བཅར་འདྲི་ཞུ་མཁན། རྫ་ཚེ་རིང་བཀྲ་ཤིས།
ཐོག་མར་གུས་པའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། དེ་རིང་ངས་གུས་དང་རིན་པོ་ཆེའི་བར་གྱི་མི་སྒེར་གྱི་འབྲེལ་བ་གཞན་དག་བཏང་སྙོམས་སུ་བཞག་ནས་དེང་སྐབས་སྤྱི་ཚོགས་འབྲེལ་འཐུད་དྲ་བ་སོགས་སུ་དོ་སྣང་བྱེད་བཞིན་པའི་ཁྱེད་དང་འབྲེལ་བའི་གླེང་སློང་འདྲ་མིན་ཁག་ཅིག་གི་ཐོག་དྲི་བ་འགའ་འགོད་འདོད་བྱུང་། ཁྱེད་རང་སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅན་ཞིག་ཡིན་པའི་ཆ་ནས་དངོས་ཡོད་གནས་སྟངས་དངོས་མི་མང་ལ་དྲང་པོ་དྲང་བཞག་བྱས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ནི་སྤྱི་ཚོགས་དང་མི་མང་ལ་འགན་འཁུར་སྟངས་ཤིག་རེད་ལ། ངས་ཁྱེད་རང་རང་གི་ས་ནས་གཤམ་གྱི་དྲི་བ་དག་ལ་ལན་དྲང་པོ་དང་ཁ་གསལ་ཞིག་ཐོབ་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།
དྲི་བ་དང་པོ། ང་ཚོས་རྟག་པར་དྲ་ལམ་ནས་རིན་པོ་ཆེ་དང་འབྲེལ་བའི་སྐོར་གྱི་པར་རིས་ཁྱད་མཚར་དེ་འདྲ་མཐོང་གིན་ཡོད། དེ་ལ་བལྟས་ནས་འགའ་རེས་རྫོང་སར་རིན་པོ་ཆེ་ཟེར་བ་དེ་སྨྱོན་པ་འདྲ་པོ་འདུག་ཅེས་ལབ་ཀྱི་འདུག ལོ་རྒྱུས་ཐོག་ཧ་ཅང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་སྲིད་ཡིན་པའི་ཆ་ནས་བཤད་སྟངས་དེར་རང་ངོས་ནས་བསམ་ཚུལ་ག་འདྲ་ཡོད།
ལན། ང་ནི་རང་བློ་ཡང་རང་ལ་ལྐོག་ཏུ་གྱུར་པའི་གང་ཟག་ཅིག་ཡིན། ཡིན་ནའང་ང་རང་རང་གི་དགོན་པ་དང་གདན་ས་ཆུང་ཆུང་ཙམ་ཞིག་མ་ཡིན་པར་ཤཱཀྱ་ཐུབ་པའི་བསྟན་པ་སྤྱི་ལ་རྒྱུ་མཚན་ཏོག་ཙམ་ཤེས་པའི་དད་པ་ཡིད་ཆེས་དང་བ་བཅས་མ་སྐྱོན་ཙམ་ཡོད་ཟེར་ན་འགྲིགས། བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་ཙམ་ཞིག་མ་ཡིན་པར། འཛམ་བུ་གླིང་གཞན་ལ་ཡོད་པའི་ཆོས་བརྒྱུད་དེ་ཚོ་ཡང་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་གི་ལུགས་སྲོལ་ཞིག་རེད་བསམས་ནས་དེ་ཚོ་ལའང་སེམས་ཁྲལ་དང་། ཡག་པོ་ཆགས་ཀྱི་ཡོད་ན་དགའ་པོ་བྱེད་པ་དང་། སྡུག་པོ་ཆགས་ཀྱི་ཡོད་ན་སེམས་པ་མ་སྐྱིད་པ་རེད་ཀྱི་ཡོད།
