མི་གསོན་པོ།
བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱུང་རིམ་ཁྲོད་དུ་ཆོས་བརྒྱུད་ཆེན་པོ་དག་གིས་ཕན་ཚུན་ལྟ་གྲུབ་མཐུན་མིན་གྱི་དགག་བཞག་དང་། ཆོས་ལུགས་ཀྱི་མིང་བྱང་ཁྱེར་ནས་གོ་ཐོབ་དང་མངའ་དབང་ཆེད་དུ་སེར་དམག་ཀྱང་རྒྱག་རེས་བྱས་སྐད། འོན་ཏེ་དུས་རབས་བཅུ་དགུ་པའི་ནང་དུ་མཐུན་འབྲེལ་གྱི་ལམ་དུ་གོམ་སྟབས་སྤོས་ནས་གཅིག་གྱུར་གྱི་ཐོག་ནས་ཉམས་བཞེས་མཛད་ཏེ་རིས་མེད་ཅེས་གྲགས་པའི་ལྟ་སྤྱོད་འོག་ཆོས་བརྒྱུད་ཆེན་པོ་དག་གི་མཐུན་འབྲེལ་ནི་ཧ་ཅང་ཚད་མཐོན་པོར་སླེབས་ཡོད།
དེ་ལྟའི་མཐུན་འབྲེལ་གྱི་བྱེད་པོ་དང་རིས་མེད་ཀྱི་སྲོག་ཤིང་དུ་གྱུར་པའི་མཁྱེན་ཀོང་གཉིས་ལས་རྫོང་གསར་མཁྱེན་བརྩེ་སྐུ་འཕྲེང་གཉིས་པའི་ཡང་སྤྲུལ་དེ་མ་ཐག་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ནི་ཁམས་སྤོ་བོ་ཀ་གནམ་རྒྱལ་པོའི་རྒྱུད་པ་སྙིགས་མའི་དུས་སུ་སློབ་དཔོན་པདྨ་སླར་ཡང་འབྱོན་པ་གྲགས་པའི་༧སྐྱབས་རྗེ་བདུད་འཇོམས་ཚང་གི་གདུང་འཛིན་གྲུབ་ཐོབ་ཆེན་པོ་འཕྲིན་ལས་ནོར་བུའི་གདུང་སྲས་འཁྲུལ་མེད་ཅིག་རེད།
བོད་ཀྱི་བླ་སྤྲུལ་ངོས་འཛིན་་བྱེད་པའི་ལམ་ལུགས་ལྟར་༧དཔལ་ས་སྐྱའི་གོང་མ་བདག་ཁྲི་རིན་པོ་ཆེས་ཐུན་མིན་མཉམ་གཞག་གི་ལམ་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ཐུགས་ཐག་བཅད། སྐུ་ན་ཧ་ཅང་ཆུང་བའི་དུས་ནས་དམ་པ་མང་པོའི་མདུན་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཀའ་སྲོལ་ཕལ་ཆེ་བ་དག་གསན་སྦྱོང་མཐིལ་ཕྱིན་མཛད། ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་ཕེབས་ནས་ནང་བསྟན་རིག་པ་སྤྱི་དང་བྱེ་བྲག་ཕྱག་རྫོགས་ཀྱི་གདམས་པ་ཕྱོགས་མེད་རྒྱ་ཁྱབ་ཏུ་སྤེལ། དུས་རབས་བཅུ་དགུ་པའི་ནང་དུ་མཁས་པའི་འབྱུང་གནས་དང་རིས་མེད་ཀྱི་བསྟི་གནས་སུ་གྲགས་པའི་ཁམས་བྱེ་རྫོང་སར་བཤད་གྲྭའི་རྒྱུན་འཛིན་ཆེད་འབྲུག་དང་རྒྱ་གར་སོགས་བཤད་གྲྭ་གསར་འཛུགས་གནང་། ནང་ཆོས་ཉམས་བཞེས་བྱེད་ཚུལ་གྱི་སྐོར་དེང་རབས་མི་ཡི་སེམས་ཁམས་དང་མཐུན་པའི་དེབ་ཁག་ཅིག་རྩོམ་གནང་བས་མཁས་པའི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ།
བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་ཡུལ་དུ་དར་སྤེལ་བྱུང་བའི་ཁྲོད་ནས་སློབ་མ་མང་ཤོས་དང་མཚན་སྙན་ཆེ་ཤོས་ཀྱི་བོད་ཀྱི་བླ་སྤྲུལ་ཞིག་ཡིན། ཁོང་ལ་བླ་སྤྲུལ་གཞན་དང་མི་མཚུངས་པའི་གསར་གཏོད་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་འཚོ་སྙེགས་མངའ་བས་དུས་རབས་ཀྱི་འགྱུར་འགྲོས་དང་སྒོ་བསྟུན་ནས་སྒྱུ་རྩལ་གྱི་ཐོག་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད། ཕོར་པ་དང་ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་སོགས་གློག་བརྙན་མང་པོའི་འཁྲབ་ཁྲིད་པ་མཛད་ནས་གྲགས་ཅན་གྱི་འཁྲབ་ཁྲིད་པ་དང་སྒྱུ་རྩལ་བ་དེ་བཞིན་མི་མང་བཅས་ནས་བསྔགས་བརྗོད་ཐོབ།
ཁྱད་པར་དུ་ཕོར་པ་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ནང་ནས་ཕུལ་བྱུང་གློག་བརྙན་གྱི་མཚན་གནས་དང་བྱ་དགའ་ཡང་ཐོབ་འདུག ཕོར་པ་ཞེས་པའི་གློག་བརྙན་འདིའི་ནང་དུ་བོད་གཞིས་བྱེས་གཉིས་ཀྱི་རེ་འདུན་དང་བསམ་བློ་གཙོ་འདོན་མཛད་ཡོད་ལ་གསར་རྙིང་གཉིས་ཀྱི་ལྟ་བ་མཐུན་འགྲིག་ལམ་དུ་བསྒྱུར་ཐུབ་པའི་གནས་ལུགས་ཀྱང་བཤད་ཡོད། ཕོར་པའི་ནང་དུ་བྱེས་སྡོད་བོད་མིའི་ཚབ་མཚོན་གྱི་ལོ་ན་ཡོལ་ནས་དབུ་ལོ་དཀར་པོ་ཆགས་ཟིན་པའི་བླ་རྒན་དེའི་རེ་བ་ནི་རང་ཡུལ་བོད་ལ་ལོག་རྒྱུ་ཁོ་ན་རེ་སྒུག་བྱས་ནས་མི་ཚེ་སྐྱེལ་བཞིན་པ་དང་། སྙིང་ལྟར་གཅེས་པའི་རང་གི་བུ་རྒྱུད་བཙན་བྱོལ་དུ་བཏང་ནས་རེ་བ་ཡོད་ཚད་བྱེས་སུ་བཅོལ་བཞིན་པའི་མ་རྒན་མོ་ཞིག་གི་གཟུགས་སུ་བཀོད་པའི་གཞིས་སྡོད་བོད་མིའི་སེམས་ཁམས་དང་དད་པ་རེ་འདུན་སོགས་དངོས་རྒྱུད་ཅི་རིགས་ནས་འབུར་དུ་ཐོན་པར་མཛད་ཡོད།
