ་བའི་སྟོང་པར་འགྱུར་ལ། ཡང་ན་མུ་སྟེགས་ཕྱལ་བར་འགྱུར་ཏེ། རང་རིག་པའི་ཡེ་ཤེས་མེད་པའི་ཕྱིར་རོ། ཞེས་གསུང་པས་སོ།
དེ་ལྟར་ཟབ་མོ་གཏམ་གྱི་དོན་དམ་དེ་ནི་སྟོང་པ་རང་གསལ་མ་ཡིན་པར་མཇལ་བྱེད་ཤེས་པ་ལ་ལྟོས་དགོས། དེ་འཇལ་བྱེད་ཤེས་པ་ལ་ལྟོས་ཕྱིན་ཆད་མཐའ་བྲལ་མ་ཡིན་ཏེ། ཡུལ་ཡུལ་ཅན་གྱི་སྤྲོས་པ་མ་ཆོད། དེ་ནས་ཕྱི་རིག་མེད་ཀྱི་ནམ་མཁའ་སྟོང་པ་དང་ཚུལ་མཚུངས་པས་དེ་ལས་བྱུང་བའི་རྩལ་དང་རོལ་པ་གང་ཡང་འཇོག་ཏུ་མེད། དེ་མེད་པས་སྐུ་དང་ཡེ་ཤེས་ཀྱིས་སྟོང་ཞིང་སྟོང་པ་ཕྱལ་ཆད་ཀྱི་མཐར་སོང་བའོ། གལ་མདོ་རིགས་པའི་ཚད་མ་ལས། །གཡུང་དྲུང་སེམས་པའི་འདོད་པས་བོན་ཐམས་ཅད་སྟོང་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མི་རྟོག་པ་བདག་མེད་པར་འདོད་དེ། དེའི་ངོ་བོ་ནས་རང་རིག་གསལ་བ་མེད་པར་འདོད་དེ། གལ་ཏེ་ཡོད་ན་རིགས་པས་གྲུབ་པས་ཡང་དག་པར་འགྱུར་བའི་ཕྱིར་རོ། ཞེས་དང་། དྲང་དོན་སྒྲོན་མ་མུན་སེལ་སྟོང་ཐུན་གྱི་མན་ངག་ལས། ཡང་སེམས་ཟིན་པ་ལ་གསལ་ལ་ཉམས་སུ་མྱོང་བ་ཞིག་འབྱུང་སྟེ། མདོར་ན་སྒོམ་པ་ལ་ཚོར་བ་ཕྲ་མོ་ཞིག་བྱུང་ན། གཡུང་དྲུང་སེམས་དཔའི་སྒོམ་ཡིན་ཏེ། ཉམས་མྱོང་གི་འགྱུ་བ་ཞི་རུ་གཞུག་གོ ཞེས་གསུངས་པའི་ཕྱིར།
མདོར་ན་དབུ་མའི་ལྟ་བ་ནི། བློ་འདས་ཞེས་མང་དུ་བཤད་ཀྱང་དོན་ལ་བཟུང་འཛིན་བློ་ཡི་ཡུལ་ལས་འདས་པ་སྟེ་ཡུལ་དང་ཡུལ་ཅན་གྱི་ཤེས་པ་དཔེར་ན་མིག་ཤེས་དང་གཟུགས་ལྟ་བུར་འཛིན་བྱ་དང་འཛིན་བྱེད་གཉིས་སུ་ཡོད་པ་ལྟར་མ་ཡིན་པར་རྟོགས་བྱ་གནས་ལུགས་སྟོང་པ་ཉིད་དང་རྟོགས་བྱེད་མཉམ་བཞག་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་ཐ་དད་མེད་པའི་ཚུལ་དུ་འཇལ་བར་བྱ་བའོ། དེ་ཡང་རྟོག་པ་རྗེས་དཔག་དང་རྟོག་མེད་མངོན་སུམ་གང་ཡིན་ཡང་འཛིན་སྟངས་ཡོད་ཕྱིན་ཆད་ཟབ་མོའི་སྟོང་ཉིད་རྟོགས་མི་སྲིད་པས་ན་བློ་འདས་ཞེས་བརྗོད་དོ།
དེས་ན་མཉམ་བཞག་ཡེ་ཤེས་ནི་བོན་དབྱིངས་རྟོགས་པའི་ཤེས་པ་འཛིན་སྟངས་མེད་པ་ཞིག་ཡིན་ཡང་རྫོགས་པ་ཆེན་པོས་གཏན་ལ་ཕབས་པའི་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་དེ་དང་མི་འདྲ་བའི་ཚུལ་གོང་དུ་སྟོན་པ་གཤེན་རབ་ཀྱི་ཐེག་འགྲེལ་དང་ལི་ཤུ་སྟག་རིང་གི་གལ་མདོ་གཉིས་ཀྱིས་གསལ་པོར་བཤད་མ་ཟད་དྲན་པ་ནམ་མཁའི་སྟོང་ཐུན་དུ་གཡུང་དྲུང་སེམས་དཔའི་སྒོམ་ལ་སེམས་འབྱུང་ཚོར་བ་མ་ལྡོག་པའི་ཚུལ་བཤད་པས་དབུ་མའི་ལྟ་བ་སྔགས་རྫོགས་གཉིས་ནས་བསྟན་པའི་རང་འབྱུང་ཡེ་ཤེས་དང་མི་འདྲ་བའི་ཚུལ་གསལ་པོར་འདུག་སྙམ་མོ།