འཇིག་རྟེན་གྱི་ངོས་ནས་བཤད་ན། ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཤ་ཞེན་ཡོད་དྲན་གྱི་འདུག ཡེ་ཤུ་དང་ཁ་ཆེའི་རིགས་དེ་དེང་སང་དར་ཁྱབ་ཆེན་པོ་ཡོང་བའི་སྐབས། ང་ཚོ་ནང་པ་སངས་རྒྱས་པའང་ཁོ་ཚོ་ནང་བཞིན་སྟོབས་ཆེན་པོ་དང་དར་ཁྱབ་ཆེན་པོ་ཡོང་ན་ཅི་མ་རུང་ཞེས་བསམ་མཁན་ཞིག་ཡིན། དེ་རྣམས་མ་གཏོགས་ཕལ་ཆེར་དམ་པའི་ཡོན་ཏན་མེད་པའི་སྟེང་ལ། མི་གཤིས་རྒོད་པོ་དང་། རང་གི་སྒོ་གསུམ་གྱི་ཁྲིམས་ཀྱང་རང་གིས་བསྡམས་མི་ཐུབ་མཁན་ཡིན་དུས་མི་ཚོས་སྨྱོན་པ་རེད་ཅེས་ལབ་མཁན་ཡོད་ཀྱི་རེད། ཁག་གཏན་ནས་མེད་པ་རེད་ཅེས་དྲན་གྱི་འདུག
སྐུ་གོང་མ་ཉི་ཟླ་ལྟ་བུ་གཉིས་ཀྱི་མཚན་གྱི་ཅོད་པན་དེ་ང་ལ་ཐོགས་ནས་མཚན་ཤས་དང་ཞབས་འདྲེན་གཏན་གཏན་ཆགས་ཀྱི་རེད། ང་ལོ་ཆུང་ཆུང་སྐབས་སུ་དགེ་རྒན་དམ་པ་ཚོས་རྟག་པར་ཞི་དྲག་གཉིས་ཀའི་ཐོག་ནས་བཀའ་སློབ་དང་ལམ་སྟོན་མང་པོ་གནང་ཡོད། ཆུང་དུས་གཟབ་གཟབ་བྱས་པ་རེད། དགེ་རྒན་ཚོ་ལ་སྐྲག་དགོས་རེད། ཐ་ན་ཁྲིའི་སྒང་ལའང་ཙོག་ཙོག་བྱས་ནས་གསེར་སྐུ་ནང་བཞིན་བསྡད་ཡག ཕར་ཚུར་འགྲོ་དུས་ཀྱང་ལྷབ་ལྷབ་བྱས་ནས་འགྲོ་བ་མ་ཡིན་པར་རིག་པ་བསྒྲིམས་ནས་འགྲོ་བ་དེ་འདྲ་བྱས་པ་ཡིན།
ཡིན་ནའང་གཤིས་ཀ་ཟེར་མཁན་དེ་བསྒྱུར་བཅོས་གཏོང་རྒྱུ་ལ་དཔེ་དཀའ་ལས་ཁག་པོ་ཡིན་ཙང་། ང་གཤིས་ཀ་རྒོད་པོ་ཡིན་དུས་དབང་པོའི་སྒོ་དེ་བསྡམས་མི་ཐུབ་པ་ཆགས་ཀྱི་འདུག དེ་ཡིན་དུས་ཆུང་དུས་ནས་མི་རྒོད་ཀྱི་གྲས་ལ་སླེབས་སོང་བ་རེད། ཡིན་ནའང་ངའི་རྩ་བའི་བླ་མ་ཐམས་ཅད་ཀྱིས་ཐུགས་རྗེའི་རྭ་བ་ལས་མ་འདོར་བའི་སྟེང་ལ། ད་དུང་ཧ་ཅང་གི་གཟིགས་པ་རླབས་པོ་ཆེ་གནང་བའི་བྱིན་རླབས་དང་བཀའ་དྲིན་ཤིན་ཏུ་ཆེ་བ་རེད་ཅེས་བསམ་ཤེས་ཀྱི་ཡོད། སྤྱིར་བཏང་དེང་སང་སྐྱེས་ཆེན་དམ་པའི་ཡང་སྲིད་ཅིག་རེད་རྒྱུའི་ཆེད་དུ་ཚང་ཀ་ཤིག་ཤིག་བརྒྱབས་ཀྱི་འདུག་སྟེ། ཡིན་ནའང་སྐུ་གོང་མ་དེ་མཚན་སྙན་གྲགས་ཆེན་པོ་ཡོད་པ་ཡིན་ན། དེང་སང་གི་དུས་ཚོད་ལ་དེའི་ཡང་སྲིད་དེས་འཕྲོ་འཐུད་པ་དང་། སྐུ་གོང་མའི་རྣམ་ཐར་སྐྱོང་ཟེར་བ་འདི་ཧ་ལས་པའི་དཀའ་ལས་ཁག་པོ་མིན་འགྲོ་དྲན་གྱི་འདུག