ད་དུང་བོད་དོན་རྒྱབ་སྐྱོར་པ་དག་ལ་བོད་མིས་སེམས་གཏིང་ནས་བཀའ་དྲིན་ཚོར་བའི་རྣམ་པའང་ཐོན་པ་མཛད་འདུག ངས་གློག་བརྙན་འདི་ལ་བལྟ་ཐེངས་རེར་རང་གི་གནས་བབ་དང་མ་རྒན་མོའི་རེ་འདུན་སོགས་དྲན་ལམ་དུ་འཁོར་ནས་མིག་ཆུ་བཞུར་བ་ལན་གྲངས་བྱུང་། མདོར་ན་སྐུ་སྐྱེ་གོང་མའི་ཞལ་འབག་རྫིག་པོ་རེ་གདོང་དུ་གྱོན་ནས་མཚན་གནས་སྐམ་པོ་རེས་གནས་སྐབས་གཞན་མགོ་བསྐོར་ཞིང་མཐར་ཐུག་རང་མགོ་གཡོགས་པའི་བླ་སྤྲུལ་གཞན་དང་མི་འདྲ་བའི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་སླར་ཡང་རང་གི་རྣམ་དཔྱོད་ཀྱི་ལམ་ནས་ཐོན་པའི་སྒྱུ་རྩལ་གྱི་ཕྱག་རྗེས་༼ཝ་རྭ༽བོད་སྐད་དུ་བྱིན་རླབས་ཤིག་ཅེས་པའི་གློག་བརྙན་དེ་ཉིད་ཨེ་ཤའི་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤོས་ཤིག་གི་མཛད་སྒོ་ནང་དུ་འདེམས་སྒྲུག་གིས་དབུ་འཛུགས་གློག་བརྙན་དུ་གཟིགས་སྟོན་ཞུས་འདུག
ད་དུང་ཆེད་ལས་པ་མང་པོས་གློག་བརྙན་འདི་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པའི་ཚོད་དཔག་གནང་བཞིན་འདུག་ལ་གློག་བརྙན་སུམ་བརྒྱ་ལྷག་ཙམ་ནང་ནས་ཆེས་ལེགས་པའི་རྩེ་ཕུད་ཀྱི་གློག་བརྙན་བཅུ་ཡི་ནང་དུའང་འདེམས་སྒྲུག་བྱས་འདུག
རིན་པོ་ཆེས་གསུངས་པ། “གློག་བརྙན་འདི་ནི་དད་པ་དང་། དམིགས་པ། ནུས་པ་སོགས་གཙོ་འདོན་བྱས་ཡོད་ལ་དེ་བཞིན་དུ་བུད་མེད་ཀྱི་ནུས་ཤུགས་ཀྱང་དམིགས་བསལ་འབུ་དོད་ཅན་དུ་བྱས་ནས་འཁྲབ་ཡོད། ད་དུང་གནའ་བོ་རྒྱ་གར་གྱི་རིག་གཞུང་དུ་གྱུར་པའི་གླུ་དབྱངས་དང་བྲོ་གར་རང་ཉིད་ཀྱི་དགའ་ཕྱོགས་ཆེ་བ་གཙོར་བཟུང་གིས་འཁྲབ་སྟོན་བྱས་ཡོད་པ་སོགས་རང་གིས་སྔར་ནས་བསྒྲུབ་འདོད་པའི་བྱ་གཞག་ཆེན་པོ་ཞིག་ལེགས་འགྲུབ་བྱུང་བའི་ཚོར་སྣང་བྱུང་བ་མ་ཟད་ད་ལན་གློག་བརྙན་གྱི་དུས་སྟོན་ཆེན་པོ་འདི་འདྲ་ཞིག་གི་ནང་དུ་འདེམས་སྒྲུག་བྱས་པ་ལ་དགའ་ཚོར་ཆེན་པོ་བྱུང་”ཞེས་གསུངས། ད་དུང་རིན་པོ་ཆེས་སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་ཤིག་ཀྱང་འཁྲབ་ཁྲིད་གནང་རྒྱུའི་ཐུགས་བཞེད་ཡོད་ཚུལ་གསུངས་འདུག །