སྔགས་རྫོགས་གཉིས་ཀྱི་ལྟ་བའི་རྨིང་གཞི་སེམས་མ་བཅོས་རང་འབབ་ཀྱི་ངང་སྐྱོངས་བའི་རིག་པའི་ཡེ་ཤེས་ལ་ཁྱད་པར་མེད་ནའང་གསང་སྔགས་ཀྱིས་གནས་ལུགས་ལ་འབད་མེད་ལྷུན་གྲུབ་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་མ་རྟོགས་པས་བསྐྱེད་རྫོགས་ཀྱི་རིམ་པ་ལ་འཇུག་ནས་མ་དག་པ་དག་པར་བསྒྱུར་བའི་འབད་རྩོལ་ལ་ལྟོས་དགོས། རྫོགས་པ་ཆེན་པོས་རང་འབྱུང་གི་རིག་པ་ལ་ལྷུན་གྲུབ་ཀྱི་ཡོན་ཏན་མ་ལུས་པ་རྟོགས་པས་རིག་པ་རྐྱང་འདེད་གཅིག་སྒྲིལ་གཅིག་བུས་སྐུ་གསུམ་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་རྩོལ་མེད་དུ་འབྱུང་བས་ན་དེ་གཉིས་ཀྱིས་རང་འབྱུང་ཡེ་ཤེས་ཙམ་རྟོགས་པ་ལ་ཁྱད་མེད་ཀྱང་དེའི་ཡོན་ཏན་ཡོངས་སུ་རྫོགས་པར་རྟོགས་མ་རྟོགས་ཀྱི་ཁྱད་ཆེན་པོ་ཡོད་པས་དེ་གཉིས་ཀྱི་ལྟ་བ་ལ་གནམ་ས་ཙམ་དུ་ཁྱད་པར་ཡོད་དེ། རྫོགས་ཆེན་བསྒྲགས་པ་བསྐོར་གསུམ་ལས། ཡེ་གཤེན་ལ་སོགས་ཐེག་པ་བརྒྱད། རང་འབྱུང་ཡེ་ཤེས་རྟོགས་པ་མེད། གཅིག་སྤང་གཅིག་སྒྲུབ་བྱེད་པའི་ཕྱིར། ཞེས་དང་། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དཀྱིལ་འཁོར་འཇོག་ཕྱིར་རྩོལ་བའི་སེམས་མ་བྲལ། རྒྱུ་འབྲས་ཁས་བླང་ཕྱིར་ན་རྩོལ་བ་དྲུག་གིས་ཟིན། ཞེས་གསུངས་སོ།
འདིར་དགོས་པའི་དབང་གིས་དབུ་བའི་ལྟ་བ་ཅུང་ཟད་གསལ་བར་བྱས་ན། རྗེ་རིན་པོ་ཆེའི་ས་ལམ་ལས། བོན་རྣམས་ཐམས་ཅད་གཞི་རྩ་ནི། བདག་ཉིད་ལ་འདུས་རྒྱལ་བས་གསུངས། ཞེས་པའི་སྐབས་ཀྱི་བདག་ཉིད་དེ་དབུ་མའི་ལྟ་བ་གསལ་སྟོང་གཉིས་མེད་དེ་ལ་འཇོག གཞི་རྩ་ཞེས་པའི་གཞི་ནི་གསལ་སྟོང་གཉིས་མེད་དེའི་སྟོང་ཆ་དང་རྩ་བ་ནི་དེའི་གསལ་ཆ་ལ་འཇོག དཔེར་ན་ཀ་བ་ལྟ་བུ་ལ་སྦྱར་ན་ཀ་བ་རང་བཞིན་གྱིས་མ་གྲུབ་པའི་ཆ་ནས་སྟོང་པ་དང་། རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་སྣང་ཆ་འགག་པ་མེད་པ་ཝ་ལེ་ཁྱུག་གེ་དེ་ལ་གསལ་བ་ཞེས་བརྗོད། དེ་འདྲའི་སྟོང་བཞིན་དུ་གསལ། གསལ་བཞིན་དུ་སྟོང་གསལ་སྟོང་གཉིས་སུ་མེད་པ་དེ་ཀ་བའི་གནས་ལུགས་སུ་འཇོག སེམས་ལ་སྦྱར་ན་སེམས་རང་ངོས་ནས་མ་གྲུབ་པའི་ཆ་ལ་སྟོང་པ་དང་སེམས་རང་ངོས་ནས་མ་གྲུབ་ཀྱང་སྣང་ཆ་མ་འགག་པར་གསལ་བ་དེ་ལ་གསལ་བ་ཞེས་དང་། དེ་གཉིས་གཉིས་སུ་མེད་པ་དེ་ལ་སེམས་གསལ་སྟོང་དབྱེར་མེད་ཀྱི་བོན་དབྱིངས་ཞེས་བྱའོ།
དེ་ལྟར་ཤེས་བྱ་གང་དང་གང་ཡིན་ཡང་གསལ་བཞིན་དུ་སྟོང་པ་སྟོང་བཞིན་དུ་གསལ་བས་གསལ་སྟོང་གཉིས་མེད་དམ། ཡང་ན་སྣང་བཞིན་དུ་སྟོང་པ་སྟོང་བཞིན་དུ་སྣང་བ་སྣང་སྟོང་གཉིས་མེད་དེ་ལ་དབུ་མའི་ལྟ་བ་མཐར་ཐུག་གོ དེ་ལ་ཟབ་མོ་གཏམ་གྱི་དོན་དམ་ཞེས་བྱ། རྗེ་རིན་པོ་ཆེས་རང་བཞིན་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ། ཞེས་པའི་དོན་ཡང་འདི་ལ་འཇོག་དགོས་པར་སེམས། དེའི་མཇལ་བྱེད་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་འཇོག་དགོས་པས་དེ་ནི་རྒྱུ་རྐྱེན་ལས་སྐྱེས་པའི་ཤེས་པ་ཞིག་ཡིན་པས་རྫོགས་པ་ཆེན་པོའི་རང་རིག་ཡེ་ཤེས་ཀྱི་ཕྱོགས་ལ་མེད་དོ། ཁ་ཅིག་གིས་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་མེད་དགག་དེ་དབུ་མའི་ལྟ་བ་མཐར་ཐུག་ཏུ་བཞེད་ཀྱང་འདིར་འཇིག་རྟེན་གྲགས་སྡེའི་དོན་དམ་མམ་རྣམ་གྲངས་པའི་དོན་དམ་ཙམ་ལས་དོན་དམ་མཚན་ཉིད་པ་མ་ཡིན་ནོ།