སྐུ་གོང་མའི་རྣམ་ཐར་སྐྱོང་ཐུབ་པའི་རེ་བ་དང་སྨོན་ལམ་ཙམ་ཞིག་བརྒྱབ་ཤེས་མཁན་ཡོད་ན་ཡང་ཞེ་དྲག་ཡག་པོ་རེད། ང་ནི་སྐུ་གོང་མའི་རྣམ་ཐར་སྐྱོང་ཐུབ་རྒྱུ་ཕར་བཞག ཁྱོད་ཀྱི་དྲི་བའི་ནང་ཡོད་པ་ནང་བཞིན་དངོས་ནས་སྐུ་གོང་འོག་གཉིས་ཀའི་མཚན་ཤས་ཆགས་དང་ཆགས་བཞིན་པ་ཡིན་བསམ་གྱི་འདུག ཡིན་ནའང་སྐུ་གོང་འོག་གཉིས་ཀ་ལ་གསོལ་བ་བཏབ་སྟེ། ཁོང་རྣམ་པ་གཉིས་ཀའི་སྨོན་ལམ་ཇི་ལྟ་བ་བཞིན་བསྒྲུབ་ཐུབ་པའི་སྨོན་འདུན་ནི་ཅུང་ཟད་རེ་བྱེད་ཀྱི་ཡོད།
དྲི་བ་གཉིས་པ། ངས་མཐོང་མྱོང་བའི་རྒྱ་ཡིག་གི་གཟུགས་མཐོང་བརྙན་འཕྲིན་དེ་འདྲའི་ནང་ཁྱེད་ཀྱིས་ཕོ་མོའི་བརྩེ་དུང་གི་འཚོ་བ་རོལ་མྱོང་བ་དང་། དགའ་རོགས་དེ་འདྲ་ཡོད་ཅེས་གསུང་འདུག དེ་དངོས་འབྲེལ་རེད་དམ།
ལན། དེ་དངོས་འབྲེལ་རེད། ད་ལྟ་ཁྱེད་ཀྱིས་བཀའ་དྲི་གནང་བ་ནང་བཞིན་ཁ་ཐུག་ང་ལ་དྲི་མཁན་ཡོད་ན། ད་བར་དུ་སྦ་གསང་དང་། དེའི་སྐོར་ལ་འཁྱོག་བཤད་དེ་འདྲ་བྱེད་རྒྱུ་མ་བྱུང་། སྤྱིར་བཏང་བདག་ཅག་གི་སྟོན་པས་ཐར་པའི་ལམ་དེ་ངས་བསྟན་ཁྱེད་ལ་བསྟན་ཡོད་པ་ལས། ཐར་པ་དེ་སྒེར་སོ་སོ་ལ་རག་ལས་ཡོད་པར་གསུང་ཡོད་སྟབས་བག་ཡོད་པ་བྱེད་དགོས་པ་ཅིག་རེད། དེ་མ་གཏོགས། བཙན་པོ་དབང་ཡོད་དང་། ཡིན་གཅིག་མིན་གཅིག་དེ་འདྲ་བྱེད་དགོས་རེད་ཟེར་བ་དེ་འདྲ་སངས་རྒྱས་པའི་ཆོས་ལ་རྩ་ནས་མེད་པ་རེད། སངས་རྒྱས་པའི་ཐེག་པ་རིམ་པ་མ་འདྲ་བའི་ནང་ལ་རང་རང་སོ་སོའི་དབང་པོ་དང་། བློ་དང་། ནུས་པ་དང་། ཁམས་དང་བསྟུན་ནས་ལམ་གང་དུ་འཇུག་རྒྱུ་དེ་རང་རང་སོ་སོས་བསམ་བློ་བཏང་ནས་འཇུག དེའི་ཁས་ལེན་དང་དམ་བཅའ་ལ་སོགས་པ་བྱས་ཚར་བའི་གཞུག་ལ་དཔྱིས་ཕྱིན་པ་ཚང་བ་མ་ལུས་པ་ཞིག་བྱེད་དགོས་པ་ཞིག་རེད་དེ་ཡོད་པ་རེད། དེ་ནང་པ་སངས་རྒྱས་པའི་གཟི་བརྗིད་རེད་མ་གཏོགས་སྐྱོན་ཆ་ཆགས་ཡོད་པ་མ་རེད། དཔེར་ན། ཤཱ་རིའི་བུ་དང་གནས་བརྟན་ཉེ་བར་འཁོར་ལྟ་བུ་འདུལ་བ་འཛིན་པའི་ལམ་ཉམས་བཞེས་གནང་མཁན་ཡང་ཡོད་པ་རེད་ལ། འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལྟ་བུ་ཁྱིམ་པའི་རྟུལ་བཞུགས་བསྐྱངས་མཁན་དེ་འདྲའང་ཡོད་པ་རེད། མ་འདྲ་བ་ཡོད་པ་དེ་ནང་པའི་གཟི་བརྗིད་རེད།