སྤོབས་མཐའ་མཆོག་ལ་ཐུགས་རྗེ་ཆེ་ཞུ།
དགོང་དག །ཐུགས་རྗེ་ཆེ་མི་གསོན་པོ་མཆོག་ལ་ཞུ།
རྫོང་སར་མཁྱེན་བརྩེ་ནི། དེང་སང་སྤྲུལ་སྐུ་ཡོན་ཏན་མེད་མཁན་ན་གཞོན་དང་མི་འདྲ་། བཤད་པའི་ཐོས་བསམ་བྱ་བ་ལས་ཐོན། ཡང་ལ་ལྟ་བ་ཕྱོགས་རེས་ཅན། རང་གི་མ་གཏོགས་གཞན་ཐམས་ཅད་མི་ལེགས་མི་ཤེས་ཟེར་ནས་ད་དུང་ལོ་གསུམ་ཕྱིགས་གསུམ་ལས་ཐོན་ཡོད་ཟེར་བོ་ཏི་འཕྲེང་གོག་སྐེ་ལ་བཏགས་པ་དང་མི་འདྲ་བ། སྒྲུབ་བ་མཛད་དེ་རང་རྒྱུད་ཉིན་མོང་ཆུང་བ། རེས་མེད་ཀྱི་ཆོས་རྒྱུད་བཞི་ལ་ཀུན་ལ་གུས་ཤིང་། རང་ལུགས་མི་ཉམས་པ་ཅན་པོ་བླ་མ་ཞིག་ཡིན།
ངོ་མ་བླ་མ་དེ་འདྲ་བོད་པའི་སྤྱི་ཚོགས་ལ
་དགོས་ངེས་རེད། མངོན་པར་བསྟོད་དོ། །
བླ་མས་གློག་བརྙན་འཁྲབས་ཁྲིད་བྱེད་མཁན་ཐོག་མར་ཁོང་ལས་ཡོད།
རྩོམ་པ་པོ་མི་གསོན་པོ་ལགས་ཀྱི་རྩོམ་རྩལ་ལ་བྱང་ཆ་དང་ཁྱད་ཆོས་བླ་ན་མེད་པ་མངའ་བས་འདི་ལྟར་རྩོམ་ཡིག་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
དད་ལྡན་སྟོང་ཕྲག་མང་པོའི་སྔོན་ཆགས་གཏམ་བཤད་པ། ཡི་དམ་དཀྱིལ་འཁོར་གྱི་མདུན་སློབ་མ་སྐྱེར་རྒྱུག་བྱེད་བཅུགས་པ། ཆོས་ཁྲིའི་སྒང་ལ་བསྡད་ནས་སྐྲ་རྫུན་གྱོན་གད་མོ་སློང་ཐབས་བྱེད་ལ་སོགས་པ་ཀྱང་གླེང་ན་ཡག་པོ་འདུག
བྱ་བྲལ་བ་ལྟ་བུར་གནས་ཞིང་རྒྱུ་བའི་རྩོམ་པོ་ལས་གཞན། མིའི་ནང་གི་སྨྱུག་ཐོགས་པ་མི་གསོན་པོ་ནི་གསོན་ཉམས་དོད་པོར་འདུག
དངོས་གནས་བཟང་གི་ཡ་
སྤྲུལ་སྐུ་དེ་རྟོགས་པ་ཅི་འདྲ་ཡོད་མེད་མི་ཤེས། སྤྱོད་པ་དང་ངོ་གཟུགས་ལ་བལྟས་ན་བླ་མའི་བཟོ་སྟབས་ཤིག་མི་འདུག དེང་རབས་ཀྱི་ཤེས་ཡོན་ཡོད་པའི་གྲྭ་གཟུགས་ཅན་ཞིག་ནི་རེད་འདུག
འདས་པའི་དུས་ཀྱི་རྒྱ་བོད་ཀྱི་གྲུབ་ཆེན་དེ་ཚོ་ལ་ཡང་སྤྱོད་པ་བཟང་པོ་ཞིག་ཡོད་རབས་མེད།