རྫོགས་པ་ཆེན་པོའི་ལྟ་བ་ནི། མཐའ་བྲལ་སྟོང་པ་ཉིད་ཡིན་ཀྱང་སྟོང་པ་ཕྱལ་ཆད་དུ་མ་སོང་བ་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་དེ་ལ་ཡེ་ཤེས་ཞེས་བྱ་སྟེ། མདོ་འགྲེལ་ལས། །གཞི་རྩ་མེད་པའི་སེམས་ཉིད་ནི། །རང་གིས་རང་གསལ་ཡེ་ཤེས་སྟེ། ཞེས་དང་། ཉམས་རྒྱུད་སྐྱ་རུ་ལས། གསལ་བའི་ངོ་བོ་རང་སྟོང་པ་ཡིན། སྟོང་པའི་ངོ་བོ་རང་གསལ་བ་ཡིན། དེས་ན་གསལ་བ་དང་སྟོང་པ་གཉིས་དབྱེར་མེད་དུ་གནས་པ་ཡིན། ཞེས་དང་། གལ་མདོ་རིགས་པའི་ཚད་མ་ལས། རང་རིག་ཉིད་ཀྱང་དངོས་པོ་མེད། དངོས་མེད་ཉིད་ཀྱང་རང་རིག་པས། ལྡོག་བཅས་རྒྱ་མ་ཆད་པའི་ཕྱིར། གསལ་བ་ཉིད་ན་མི་རྟོག་སྟེ། མི་རྟོག་པ་ཉིད་རང་རིག་གསལ། གཉིས་སུ་དབྱེར་མེད་ཉག་གཅིག་མ། གཞན་ནས་མ་ཡིན་བཙལ་མེད་པར། རང་ཉིད་ལས་ནི་ཉམས་སུ་མྱོང༌། ཞེས་གསུང་ངོ་།
དེས་ན་སྟོང་པས་སྟོང་པ་འཇལ་བའི་ཆ་ནས་ཡེ་ཤེས་ཞེས་མཚན་གསོལ་བས་དེ་ལ་རྒྱུ་རྐྱེན་གང་ཡང་བཞག་རྒྱུ་མེད་པས་རྒྱུ་རྐྱེན་ལས་སྐྱེས་པའི་ཡེ་ཤེས་མ་ཡིན་པས་དབུ་མའི་མཉམ་བཞག་ཡེ་ཤེས་དང་གོ་བསྡུར་རྩ་བ་ནས་བྱེད་རྒྱུ་མེད་དོ། གཞུང་འདི་ཉིད་ལས། སེམས་ཉིད་གདོད་ནས་ཡེ་སངས་རྒྱས། །དང་པོ་ཡེ་ཤེས་རྒྱུ་མེད་པས། །རྒྱུ་ལས་སྐྱེས་པའི་ཡེ་ཤེས་མིན། །རང་གསལ་ཡེ་ཤེས་ཉག་གཅིག་མ། །ཀུན་ཏུ་བཟང་པོའི་ཐུགས་ཉིད་ཡིན། ཞེས་བཤད་དོ།
དེ་ལྟར་སེམས་ཉིད་རྫོགས་པ་ཆེན་པོ་དེ་རོལ་པའི་སྣང་བ་བཀག་པའི་ཆད་འཛིན་གྱི་སྐྱོན་ལས་གྲོལ་བའི་ཚུལ་ནི། གནས་ལུགས་ངོ་བོ་སྟོང་པ། རང་བཞིན་གསལ་བ། གསལ་སྟོང་གཉིས་སུ་མེད་པའི་བདག་ཉིད་དེ་མཇལ་བྱེད་བློ་རིག་ལ་མི་ལྟོས་པ་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་ཞིག་ཡིན་པས། དེའི་རྩལ་ལས་སྣ་ཚོགས་སུ་འཆར་རུང་ལ། ཁྱད་པར་དུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་འཆར་བའོ། དེས་ན་རྫོགས་པ་ཆེན་པོ་ནི། མཐའ་ཀུན་ལས་གྲོལ་ཞིང་དགོངས་པ་བླ་ན་མེད་པ་མཐའ་བཞི་རྒྱ་གྲོལ་གྱི་དབུས་ལ་གནས་ཤིང་དེའི་དོན་འཛིན་པས་ན། །མཐའ་བྲལ་དབུ་མའི་དོན་འཛིན་པ། །མཐའ་བཞི་གསལ་བའི་དགོངས་པའོ། ཞེས་གསུངས་སོ།
ཁ་ཅིག་གིས་རྫོགས་པ་ཆེན་པོའི་ཀ་དག་གི་སྟོང་ཕྱོགས་ནས་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་ཁྱད་མེད་ཀྱང་ལྷུན་གྲུབ་འོད་གསལ་གྱི་ཆ་ནས་དེ་དང་ཁྱད་ཆེ་བར་སྨྲ་བའོ། དེའི་ལྷུན་གྲུབ་འོད་གསལ་ཞེས་པ་དེ་གཉུག་མའི་སེམས་ཞེས་པ་རག་པའི་ཤེས་པའམ་གློ་བུར་བའི་ཤེས་པས་མ་བསླད་པའི་ཤེས་པ་ཕྲ་མོ་ཞིག་རང་ཆས་སུ་ཡོད་པ་དེ་སྔགས་ཀྱི་རྩ་རླུང་ཐིག་ལེའི་རྣལ་འབྱོར་སོགས་ཐབས་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་རྩལ་དུ་བཏོན་ཏེ་དབུ་མའི་ལྟ་བ་དང་ཁྱད་པར་མེད་པའི་ཀ་དག་གི་སྟོང་ཕྱོགས་མཇལ་བ་དེ་ལ་རྫོགས་ཆེན་གྱི་ལྟ་བ་ཞེས་བཤད་ཀྱིན་འདུག་ཀྱང་དེ་འདྲའི་གཉུག་མའི་སེམས་དེ་རྒྱུ་རྐྱེན་གྱིས་བྱས་པའི་ཤེས་པ་ཕྲ་མོ་ཞིག་ཡིན་པ་ལས་རྫོགས་ཆེན་གྱི་རང་རིག་ཡེ་ཤེས་ཀྱི་ཕྱོགས་ཙམ་ནའང་མེད་དོ།