ང་ཚོའི་བོད་ལ་ཡང་འདུལ་བ་འཛིན་པའི་སྤྱོད་པ་ལ་གནས་ནས་ཉམས་བཞེས་གནང་མཁན་གྱི་ཕྱོགས་གཅིག་དང་། ཁྱིམ་པའི་བརྟུལ་ཞུགས་བསྐྱངས་ནས་ཆོས་བྱེད་མཁན་གྱི་ལུགས་སྲོལ་ཞིག་སྟེ་གཉིས་སྔོན་མ་ནས་ཡོད་པ་རེད། འདུལ་བ་འཛིན་པའི་རྟུལ་ཞུགས་ཀྱིས་བསྟན་པ་སྐྱོང་མཁན་དང་། ཁྱིམ་པའི་རྟུལ་ཞུགས་ཀྱིས་བསྟན་པ་སྐྱོང་མཁན་གཉིས་ཀ་ཧ་ཅང་གི་བྱས་རྗེས་ཆེན་པོ་ཡིན་པ་འདྲ་མཉམ་རེད། དངོས་ནས་བྱས་ན་གང་ཟག་སོ་སོའི་འདུལ་འཛིན་གྱི་ལམ་ཉམས་སུ་ལེན་གྱི་ཡིན་ནམ། ཡང་ན་ཁྱིམ་པའི་བརྟུལ་ཞུགས་སྐྱངས་ནས་ཆོས་བྱེད་ཀྱི་ཡིན་པ་དེ་སྒེར་སོ་སོའི་བསམ་བློ་དང་བསྟུན་ནས་བྱེད་རྒྱུ་མ་གཏོགས། མཐའ་གཅིག་ཏུ་ཁྱིམ་པ་མ་བྱས་ན་མ་ཆོག་པ་དང་། ཡང་ན་གྲྭ་པ་མ་བྱས་ན་མ་ཆོག་པ་དེ་འདྲ་སངས་རྒྱས་པའི་ཆོས་ནང་ལ་བཙན་པོ་བཀས་བཀོད་ཡོད་པ་མ་རེད།
ཡིན་ནའང་མཚམས་མཚམས་ལ་ལུང་པའི་གོམས་གཤིས་དང་མི་རིགས་ཀྱི་གོམས་གཤིས་དེ་ཤུགས་ཆེན་པོ་ཆགས་པའི་དབང་གིས་མ་བྱས་ན་མ་འགྲིགས་པ་དེ་འདྲའང་ཡོད་སྲིད་ཀྱི་རེད། དཔེར་ན། དགའ་ལྡན་ཁྲི་པ་ཡུམ་བཞེས་བསྡད་པ་ཞིག་ད་ལྟ་བར་དུ་བྱུང་ཡོད་པ་མ་རེད་ལ། དེ་འདྲ་བྱས་པ་ཡིན་ན་ཕལ་ཆེར་བསམ་པའི་ནང་འཁོར་མ་ཐུབ་པ་དེ་འདྲ་ཆགས་ཀྱི་རེད། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་ངོར་མཁན་ཁག་སྐུ་ཕྲེང་རིམ་བྱོན། སྨིན་གླིང་མཁན་ཁྲི་རིམ་བྱོན་ཕལ་ཆེ་བ་དེ་ཚངས་སྤྱོད་ཆགས་བསྡད་པ་ཡིན་དུས་ཡུམ་བཞེས་ན་སྤྱི་ཚོགས་ཀྱི་སྟེང་ནས་དམིགས་བསལ་མ་འགྲིགས་པ་ཆགས་པ་འདྲའི་བསམ་བློ་གཏོང་སྟངས་དེ་འདྲ་སླེབས་ཀྱི་ཡོད།
དེ་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་བཏང་སྟངས་རེད་མ་གཏོགས་འདུལ་བའི་ནང་ལ་དེ་ཚོས་དམིགས་བསལ་ཡུམ་བཞེས་ཆོག་གི་མ་རེད་ཟེར་བ་དེ་འདྲའི་སྐད་ཆ་མེད་པ་རེད། འོན་ཀྱང་ཁོང་ཚོས་གལ་ཏེ་ཡུམ་བཞེས་བཞག་པ་ཡིན་ན་དེ་ནས་འདུལ་བའི་ལས་རབ་འབྱམས་སོགས་ལ་མི་དབང་བ་ནི་བརྗོད་མ་དགོས་པ་རེད།
