བཀྲ་ཤིས་དོན་འགྲུབ།
ཞོགས་པའི་ཡུལ་ལྗོངས་དེ་ཧྲིལ་པོ།།
སྨུག་པའི་ཀློང་རུམ་ན་འཐུམ་འདུག།
ང་ཡི་སེམས་ཁམས་ཀྱི་འཇིག་རྟེན།།
སྐྱོ་སྣང་བན་བུན་གྱིས་བཟུང་ཡོད།།
གཙུག་ལག་ཁང་ཆེན་གྱི་རྒྱ་ཕིབས།།
གླིང་གའི་དཀྱིལ་དབུས་ཀྱི་ལྗོན་ཤིང་།།
ཡོད་ཚད་ལྷིང་འཇགས་སུ་འདུག་སྟེ།།
སྐྱོ་བའི་གཞི་མ་ལས་མི་འདུག།
དགའ་སྐྱོ་ཟུང་འབྲེལ་གྱིས་བསྐྱལ་བའི།།
ལོ་དགུའི་མཇུག་ཐོག་ལ་སླེབ་པ།།
འདི་སྣང་སྣོད་བཅུད་ཀྱི་སྣང་བས།།
ང་ལ་སྔོན་བརྡ་རང་གཏོང་གི།
དབྱར་གྱི་དུས་མཇུག་ལ་སླེབ་སོང་།།
དགོན་པའི་གཡེར་དྲིལ་གྱི་སིང་སྒྲས།།
ང་ལ་གྱེས་བརྡ་རང་གཏོང་བས།།
ཞེ་སེམས་བདེ་ཐབས་ནི་མི་འདུག།
ང་ཡི་སློབ་ཡུན་གྱི་ལོ་ཟླ།།
ད་ནི་རྫོགས་དུས་ལ་ཐུག་འདུག།
གླིང་འདིའི་སྣོད་བཅུད་ལ་བསམས་ན།།
སེམས་པ་འཁྲེང་འཁྲེང་ཞིག་ཆགས་འགྲོ།།
དགོན་ཁྲིམས་བཙན་པོ་དང་ངེད་གཉིས།།
ཞེ་འཁོན་རྩོད་རྒྱུ་ཞིག་ཡོད་མོད།།
གྱེས་བྲལ་སྐྱོ་བ་ལ་བསམས་ན།།
ཞེ་འགྲས་འཁྲེང་སེམས་ལ་འགྱུར་འགྲོ།།
ཚོགས་ཆེན་དགེ་སྐོས་ཀྱི་ཁྲོ་ཞལ།།
བལྟས་ན་འཁོན་འཁོན་ཞིག་འདུག་སྟེ།།
ད་ལྟ་ཞིབ་འདངས་རེ་བརྒྱབས་ན།།
དེ་ཡང་དུང་དུང་ཞིག་འདུག་གཱ།།
ལྷིང་འཇགས་ཁོར་ཡུག་འདིའི་བཀོད་པ།།
ང་ཡི་ཞེ་བློ་ལ་ཐོགས་ཡོད།།
འདི་ནས་ཕ་རོལ་དུ་ཆས་ན།།
སྣང་བློ་བདེ་བདེ་རང་ཡོད་དམ།།
དྲན་པའི་ནགས་ཁྲོད་ནས་འཐེན་པའི།།
མདུན་ལམ་མག་མོག་དེར་བསམས་ན།།
གཏོལ་མེད་གཏད་སོ་དང་བྲལ་བའི།།
ཚེ་འདི་འཁང་སེམས་གྱི་གཞི་མ།།
སློབ་མའི་འཚོ་བ་འདིར་སུན་སོང་།།
འདི་དང་འབྲལ་རྒྱུར་ཡང་སྐྱོ་གི།
སྐྱོ་སུན་གཉིས་འདྲེས་ཀྱི་གཟེབ་ནས།།
ང་རང་ཐར་དུས་ཤིག་མི་འདུག།
(བློས་བླངས་ཀྱི་སྐད་ཆ་ཚིག་གཉིས།) དེ་རིང་ཞོགས་པ་ནི་དགོན་པའི་ཁོར་ཡུག་ཡོངས་རྫོགས་སྨུག་ལོང་གི་ཁྲོད་དུ་འཐུམས་ཤིང་། གཙུག་ལག་ཁང་ཆེན་དང་གླིང་ག་ཡོངས་རྫོགས་ལྷིང་འཇགས་དང་ཁུ་སིམ་གྱི་ཀློང་ན་གཉིད་འདུག སྣང་ཚུལ་འདིས་དབྱར་གནས་རྫོགས་ལ་ཉེ་ཞིང་ཡིག་རྒྱུགས་སླེབ་ལ་ཉེ་བའི་དྲན་གསོ་བསླངས་འོང་བར་བྱེད། དབྱར་གནས་རྫོགས་ལ་ཉེ་བ་ནི་ལོ་གཅིག་གི་དུས་ཚོད་ཧྲིལ་པོ་རྫོགས་ལ་ཉེ་བའི་སྔོན་བརྡ་ཡིན་ལ། ལོ་གཅིག་གི་མཇུག་སྡོམ་ནི་ང་ལ་མཚོན་ན་ལོ་དགུའི་སློབ་གཉེར་གྱི་དུས་ཡུན་ཡོངས་རྫོགས་ལ་མཇུག་སྡོམ་བརྒྱབས་འགྲོ་བ་ཡིན་པས། ཅི་ཡིན་འདི་ཡིན་མེད་པའི་སྐྱོ་ཤས་ཤིག་གིས་ཚིགས་བཅད་འདི་དག་དབང་མེད་དུ་ཐལ་སོང་།
བཀྲ་བའི་རྣམ་དཔྱོད་དེ་སྤྱད་ནས།།
ཤིས་ཚིག་ཐག་རིང་ནས་གྱེར་དུས།།