བོན་རང་ལུགས་ཀྱི་རྫོགས་པ་ཆེན་པོའི་རང་རིག་ཡེ་ཤེས་ནི་སྟོང་པས་སྟོང་པ་མཇལ་བའི་ཆ་ལ་ཡེ་ཤེས་ཞེས་བརྗོད་པ་ཙམ་ལས་རྒྱུ་རྐྱེན་ལས་སྐྱེས་པའི་ཤེས་པ་ཕྲ་རག་གང་ཡང་མ་ཡིན་པ་གོང་གསལ་ལྟར་རོ། འདིར་ཀ་དག་དང་ལྷུན་གྲུབ་ཀྱི་དོན་ནི། རང་འབྱུང་ཡེ་ཤེས་ལ་སྐྱོན་གྱི་དྲི་མས་མ་གོས་པས་ན་ཀ་དག་དང་དེའི་གདངས་ལས་སྣ་ཚོགས་སུ་འབྱུང་རུང་བས་ན་ལྷུན་གྲུབ་ཅེས་བྱའོ། རྫོགས་ཆེན་གྱི་གནས་ལུགས་རང་བཞིན་གྱིས་མ་གྲུབ་པ་ཙམ་དབུ་མའི་ལྟ་བ་དང་མཚུངས་ཀྱང་། སྟོང་ཕྱོགས་དེ་ཙམ་ནི་རྫོགས་པ་ཆེན་པོའི་ཀ་དག་གི་སྟོང་པ་དང་མི་འདྲ་བའི་ཚུལ་ནི། སྟོང་པ་རང་གིས་རང་གསལ་བའི་སྙིང་པོ་ཅན་མ་ཡིན་པས་ནའོ། སྟོང་པས་སྟོང་པ་གསལ་བའི་ཚུལ་དེ་མ་ཡིན་པའི་སྟོང་ཉིད་ནི་ཟད་ཤོར་ཕྱལ་ཆད་ཀྱི་སྐྱོན་འཇུག་པ་ཡིན་པར་བོན་པོའི་གཞུང་ཆེན་རྣམས་སུ་བཤད་དེ། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང་། ཟད་ཤོར་ཕྱལ་ཆད་སྐྱོན་བཞིས་གོས་པར་འདོད། ཅེས་སོ།
དེས་ན་གཞུང་ཆེན་རྣམས་ལ་གོམས་འདྲིས་ཡོད་ན་དབུ་མའི་སྟོང་པ་དེ་རྫོགས་པ་ཆེན་པོའི་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་དང་མི་འདྲ་བའི་ཚུལ་མིག་ཕྱེས་པ་ལྟ་བུར་འགྱུར་རོ། མདོར་ན་གཡུང་དྲུང་བོན་གྱི་ལུགས་ལ་ཟད་ཤོར་ཕྱལ་ཆད་ཀྱི་སྐྱོན་བཞི་དང་མ་བྲལ་བའི་དབུ་མའི་སྟོང་པ་དེ་རྫོགས་པ་ཆེན་པོའི་ལྟ་བ་ཀ་དག་དང་གཏན་ནས་མི་འདྲ་བ་དང་། ཀུན་རྫོབ་ཀྱི་རང་བཞིན་ལས་མ་འདས་པའི་གཉུག་མའི་སེམས་ཕྲ་མོ་དེ་ལྷུན་གྲུབ་འོད་གསལ་བའི་རིག་པ་དང་རྩ་བ་ནས་མི་འདྲ་བའི་ཚུལ་ངེས་པར་དུ་ཤེས་དགོས་སོ།
ཁ་ཅིག་གིས་རྫོགས་པ་ཆེན་པོའི་ལྟ་བ་རྟེན་འབྲེལ་ལྟོས་གྲུབ་ལས་འདས་པར་བསམ་ནས་བདེན་གྲུབ་ཏུ་སྨྲ་བ་འདུག་ཀྱང་དེ་ནི་རྟོག་བཏགས་ཙམ་དུ་ཟད་པ་ལས་བདེན་པར་གྲུབ་པའི་ཕྱོགས་ཙམ་ནའང་མེད་དེ། བདེན་པར་གྲུབ་པའི་ཚད་ནི་བརྟག་དོན་བཙལ་ན་རྙེད་རྒྱུ་ཡོད་པ་ལ་འདོད་དགོས་པས་འདི་བརྟག་དོན་བཙལ་ན་རྙེད་མི་སྲིད། རྣམ་པ་གཅིག་ཏུ་ན་བདེན་པར་གྲུབ་པའི་འཇོག་འཚམས་བདེན་འཛིན་མ་རིག་པའི་འཛིན་སྟངས་ལྟར་གྲུབ་དགོས་ལ་འདི་བདེན་འཛིན་མ་རིག་པའི་འཛིན་བྱའི་ཡུལ་དུ་མ་གྲུབ་པ་མ་ཟད་སྒྲ་རྟོག་གི་ཡུལ་ཡང་མ་ཡིན་པས་ན་རྟེན་འབྲེལ་མ་ཡིན་ནའང་བདེན་གྲུབ་ཡིན་དགོས་པའི་ངེས་པ་རྩ་བ་ནས་མེད་དོ།
ཁྱོད་ཀྱིས་དེ་བརྟག་དོན་བཙལ་ནས་རྙེད་པ་བྱས་འདུག་པས་བདེན་གྲུབ་ཡིན་དགོས་ཟེར་མཁན་འདུག་ཀྱང་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཟེར་བ་ལྟར་ཡིན་པས་འདི་བརྟག་དོན་བཙལ་ནས་རྙེད་ཅེས་རྫོགས་ཆེན་པ་སུས་ཀྱང་བཤད་མྱོང་མེད་དོ། མཉེས་པ་གསུམ་གྱིས་བཤེས་གཉེན་ཐུགས་ཟིན་པས། མདོ་སྔགས་རྫོགས་པའི་ལྟ་བ་མིག་ཕྱེ་ལྟར། མ་འདྲེས་སོ་སོར་སྒྲོགས་པའི་སེང་གེའི་སྒྲས། རྒོལ་ངན་ཝ་སྐྱེས་སྨྲ་བའི་སྤོབས་པ་བཅོམ།། ཞེས་ཀྱང་སྨས་སོ།