མ་གཞི། ལུང་པ་དང་སྤྱི་ཚོགས་ཀྱི་གོམས་གཤིས་ཟེར་མཁན་དེ་ཧ་ཅང་གི་ཤུགས་ཆེན་པོ་ཡིན་པ་གཏན་གཏན་རེད་བཞག ང་ལ་ཡང་ཁམས་སྡེ་དགེ་ཕྱོགས་ནས་ཡིན་ཟེར་བའི་གྲྭ་པ་ཁ་ཤས་ཀྱིས་ངའི་རྩར་འོང་ནས་རིན་པོ་ཆེ་ཁྱེད་ཀྱིས་བཀའ་མོལ་འདྲ་མི་འདྲ་དང་། དགེ་ཚུལ་སློང་མ་ཡིན་པའི་སྐོར་གསུང་གི་འདུག དེ་འདྲ་མ་གསུངས་རོགས་གྱིས། འཇམ་དབྱངས་མཁྱེན་བརྩེ་ཟེར་མཁན་དེ་ཡིན་གཅིག་མིན་གཅིག་རབ་བྱུང་བྱེད་དགོས་རེད་ཟེར་གྱི་འདུག དེ་འདྲ་ཟེར་མཁན་ཐེངས་ཁ་ཤས་ཤིག་དངོས་སུ་བསླེབས་སོང་། དངོས་སུ་དེ་འདྲ་བཤད་མཁན་དག་ལ་ཁ་རི་ཁ་ཐུག་དྲང་པོ་དྲང་རྐྱང་བྱས་ནས་བཤད་པ་ཡིན། དྲང་པོ་བཤད་ན་ཡག་གི་རེད། འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན་དེ་ཡིན་གཅིག་མིན་གཅིག་དགེ་ཚུལ་སློང་གི་སྡོམ་པ་གསན་དགོས་པའི་ཁྱབ་པ་ཡོད་པ་མ་རེད་ཅེས་བཤད་རྒྱུ་བྱུང་། དངོས་སུ་དེ་འདྲ་བཤད་ནའང་ཀུ་རེ་དང་རྩེད་མོ་ཡིན་པའི་དབང་དུ་བཏང་ནས་ཡིད་ཆེས་གཏན་ནས་བྱེད་ཀྱི་མི་འདུག དངོས་སུ་མི་ཡིས་མི་ལ་ཕར་བཤད་དུས་ཡིད་མ་ཆེས་ན་དེ་ནས་བྱ་ཐབས་མེད་པ་རེད།
ང་ལོ་ཉི་ཤུ་ལྷག་ཙམ་སོན་དུས་ངའི་ཞབས་ཕྱིས་དྲག་ཞན་ཁ་ཤས་ཤིག་དང་། བླ་མ་ཁ་ཤས་ཤིག་གིས་སྐུ་གོང་འོག་གཉིས་ཀྱིས་དགེ་ཚུལ་སློང་གི་སྡོམ་པ་དེ་སྨིན་གྲོལ་གླིང་གི་སྡོམ་རྒྱུན་གསན་ཡོད་པ་རེད། ཞ་དེའུ་འཁྲུལ་ཞིག་རིན་པོ་ཆེས་དེ་སྐབས་སྡོམ་རྒྱུན་སྤེལ་གནང་དུས་ཁྱེད་རང་གིས་དེ་ནས་ཞུ་ན་ཡག་གི་རེད་ཅེས་བཀའ་གནང་སོང་། ཡིན་ནའང་དེ་དུས་ནས་ང་དགེ་ཚུལ་སློང་གི་སྡོམ་པ་ཞུས་ནས་སྲུང་ཐུབ་རྒྱུའི་སྤོབས་པ་གཏན་ནས་མེད། མེད་པ་ནང་བཞིན། མུ་འཐུད་བསྲུང་རྒྱུ་དཀའ་ལས་ཁག་པོ་རེད། ཡོང་ཁག་པོ་རེད་ཅེས་ངས་རང་གི་བསམ་ཚུལ་ངོ་མ་དེ་ཞུས་པ་ཡིན། ཡིན་ནའང་མཐར་ཁོང་ཚོས་རེ་བ་བྱས་པ་ནང་བཞིན། ཟླ་བ་ཁ་ཤས་དང་ཡང་ན་ལོ་ཁ་ཤས་ཀྱི་རིང་ལ་ཞུས་བཞག་པ་ཡིན་ན་ཡང་ཤཱཀྱའི་སྲས་ཤཱཀྱའི་གདུང་ཟེར་མཁན་དེ་མཐར་ཁྲིམས་འཆལ་རེད་སོང་བ་ཡིན་ནའང་། བསླབས་པ་རྒྱུད་ལ་བླངས་པ་ཙམ་ལའང་དགེ་བའི་རྩ་བ་བླ་ན་མེད་པ་ཡོད་ཅེས་གསུངས་པ་ཡིན་དུས་ཅིག་འགྲིག་འགྲོ་གི་ཡོད་པ་མིན་འགྲོ་དྲན་ནས་དེ་འདྲར་བསམ་བློ་བཏང་ནས་ཞུས་པ་ཡིན།