དོན་མཐུན་སེམས་ཁོང་གི་རེ་བ།།
འགྲུབ་པའི་སྨོན་ལམ་ཞིག་ཤོར་ཐལ།།
༼དོན་མཐུན། ཞེས་པ་འདུལ་བའི་གཞུང་དུ། ཕ་ཡུལ་བཞག་ནས་ཐག་རིང་དུ་ལྷགས་པའི་འགྲུལ་པ་ལ་བཤད་དོ།།༽
བཀྲ་མདངས་ལྡན་པའི་གདན་ས་རུ། །
ཤིས་པའི་སློབ་གཉེར་བྱེད་བཞིན་པའི། །
དོན་ལྡན་མཐར་ཕྱིན་གྲུབ་མཚམས་སུ། །
གྲུབ་དོན་ཚེ་མཐར་སྐྱོང་གལ་ཆེ། །
བོད་ཀྱི་སྐད་མི་བརླག་པའི་ཕྱིར་དུ། འདི་བཞིན་འབྲི་དགོས་པར་མཐོང་། དིང་སང་ཁ་བརྡ་ན། ཞོགས་པ་ཞེས་པ་མ་གཏོགས། སྔ་མོ་འམ་སྔ་དྲོ། ཞེས་བྲིས་ཡོད་པ་མིག་སྣང་དུ་འབྱུང་བ་མེད་པ་ལྟ་བུ་མཆིས། སྔར་གྱི་རིག་གཞུང་སྐད་དུ། སྔ་མོ་འམ་སྔ་དྲོ། ཟེར། དེས་ན། བོད་ཀྱི་དགོན་པ་རྣམས་སུ་སྔ་ཇ་དང་། དགོངས་ཇ་ཟེར་བ་ཡོད་ཀྱང་། ད་སྐབས་བོད་ཀྱི་ལུང་པ་འགར་ཞོགས་པ་མ་གཏོགས། སྔ་མོ་དང་སྔ་དྲོ་ཞེས་བཀོལ་སྤྱོད་མེད་པས་ལུང་སྐད་ཀྱིས་བོད་སྤྱི་སྐད་ཡིག་སྐད་དང་བོད་ཀྱི་ལུང་པ་གཞན་ན་ཡོད་པ་སྣུབ་པ་ལྟ་བུར་མཐོང་བས། རྣམ་དཔྱོད་ཅན་རྣམས་ཀྱིས་བོད་སྤྱི་ལ་ཁྱབ་པའི་རིག་གཞུང་སྐད་བཞིན་འབྲི་དགོས་པ་ཁོ་བོའི་སེམས་ལ་ཤར་བ་ལྟར་བྲིས་སོ།
སྙེད་དཀའ་དར་འབྱོར་འདི་སྙེད་ནས། །
མཇལ་དཀའ་སངས་རྒྱས་ཀྱི་བསྟན་མཇལ། །
སླད་དཀའ་གདན་འདིར་སླད་ནས། །
སྐྱོ་སྣང་དང་སུན་སྣང་མ་བྱེད། །
གདན་ས་འདིར་
སློབ་པ་དོན་དུ་གཉེར་བའི་དུས་རྫོགས་འགྲོ་བ་ཞིག་ཡོད་ན།
རིག་པ་ནང་པར་འཆི་ཡང་བསླབ་ཟེར་བ་དེ་བརྗེད་སོང་བ་མིན་འགྲོ། ཧ་ཧ།
རིག་པ་རྣམ་པ་མཆི་ཡང་བསླབ། །ཅེས་པའི་གསུངས་དེ་བདེན་ན་ཡང་། །
དུས་ཚོད་རྟག་འཛིན་མ་བྱས་ན། །མཆི་དུས་འགྱོད་ཀྱང་དོན་མེད་གྱུར། །
རང་གི་བསླབ་པར་སློབ་པ་ཡི། །དུས་ལ་རྫོགས་པར་མེད་གྱུར་ན། །
མཆི་བདག་གཤིན་རྗེས་ཟིན་དུས་འདིར། །སློབ་པའི་གོ་སྐབས་ཡོད་ལགས་སམ། །
མཆི་ཞེས་པ་འགྲོ་བའི་དོན་སྟེ། སྐྱབས་སུ་མཆིའོ། ལྟ་བུ་དང་། འཆི་ཞེས་པའི་ཤི་བའི་ད་ལྟ་བ་སྟེ། རིག་པར་ནང་པར་འཆི་ཡང་བསླབ། ཅེས་པ་ལྟ་བུའོ།
བོད་ཀྱི་སྐད་མི་བརླག་པའི་ཕྱིར་དུ། འདི་བཞིན་འབྲི་དགོས་པར་མཐོང་། དིང་སང་ཁ་བརྡ་ན། ཞོགས་པ་ཞེས་པ་མ་གཏོགས། སྔ་མོ་འམ་སྔ་དྲོ། ཞེས་བྲིས་ཡོད་པ་མིག་སྣང་དུ་འབྱུང་བ་མེད་པ་ལྟ་བུ་མཆིས། ་་་་ཟེར།
ཐོ་རང་།
ནམ་ལངས།
སྔ་དྲོ།
ཉིན་དགུང་།
ཕྱི་དྲོ།
དགོངས་དྲོ།
སྲོད་རུབ། ༼ངའི་ཕུལ་སྐད་ལ་ཤོད་རུབ་ཟེར།༽
མཚན་མོ།
མཚན་དགུང་།
སྔ་དྲོ། = morning
ཉིན་དགུང་། = noon
དགོངས་དྲོ། = evening
ཉིན་མོ། = day
མཚན་མོ། = night