གངས་སེང་ལགས་ཀྱིས་ཧ་ཅང་ཡག་པོ་མཛད་གནང་འདུག་པར་དགའ་བསུ་དང་གུས་འདུད་ཞུ། ལྟ་བ་རྣམ་པར་དག་པ་དངོས་གནས་དེ་བོན་ལ་ཡོད་པ་རེད། དེ་མི་བུ་ཁ་ཤས་ཀྱིས་མ་ཤེས་པ་དང་མ་རྟོགས་པས་བོན་ལ་སྒྲོ་བཀུར་སྣ་ཚོགས་ཤིག་བཏབས་ནས་ལས་ངན་དང་ཚོགས་ངན་བསགས་ཚད་ལ་སྙིང་རྗེ་ཚད་མེད་པས་རྒྱས་འདེབ་པར་བྱའོ། །
་་་་་་་་ གཉུག་མའི་སེམས་དེ་རྒྱུ་རྐྱེན་གྱིས་བྱས་པའི་ཤེས་པ་ཕྲ་མོ་ཞིག་ཡིན་པ་ལས་རྫོགས་ཆེན་གྱི་རང་རིག་ཡེ་ཤེས་ཀྱི་ཕྱོགས་ཙམ་ནའང་མེད་དོ། ་་་་་་ ཟེར།
འོ་ན། རྫོགས་ཆེན་གྱི་རང་རིག་འོད་ཟེར་དེ། སངས་འཕགས་ཁོ་ནས་རྒྱུད་ལ་ཡོད་པའམ། ཡང་ན། སངས་འཕགས་གཉིས་ལས། སོ་སོ་སྐྱེ་བོའི་རྒྱུད་ལ་རང་ཆས་སུ་མེད་པར་འདོད་དམ། ལགས།
ཀུན་ལ་རང་ཆས་སུ་ཡོད་པར་འདོད་ན། གཉུག་མའི་སེམས་ལས་གཞན་དུ་མི་རྙེད་པའི་ཕྱིར་རོ།། ཟེར་ན་ལན་ཅི་ཡོད་དམ། ལགས།
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱི་སེམས་པ་ལ་དེ་མ་གཏོགས་ཤར་རྒྱུ་མེད་སོང་བའི་རྒྱུ་མཚན་རེད། ཧ་ཧ་ཧ་་་་་སྐུ་རྩེད་ཞུས་ཡིན།
་་་་་་་ འདིར་ཀ་དག་དང་ལྷུན་གྲུབ་ཀྱི་དོན་ནི། རང་འབྱུང་ཡེ་ཤེས་ལ་སྐྱོན་གྱི་དྲི་མས་མ་གོས་པས་ན་ཀ་དག་དང་དེའི་གདངས་ལས་སྣ་ཚོགས་སུ་འབྱུང་རུང་བས་ན་ལྷུན་གྲུབ་ཅེས་བྱའོ། ་་་་་་ འདིས་ནི། སོ་སྐྱེ་དུས་སུ་ཡང་ཡོད་པར་ཤུགས་ཀྱིས་འདོད་ཀྱང་།
་་་་་་་ བོན་རང་ལུགས་ཀྱི་རྫོགས་པ་ཆེན་པོའི་རང་རིག་ཡེ་ཤེས་ནི་སྟོང་པས་སྟོང་པ་མཇལ་བའི་ཆ་ལ་ཡེ་ཤེས་ཞེས་བརྗོད་པ་ཙམ་ལས་རྒྱུ་རྐྱེན་ལས་སྐྱེས་པའི་ཤེས་པ་ཕྲ་རག་གང་ཡང་མ་ཡིན་པ་གོང་གསལ་ལྟར་རོ། ་་་་་་ མཚན་གཞི་འདི་ནི་འདི་ལས་ལྷག་པ་གཞན་ཞིག་གསུངས་འདུག འདི་ལས་ལྷག་པ་ངའི་བློ་ལ་ཤར་རྒྱུ་མེད་པ་ནི། ཁྱོད་བདེན་ཡང་།
ངས་ནི། གསར་པ་ཤེས་འདོད་ནས་དྲིས་པ་ཡིན། ཅུང་ཟད་བློ་ལ་འཆར་བ་དེ་ཡང་། ཁྱེད་ཀྱི་ཆེད་རྩོམ་གྱིས་རྨོངས་སུ་འཇུག་བགྱིད་འདུག་གོ
ཀརྡོ་གཉེར་ཕྱག་པ་ལགས་ཐུགས་ཁག་མེད། སྟོང་པས་སྟོང་པ་མཇལ་བའི་ངང་ཚུལ་འདི་ལ་བློ་ཞུགས་པར་ཧ་ཅང་དཀའ།
གཉུག་མའི་ཡེ་ཤེས་ཟེར་དུས་གཙོ་བོ་རྒྱུ་དུས་ལ་དགོངས་ནས་མིང་བཏགས་པ་དང་། རང་རིག་ཡེ་ཤེས་ཟེར་དུས་གཙོ་བོ་འབྲས་དུས་ལ་དགོངས་ནས་གསུངས་པ་ཙམ་ལས། དོན་ལ་དེ་གཉིས་ལ་ཁྱད་པར་སྤུ་ཙམ་ཡང་མེད། མིང་གཉིས་ཐོག་པའི་དོན་གཅིག་པུ་འདི་ལ། ལ་ལར་རྟག་པར་གསུངས་པ་ནི། གཞི་དུས་དང་ལམ་དུས། འབྲས་དུས་ལ། རྒྱུན་མི་ཆད་པར་ཡོད་པས་རྟག་པར་གསུངས་པ་དང་། ལ་ལར། རྒྱུ་མེད་དུ་གསུངས་པ་ནི། རྒྱུ་རྐྱེན་ལ་བརྟེན་ནས་གློ་བུར་གསར་དུ་བྱུང་བ་མེད་པ་ལ་དགོངས་ནས་རྒྱུ་མེད་དུ་གསུངས་པ་རེད་འདུག
སྟོང་པས་སྟོང་པ་མཇལ་བའི་ངང་ཚུལ་འདི། སྟོང་པ་དང་པོ་དེ་བློ་ཡིན་ན། སྟོང་པ་ཞེས་པའི་གོ་དོན་མེད། སྟོང་པ་དང་པོ་དེ། བློ་མིན་ན། མཇལ་བའམ་འཇལ་བ་ཞེས་པའི་གོ་བརླག་པར་གྱུར་རོ།།