ཡང་ཕྱོགས་གཅིག་ནས་ངའི་རིགས་རྒྱུད་དེ་རྩ་ཆེན་པོ་ཞེད་པོ་ཞིག་རེད་ཟེར་ནས་སྐད་ཆ་བཤད་རྒྱུ་ཡོད་པ་རེད། ངའི་ནང་མིའི་ནང་ལ་ང་བུ་ཆེ་ཤོས་ཡིན་དུས་ཁ་ཤས་ཀྱིས་ངེས་པར་དུ་གདུང་རྒྱུད་སྤེལ་དགོས་ཀྱི་རེད་ཟེར་མཁན་ཡང་བྱུང་སོང་། གདུང་རྒྱུད་སྤེལ་རྒྱུ་དང་ཁྱིམ་ཐབས་བསྟེན་ཟེར་མཁན་དེ་ཡང་ང་རང་གི་གཤིས་ཀ་དང་བསྟུན་ཡོང་དུས་དེ་ཡང་མི་ཐུབ་པ་ཞིག་ཡིན་པ་རང་གིས་ཧ་གོ་གི་ཡོད་ཙང་བྱེད་རྒྱུ་བྱུང་མ་སོང་།
དྲི་བ་གསུམ་པ། མི་ཚོའི་ནང་ལ་སྤྲུལ་སྐུས་ཡུམ་བཞེས་ན་འགྲིག་གི་རེད་ཟེར་མཁན་འདུག ཁྱེད་ཀྱིས་རང་ཉིད་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་དེ་གོ་སྐབས་སམ་ཁེ་བཟང་ལྟ་བུ་ཞིག་ཏུ་བརྩི་གིན་ཡོད་དམ། དེ་བཞིན། དེང་སང་སྤྲུལ་སྐུས་ཡུམ་བཞེས་པ་དེ་ཚོ་གསང་སྔགས་ཀྱི་ཉམས་ལེན་གྱི་ཁོངས་སུ་བསྡུ་དགོས་ཀྱི་ཡོད་དམ། ཡང་ན་སྤྲུལ་སྐུ་ཚོས་ཡང་སྤྱིར་བཏང་གི་མི་ནང་བཞིན་ཐ་མལ་གྱི་ཆགས་པ་མགོ་མ་ནོན་པ་ཞིག་ལ་ངོས་འཛིན་དགོས།
ལན། སྤྲུལ་སྐུ་དང་གང་ཟག་སྒེར་གྱིས་ཡུམ་བཞེས་ན་འགྲིགས་ཀྱི་ཡོད་མེད་དེ་རང་རང་སོ་སོས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས། གཞན་གྱིས་འགྲིགས་ཀྱི་རེད་མ་རེད་ལབ་རྒྱུ་མེད་རེད། འདུལ་བ་དབང་བཙན་བྱས་ན་སྤྲུལ་སྐུ་དེ་དགེ་ཚུལ་སློང་ཡིན་ན་ཡུམ་བཞེས་ན་འགྲིགས་ཀྱི་མ་རེད། བླ་མ་དང་སྤྲུལ་སྐུའི་སློབ་མ་ཚོས་རང་གི་བླ་མ་དང་སྤྲུལ་སྐུས་མཛད་སྤྱོད་ག་རེ་གནང་ནའང་འགྲིགས་ཀྱི་རེད་བསམ་པ་དེ་སློབ་མ་ཚོའི་སྒེར་གྱི་དག་སྣང་གི་ཉམས་ལེན་རེད། སྤྲུལ་སྐུའི་ཡུམ་བཞེས་རྒྱུ་ཡོད་པའི་གོ་སྐབས་དེ་ཁེ་བཟང་ལྟ་བུ་བརྩི་དགོས་པ་དེ་སྤྲུལ་སྐུ་ཙམ་ཞིག་མ་ཡིན་པ་སུ་ཡིན་ནའང་སྔགས་བླ་མེད་ཀྱི་ཉམས་ལེན་དུ་བསྒྱུར་ཤེས་པ་ཡིན་ན་ཁེ་བཟང་དུ་ལོས་བརྩི། དེ་མ་ཡིན་ན་སྟོན་པ་བདེ་བར་གཤེགས་པའི་རྗེས་སུ་ཞུགས་ནས་སོ་ཐར་གྱི་སྡོམ་པ་ཞུས་རྗེས་དགེ་ཚུལ་སློང་བྱེད་པ་དེ་ཧ་ཅང་གི་ཁེ་བཟང་བརྩི་དགོས་ཀྱི་རེད།