བདེན་པ་ཟེར་མཁན་ཆོས་རྒྱུད་ས་སྐྱ་བ་ཞིག་ཡིན་པ་འདྲ་། ས་སྐྱ་གླད་རྙིང་ཅན་འགའ་ཁོང་མ་མི་དགའ་བ་རེད། ཁོང་ནི་གུ་རུའུ་གཏེར་ཆོས་གཙོར་མཛད་པ་རེད། དེང་སང་ཡང་བཀའ་བརྒྱུད་གླད་སྟོང་ཅན་གུ་རུ་ལ་ཁ་བཏང་བ་རེད་བློ་ཕམ་ཅན་ཞིག་ཡིན
རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་མཛད་བཟང་ལ་རྗེས་སུ་ཡི་རང་ཞུ།
བོད་ཀྱི་རིག་གཞུང་གིས་བོད་རིགས་རྣམས་ཡར་འཛེགས་ཐུབ་ངེས།
གནས་ཚུལ་འབྲི་བ་པོའི་ཡི་གེ་འགོད་སྟངས། སྤོབས་པ་མཐའ་ཡས་ནས་གསུངས་པ་ལྟར་ལེགས་པ་ནས་སྐྱོན་བྲལ་བཟང་ཤོས་ཆགས་པའི་རེ་འདུན།
“༼ཝ་རྭ༽བོད་སྐད་དུ་བྱིན་རླབས་ཤིག” ཝ་རྭ། ཞེས་པ་ལེགས་སྦྱར་གྱི་མིང་ཚིག་ཡིན་ནམ། ཝ་ར། ཞེས་པ་བོད་སྐད་དུ། མཆོག ཅེས་དང་། ཨིན་སྐད་ཏུ། boon ཞེས་བྲིས་སོ།
སྤོབས་པ་དང་མཁས་དབང་རྒན་རབས་པ་ལ་དྭགས་བློ་བཟང་འཇམ་དཔལ་སོགས་ཀྱིས་བསྟོད་བསྔགས་དང་དག་བཅོས་དགོངས་འཆར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ།
རྫོང་གསར་མཁྱེན་བརྩེའི་སྐོར་ང་ལ་རྒྱུས་ཆེན་པོ་མེད་ཀྱང་། ཉེ་ཆར་ཁོང་བོད་དུ་ཕེབས་པའི་གཏམ་བཤད་ཅིག་ཡིག་ཐོག་ནས་མཇལ་བྱུང་བས་ང་རང་དངོས་གནས་ཁོང་ལ་ཡིད་སྨོན་ཤོར་བྱུང་། རྒྱུ་མཚན་ནི་གཏམ་བཤད་དེ་ལས་ཁོང་ཉིད་ནི་དེ་སང་གི་མི་རྫུས་དེ་འདྲའི་གྲས་མིན་པར། ཕྱི་གསལ་ནང་གསལ་དང་དྲང་པོ་དྲང་བཞག་གི་ཡོན་ཏན་པ་ཞིག་ཡིན་པ་གསལ་རྟོགས་ཐུབ་པས་སོ།། དེ་བས་ད་རེས་ཁོང་གི་གློག་བརྙན་དེ་ལེགས་གྲུབ་བྱུང་བར་ཡིད་རངས་ཞུས་པ་ཡིན་ལ། མུ་མཐུད་ནས་མཛད་ཕྲིན་རྒྱས་པའི་རེ་སྨོན་བྱེད།
མཁས་གྲུབ་གཉིས་ལྡན་གྱི་མཁྱེན་བརྩེ་རིན་པོ་ཆེའི་འགྲོ་དོན་རྒྱས་པར་ཤོག
རིན་པོ་ཆེའི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
རིན་པོ་ཆེ་མཆོག་གི་མཛད་པ་རྒྱས་གྱུར་ཅིག
ཡག་པོ་འདུག་་་
The cup ཟེར་བའི་གློག་བརྙན་དེ་སྐད་གྲགས་ཆེ་སེ་བ་བྱུང་འདུག དེ་ལྟ་སྙིང་བྲོ་བ་ཞིག་རེད། འདིར་ཕོར་བ་ཞེས་བསྒྱུར་བ་དོན་ལ་མི་གནས་པས་དེ་ལས་བུམ་པའམ་(བྱ་དགའི་བུམ་པ)ཟེར་ན་བདེ་ས་རེད་སྙམ།