འོ་་་་་ད་དེ་རེད། ཁྱེད་ཚོས་གཉུག་མའི་ཡེ་ཤེས་དང་རང་རིག་ཡེ་ཤེས་གང་ཟེར་ཡང་རྒྱུ་རྐྱེན་ལས་སྐྱེས་པའི་བློ་ཞིག་ལ་འདོད་ཀྱི་ཡོད་པ་ངས་ཤེས་ཡོད། དེ་འདྲའི་གཉུག་མའི་ཡེ་ཤེས་སམ་ཡང་ན་རང་རིག་ཡེ་ཤེས་དེ་ཇི་ལྟར་ཆེ་ཆེ་བཤད་ཀྱང་ཀུན་རྫོབ་སྒྱུ་མ་ལྟ་བུ་ཞིག་ལས་དོན་དམ་བདེན་པའི་དོན་དེ་ལ་ཡོད་མ་རེད། དེ་ལྟར་ན་ཁྱེད་ཀྱི་ཇོ་བོ་གང་ཡིན་པ་དེ་ངའི་གཡོག་པོ་ཡིན་ཟེར་བ་དང་གཅིག་མཚུངས་རེད། བོན་པོའི་རྫོགས་ཆེན་གཞུང་ལས་བསྟན་པའི་འཇལ་བྱེད་རང་རིག་པའི་ཡེ་ཤེས་དང་འཇལ་བྱ་རང་འབྱུང་ཡེ་ཤེས་གཉིས་གོ་བརྡ་སྤྲོད་ཡག་གི་ཆེད་དུ་ཐ་སྙད་ལ་འཇལ་བྱ་འཇལ་བྱེད་སྨོས་ཀྱང་དོན་ལ་མེ་དང་ཚ་བ་་ཆུ་དང་རློན་པ་ལྟ་བུ་ལས་གཞན་པའི་དོན་འགའ་ཡང་མེད། དེ་ལ་མཚན་གཞན་གསལ་སྟོང་ཟུང་འཇུག་བརྗོད། དེའི་གསལ་བ་གང་ཡིན་པ་དེ་སྟོང་པ་ཡིན། སྟོང་པ་གང་ཡིན་པ་དེ་གསལ་བ་ཡིན། དེ་གཉིས་གཉིས་སུ་མེད་པ་ལ་ཐིག་ལེ་ཉག་གཅིག་ཟེར། དེར་བརྟེན་བོན་པོའི་རྫོགས་ཆེན་གྱི་ཡེ་རིག་གམ་རང་རིག་ཡེ་ཤེས་དེ་རྒྱུ་རྐྱེན་ལས་སྐྱེས་པའི་དངོས་པོ་ལས་འདས་པའི་རིག་པ་ཞིག་ཡིན་པར་ཤེས་དགོས།
སྟོང་པ་དང་ཐམས་ཅད་སྟོང་པ་ཡེ་ཤེས་སོགས་ཀྱིས། རང་གི་དེ་ཁོ་ན་ཉིད་དེ། རང་ཉིད་ཀྱི་སྟོང་ཉིད་དམ་ཆོས་ཉིད་མཇལ་བ་ལ་སྦྱར་ན་ནི། ང་གཉིས་བབ་ས་གཅིག་ཏུ་སོང་བས་ཐུགས་རྗེ་ཆེ་ཞེས་ཞུའོ།།
ག་བ་གབ་་་་རྒྱུ་རྐྱེན་ལས་སྐྱེས་པའི་རིག་པ་ཡུལ་དང་བཅས་པ་དང་རྒྱུ་རྐྱེན་ལས་མ་སྐྱེས་པའི་རིག་པ་ཡུལ་མེད་གཉིས་འབབ་ས་གཅིག་རེད་ཟེར་ན་བློ་རྣལ་དུ་མ་བབས་པའི་སྐད་ཆ་ཙམ་ལས་དོན་སྙིང་ཡོད་པའི་མོལ་སྟངས་ཞིག་མིན།
རྒྱུ་རྐྱེན་ལས་མ་སྐྱེས་པའི་རིག་པ་ཡུལ་མེད་ཨེ། ལགས།
འོ་་དེ་རེད་ལགས།
རྒྱུ་མེད་རིག་པ་ཡོད་མ་ཡིན། །
གློ་བུར་མིན་ཕྱིར་རྟག་པར་བཏགས། །
་
ཡུལ་མེད་ཡུལ་ཅན་དེ་བས་མེད། །
ཡུལ་ཅན་ཡུལ་ལ་ལྟོས་ཙམ་གྲུབ། །
བྱས་ཙང་། མི་འདྲ་ས་དེ་དེ་རེད། གནམ་ས་ཙམ་ཞིག་ཁྱད་པར་འདུག་གཱ།
ཚིག་གི་ལོ་མས་སྒྲིབ་ཙམ་ལས། །
དོན་གྱི་འབྲས་བུ་གཅིག་ཏུ་ངེས། །
་
གངས་སེང་ངར་སྐད་ཁྱད་ཙམ་ལས། །
གཡུལ་རལ་སྔོན་པོར་གཅིག་ཏུ་ངེས། །
་
ཚིག་གི་བརྡ་སྐད་མི་འདྲ་ལས། །
རིས་མེད་འབབ་ས་གཅིག་ཏུ་ངེས། །
་
རྫོགས་ཆེན་ཕྱག་རྒྱ་ཟུང་འཇུག་མིང་། །
མིང་འོག་དོན་དག་གཅིག་ཏུ་ངེས། །
་
དྲ་གྲོགས་གངས་སེང་ཆེད་རྩོམ་ལ། །
ཀརྡོ་ང་ཡིས་ཡི་རང་ཞུ། །
བོན་པོའི་རྫོགས་ཆེན་དེ་ལོ་རབས་ག་དུས་འགོ་ཚུགས་པ་ཡིན་ནམ། དེ་སྔ་གཉའ་ཁྲི་བཙན་པོའི་སྐབས་དང་། དེའི་གོང་དུ་བོན་པོའི་རྫོགས་ཆེན་གྱི་ཡི་གེ་ཡོད་དམ་མེད།
རྫོགས་ཆེན་གྱི་སྐོར་ལ། ༸གོང་ས་མཆོག་གིས།
https://www.youtube.com/watch?v=nWvY-05OA90
ཀརྡོ་གཉེར་ཕྱག་པ་ལགས་ལ་དག་སྣང་ཡག་པོ་འདུག དུས་རབས་ཉེར་གཅིག་པའི་ནང་དེ་ཡང་དགོས་རྒྱུ་གལ་ཆེན་ཞིག་རེད། ཧ་ཅང་བཟང་།
ནུབ་ཕྱོགས་གངས་ཕྲུག་ལགས་ལ་ཞུ་རྒྱུར། བོན་པོའི་རྫོགས་ཆེན་གཉའ་ཁྲི་བཙན་པོའི་གོང་ནས་བྱུང་ཚར་བ་རེད། དེ་ཡང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་བོད་མི་རང་གིས་གསར་སྟོད་བྱས་པའི་རིག་གནས་ཞིག་ལས་ལུང་པ་གཞན་པ་གང་ནས་རོགས་སྐྱོར་ཞུས་ཡོང་བ་ཞིག་མ་རེད།