དེང་སང་ཙམ་ཞིག་མ་ཡིན་པ་སྔ་མོ་ནས་སྤྲུལ་སྐུས་ཡུམ་བཞེས་པ་དེ་གསང་སྔགས་ཀྱི་ཉམས་ལེན་གྱི་ཁོངས་སུ་གཏོགས་པས་ཁྱབ་པ་རེད་ཅེས་ལབ་ཐུབ་པ་ཞིག་མེད་པ་རེད། གསང་སྔགས་ཀྱི་ཉམས་ལེན་ཡིན་མིན་དེ་གང་ཟག་སྒེར་སོ་སོས་ཧ་གོ་གི་རེད་མ་གཏོགས་ཐ་མལ་པའི་གང་ཟག་ཞིག་གིས་ཐག་གཅོད་ཐུབ་པ་ཞིག་མ་རེད། གསང་སྔགས་ཀྱི་ཉམས་ལེན་ཡང་བྱེད་མ་ཐུབ། ལུགས་སྲོལ་དང་གཏམ་སྙན་གྲགས་ཚུལ་འཆོས་ཀྱི་དབང་དུ་གྱུར་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུས་པ་དེ་ཡག་པོ་སྲུང་མ་ཐུབ། ད་རུང་འདུལ་བའི་ལས་རབ་འབྱམས་ཐམས་ཅད་བྱས། གསོ་སྦྱོང་འཚོགས་པ་དང་སྡོམ་པ་སྤེལ་རྒྱུ་ཆགས་པ་སྤྱོད་པ་བཅས་ཚང་མ་མཉམ་དུ་བྱེད་བསྡད་པ་ཡིན་ན་ཐ་མལ་གྱི་ཆགས་པ་མགོ་མ་གནོན་པ་མ་ཟད། དམིགས་བསལ་གྱི་བླ་མ་དང་སྤྲུལ་སྐུ་ཚོས་དེ་འདྲ་གནང་བ་ཡིན་ན་རང་ལ་ཡང་ཉེས་པ་དང་ལྟུང་བ་བླ་ན་མེད་པ་ཡོད་པ་དང་། བླ་མ་དང་སྤྲུལ་སྐུ་ཟེར་མཁན་དེ་དབུ་ཁྲིད་ཅིག་ཡིན་པའི་ཁུལ་ཡིན་དུས་གཞན་ལ་མིག་ལྟོས་ཧ་ཅང་གི་སྡུག་པོ་རེད་འགྲོ་བས་ཉེན་ཚབས་ཆེན་པོ་རེད།
དྲི་བ་བཞི་བ། ཉེ་སྔོན་གྲགས་སྐར་(明星)བུད་མེད་དེ་འདྲས་སྡིངས་ཆ་འདྲ་མིན་གྱི་ཐོག་ཁྱེད་ལ་འོ་བྱེད་བཞིན་པ་དང་། ཕན་ཚུན་འཐམས་འཁྱུད་བྱེད་བཞིན་པ་སོགས་ཀྱི་འདྲ་པར་སྤྱི་ཚོགས་ཐོག་ཐོན་ཡོད་ཅིང་། དྲ་དམངས་མང་པོ་ཞིག་གིས་གྲྭ་ཆས་གྱོན་ནས་དེ་འདྲ་བྱེད་པ་ཞབས་འདྲེན་རེད་ལབ་ཀྱི་འདུག དེའི་ཐད་རང་ངོས་ནས་བསམ་ཚུལ་ག་འདྲ་ཡོད།
ལན། ཆས་ལུགས་དེ་འདྲ་གྱོན་པ་དེ་བསྟན་པའི་ཞབས་འདྲེན་རེད་དྲན་མཁན་ཚོ་གཏན་གཏན་ཐུགས་ཁག་མེད། ངས་དུས་རྒྱུན་གོན་བཞིན་པའི་ཆས་གོས་དེ་མཐོང་སྣང་ལ་གྲྭ་ཆས་ནང་བཞིན་ཞིག་ཡོད་པ་རེད། དུས་རྒྱུན་ང་གློག་བརྙན་གྱི་སྐོར་ལ་ལས་དོན་དེ་འདྲ་སྤེལ་ནས་གློག་བརྙན་ལ་འབྲེལ་བ་ཡོད་པའི་ལས་ཀ་ལས་དུས་གློག་བརྙན་འཁྲབ་སྟོན་དང་འབྲེལ་བ་ཡོད་པའི་མི་དང་སྐབས་མཚམས་ལ་གློ་བུར་དུ་ཐུག་འཕྲད་བྱུང་བ་དང་། མཚམས་མཚམས་ལ་བསམ་བློ་འཁོར་ལོང་མེད་པར་མང་པོའི་ནང་དུ་འདྲ་པར་བརྒྱབ་ནས་དྲྭ་རྒྱའི་ནང་ལ་བསྟན་པ་དེ་འདྲ་ཡོང་གི་འདུག