ཀ་བའི་སྟེང་གི་སྟོང་ཉིད་རྟག་པ་ཡིན་པར་འདོད་ན། ཀ་བའི་སྟེང་གི་སྟོང་ཉིད་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་མི་སྲིད། ཡིན་ནའང་རྒྱུ་རྐྱེན་ལས་སྐྱེས་པའི་ཀ་བ་དེ་ཉིད་མ་གྲུབ་ན་དེའི་སྟེང་གི་སྟོང་ཉིད་རྟག་པ་ཡིན་པར་འདོད་རྒྱུ་མ་དེ་ཡང་གྲུབ་མི་ཐུབ། རྒྱུ་རྐྱེན་ལས་སྐྱེས་པའི་ཀ་བ་འཇིགས་པ་དང་དེའི་སྟེང་གི་སྟོང་ཉིད་རྟག་པ་དེ་ཡང་རང་ཚུགས་མ་ཐུབ་ནས་འཇིགས་པའི་རང་བཞིན་ཅན་ལྟ་བུར་གྱུར། རྟག་པ་ཡིན་ན་དོན་ལ་མི་འཇིགས་པའི་ཆོས་ཤིག་ཡིན་མི་དགོས་སམ། །
དཔེ་དེ་བཞིན་དུ་ཀ་བའི་སྟེང་གི་གནས་ལུགས་རྟག་པ་ཡིན་པར་འདོད་ན། དེ་ཉིད་རྒྱུ་རྐྱེན་ལས་སྐྱེས་པ་ཞིག་ནི་དུས་ནམ་ཡང་འདོད་དུ་མི་ཐོག།འོན་ཀྱང་རྒྱུ་རྐེྱན་ལས་སྐྱེས་པའི་ཀ་བ་མ་གྲུབ་ན། དེའི་སྟེང་གི་གནས་ལུགས་རྟག་པ་ཡིན་པར་འདོད་རྒྱུ་མ་དེ་ཡང་དུས་ནམ་ཡང་གྲུབ་ཏུ་མི་ཐུབ་བོ། ། ད་བསམ་བློ་ཞིག་ཐོངས་དང་། །
སོ་སོར་རྟོག་པའི་སྒོམ་ཆེན་དེ་ཚོ་ག་བར་ཕེབས་སོང་བ་ཡིན་ནམ་གངས་སེང་ལགས་དང་ལྷན་དུ་རྩོད་པ་འདྲ་གནང་ཐུབ་ན་དངོས་གནས་སྐྱིད་པོ་ཡོང་ས་རེད། །
མན་ངག་ངན་ངག་གི་ས་ལ་བཞག་ནས་བུམ་པའི་ནང་གི་མར་མེ་བཞིན་དུ་ཉམས་སུ་ལེན་ཤེས་མཁན་ཚོར་གྲུབ་འབྲས་རེ་སྨིན་སྲིད་པ་རེད། ང་ཆེ་ང་བཙན་ཟེར་ནས་རྒད་པོས་བཤས་བཤའ་ས་དང་། རྒན་མོས་ཐགས་འཐག་ས་ཚང་མར་ཆེ་ཆེ་གཉན་གཉན་གྱི་མན་ངག་ཁྱི་ངན་གྱི་སྤུ་བཞིན་དུ་ཐུ་ལུ་ལུ་བྱེད་མཁན་ཚོས་རྫོགས་ཆེན་ཤེས་པ་ཕར་ཞོག རྫོགས་ཆུང་ཡང་ཤེས་པའི་གོ་སྐབས་ཡོད་ནི་མ་རེད།
ལྐལ་ལྡན་རིག་པ་ཅན་ལ་སྨན་ཡིན་ཏེ། ལྐལ་མེད་རྨོངས་པ་ཅན་ལ་དུག་ཏུ་གྱུར། གསུངས་ཡོད། ལྐལ་པ་དང་ལྡན་པ་བརྒྱ་སྟོང་མངས་པོ་འཚོགས་སར་གསུངས་པ་ཡིན་ནའང་སྐྱོན་མེད་གསུངས། ལྐལ་པ་མེད་མཁན་གཅིག་ལའང་མ་སྟོན་གསུངས་ཡོད་པ་རེད། །
#20 BONPO ་ལགས་ཀྱིས་སྤེལ་དོན།:
July 9th, 2016 at 9:49 pm
ཀ་བའི་སྟེང་གི་སྟོང་ཉིད་རྟག་པ་ཡིན་པར་འདོད་ན། ཀ་བའི་སྟེང་གི་སྟོང་ཉིད་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་མི་སྲིད། ་་་་་་་་ ཞེས་སོགས་ཀྱི་ལན་དུ།
་
ཀ་བ་མི་རྟག་ན་ཡང་། ཀ་བའི་སྟེང་གི་སྟོང་ཉིད་དེ། རྟག་པ་རེད། རྒྱུ་རྐྱེན་ལས་ཀ་བ་གྲུབ་ཙམ་ནས། རྒྱུ་མེད་ལས་དེའི་སྟེང་གི་སྟོང་ཉིད་ཡོད་པ་ཆགས་པ་རེད། ཀ་བ་འཇིག་འགྲོ་དུས་དེའི་སྟེང་གི་སྟོང་ཉིད་ཡང་། རྒྱུ་རྐྱེན་ཀྱིས་འཇིག་པ་མིན་པར། དགག་པའམ་མེད་པར་ཆགས་པ་རེད།
དེས་ན། རྟག་པ་ཟེར་དུས་མེད་པ་ཅིག་ཡོད་ཆགས་རྒྱུ་མེད་པ་དང་། ཡོད་པ་ཅིག་མེད་པར་འགྲོ་རྒྱུ་མེད་པ་ཅིག་ལ་མི་ཟེར་བར། རྟག་པ་གང་ཞིག་དུས་ཇི་ཙམ་རིང་པོར་གནས་ཡོད་ནའང་། ཡོད་ཚུལ་དེ། སྐད་ཅིག་སྐད་ཅིག་འཇིག་པ་ནས་ཡོད་མི་ཐུབ་པས། རྟག་པར་འཇོག་པ་རེད།
བོན་པོ་ཁྱོད་ཀྱི་དྭོགས་གནད་འདི་ཡང་། གལ་ཆེན་པོ་ཅིག་ཆགས་ཡོད་ཙང་ལན་ཕུལ་བ་ཡིན།
རྟག་པ་ལ་རྟེན་འབྱུང་གི་རྟེན་འབྲེལ་འཇོག་རྒྱུ་མེད་ཀྱང་། དངོས་པའམ་རྟག་པ་གཞན་ཅིག་ལ། ལྟོས་ནས་ལྟོས་གྲུབ་ཀྱི་རྟེན་འབྲེལ་འཇོག་ཐུབ་བོ།།
ལོ་བཞི་སྟོང་སྔོན་དུ་བོད་ཡིག་ཡོད་པའི་དཔང་རྟགས་རྙེད་པ།
https://www.facebook.com/photo.php?fbid=10201927658309943&set=pcb.10201927661310018&type=3&theater
ཏུང་ཧོང་དེ་སྟོང་༼ འོད་ ༽ ཟེར། ཡིན་པ་དང་། དར་ལམ་སྔོན་ལ། གཡུ་ལམ་གྲགས་པར་གསུངས།
https://www.facebook.com/photo.php?fbid=10201927658309943&set=pcb.10201927661310018&type=3&theater
ཏུང་ཧོང་དེ་སྟོང་༼ འོད་ ༽ ཟེར། ཡིན་པ་དང་། དར་ལམ་སྔོན་ལ། གཡུ་ལམ་གྲགས་པར་གསུང
https://www.youtube.com/watch?v=LwJyQAV1dkY
ཁང་དཀར་གྱིས། སྲོང་བཙན་ཆོས་ལ་དད་པ་ཡོད་མེད་མི་ཤེས་ཟེར།
https://www.youtube.com/watch?v=ZayCEwkXSgQ
ཆོས་གྲོགས་ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་དུས་ནས་དུས་སུ་མཆན་ལེན་བྲིས་གནང་བར་བཀའ་དྲིན་ཆེ་ཞུ། དེང་སང་དྲྭ་གྲོགས་ཚོས་བོད་རང་སའི་བོན་ལུགས་ཀྱི་གྱི་སྐོར་ལ་ཐུགས་སྣང་གང་མཚམས་གནང་གི་ཡོད་བཟོ་འདུག་པས་ཧ་ཅང་དགའ་པོ་བྱུང་། །
ཀརྡོ་གཉེར་ཕྱག་པ་ལགས་ཁང་དཀར་ཁོང་ངོ་མ་བདེན་པ་རེད། རྒྱུ་མཚན་གང་ཞེ་ན། སྲོང་བཙན་ནི་དུས་རབས་བཅུ་གཅིག་གི་རྗེས་སུ་བྱུང་བའི་ཡིག་ཆའི་ནང་དུ་ཆོས་རྒྱལ་ཐུགས་རྗེ་ཆེན་པོ་སྤྲུལ་པ་ཞེས་བཤད་ཡོད་ནའང་ཏུན་ཧོང་ཡིག་རྙིང་དང་རྒྱ་ཡི་ཐང་ཡིག་སོགས་ལ་དཔྱད་ན་དམག་སྲིད་ལ་མཁས་ཤིང་དཔའ་ངར་དང་བློ་སྤོབས་ཆེ་བའི་བཙན་པོ་ཞིག་ལས་ཆོས་ཀྱི་རྒྱལ་པོ་ཞིག་ཡིན་པའི་བཟོ་རྩ་བ་ནས་བཤད་མེད་པ་མ་ཟད། བོད་ཀྱི་ལོ་རྒྱུས་འགའ་ཤས་ནང་དུ་སྲོང་བཙན་ཁོ་རང་གིས་བཅས་པའི་ཁྲིམས་དང་འགལ་མི་དེ་ཚོ་ལ་མི་སྤྱོད་ལས་འདས་པའི་ཆད་པ་བཅད་་ཚུལ་གསལ་ཏེ། མགོ་བཅད་པ་དང་། ཡན་ལག་དང་ཉིང་ལག་བཏུབས་པ། མིག་བྲུས་པ། སྐེ་ལ་འཁོར་ཤིང་དང་ལྕགས་ཐག་བསྐོན་ནས་བསད་པ་ཧ་ཅང་མང་པོ་བྱས་པ་དེ་དག་གཞན་མིས་མཐོང་ནས་སྨ་འབེབས་དང་ལོག་ལྟ་བྱས་པར་བཤད། དེར་བརྟེན་ཆོས་རྒྱལ་ཟེར་བ་དང་བྱང་ཆུབ་སེམས་དཔའ་ཟེར་བ་ནི་སྒྲོ་བཏགས་ཡིན་པར་ཧ་ཅང་གསལ།
ཀ
ཤྰཀྱ་ཐུབ་པས་ལུང་བསྟན་ནང་། །
བོད་ལྗོངས་སྤྱན་རས་གཟིགས་ཀྱིས་སྐྱོངས། །
ལུང་བསྟན་དེ་ལ་གཞིར་བཟུང་ནས། །
སྲོང་བཙན་སྤྱན་རས་གཟིགས་སུ་དད། །
༸རྗེ་ཡི་དངོས་སློབ་དགེ་འདུན་གྲུབ། །
རས་འཕགས་རྣམ་སྤྲུལ་ཡིན་པར་དད། །
དེ་ཡི་༸བཅུ་བཞི་ཆེན་པོའི་བར། །
བོད་རིགས་བསྐྱངས་པར་ཀུན་གྱིས་ཤེས། །
ཁང་དཀར་སྡུག་རུས་ཚ་བོ་ཡིས། །
ཁང་དཀས་མངོན་པ་ཅུང་ཟད་ཤེས། །
རྒྱལ་རབས་གཞན་འབྲངས་སྨྲས་པ་ལས། །
རང་སྟོབས་འབྱེད་པའི་རྣམ་སྤྱོད་མེད། །
བོན་པོས་བོན་ཆོས་དར་རབས་ཤོད། །
ནང་པས་ནང་ཆོས་སྤེལ་རབས་ཤོད། །
བཤད་ཚད་ནང་ལ་ལེགས་ཉེས་གཉིས། །
ལེགས་བྱུང་ལེགས་འཇོན་འགྲན་ནས་ཤོད། །
གངས་སེང་་་ལ་དྲི་བ། བན་དེ་བས་རྫོགས་ཆེན་སྔགས་ཀྱི་ཆ་ཤས་ཡིན། སྔགས་ནང་ནས་སྔགས་བླ་མེད་ཡིན་ཞེས་བཤད། བོན་པོ་བས་སྔགས་ཐ་དད་དུ་འདོད། དོན་དངོས་ཐོག་བོན་ལུགས་པས་རྫོགས་ཆེན་སྔགས་བླ་མེད་མིན་པའི་རྒྱུ་མཚན་གསལ་པོ་གསུང་རོགས་ཞུ།