དྲི་བ་ལྔ་བ། ཁྱེད་ཀྱིས་ནམ་རྒྱུན་བཞེས་བཞིན་པའི་ན་བཟའ་འདི་ལ་མཚོན་ན་མང་པོ་ཞིག་གིས་འདི་རབ་བྱུང་གི་རྒྱུན་གོས་རེད་བསམ་གྱི་ཡོད། མ་མཐའ་ཡང་བོད་བརྒྱུད་བོད་བརྒྱུད་ནང་བསྟན་ལ་ཆ་རྒྱུས་མེད་མཁན་ཚོའི་ངོས་ནས་བཤད་ན་དབྱེ་བ་འབྱེད་པར་དཀའ་ལས་ཆེན་པོ་འདུག དེའི་ཐད་ཁྱེད་རང་ལ་གོ་བ་ལེན་སྟངས་ག་འདྲ་ཡོད།
ལན། དེའི་ཐོག་ལ་ཡ་ང་བ་དང་བག་ཚ་བ་མེད་པ་མ་ཡིན་པར་ནམ་རྒྱུན་བསམ་བློ་གཏོང་བཞིན་པ་ཡིན། མཐའ་གཅིག་ཏུ་འདུལ་བ་དང་མཐུན་པའི་སྐད་ཆ་བཤད་ན། ང་དང་མང་པོ་ཞིག་གིས་གོན་བསྡད་པ་དེ་འདུལ་བ་དང་མཐུན་པའི་ཐང་ཤམ་དང་སྣམ་སྦྱར་ཆོས་གོས་ཟེར་བ་དེ་རང་མ་རེད། འོན་ཀྱང་འདྲ་པོ་འདྲ་པོ་ཡོད་པ་རེད། དེ་ཡིན་དུས་ང་འདྲ་བོའི་མི་ཞིག་གིས་གྱོན་ཆས་དེ་འདྲ་ཞིག་གོན་བྱས་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་འདུལ་བའི་བསྟན་པ་ལ་རྨ་དང་མཚན་ཤས་ཡོང་བ་དེར་ང་རང་གི་ངོས་ནས་བློ་འཚབས་ཆེན་པོ་ཡོད། འོ་ན་ངས་དེ་ཨུ་ཚུགས་བརྒྱབས་ནས་ག་རེ་བྱས་ནས་གོན་བསྡད་པ་རེད་ཟེར་ན། ཕྱོགས་གཅིག་ནས་ང་རང་གི་བླ་མ་ཚོ་ལ་ཁག་སྙད་པ་ནང་བཞིན་འདུག་སྟེ། ཡིན་ནའང་ངའི་བླ་མ་ཁ་ཤས་ཀྱིས་དེང་སང་སྟོན་པའི་བསྟན་པ་དེ་རྟགས་ཙམ་ཞིག་དར་བའི་དུས་ཚོད་ཡིན་དུས། རྟགས་ཙམ་དེ་ངེས་པར་དུ་མ་སྤངས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་དམིགས་བསལ་གྱིས་ང་ལ་ཡང་ནས་ཡང་དུ་གསུངས་མྱོང་།
སྔོན་བོད་ལའང་ཀརྨ་ཆགས་མེད་ལ་སོགས་པ་སྐྱེས་བུ་དམ་པ་མང་པོ་ཞིག་གིས་དེ་འདྲ་གསུང་སྲོལ་ཡོད་ས་རེད། ཀརྨ་ཆགས་མེད་ཀྱི་རི་ཆོས་ནང་རབ་བྱུང་གི་ཆོས་གོས་རྣམ་གསུམ་དང་། སེར་མོ་བའི་སེར་གོས་སྣེ་གསུམ་ཕན་ཡོན་དང་བཅས་པ་གསུངས་ཡོད་ས་རེད། ཁྱེད་ཀྱི་དྲི་བ་དེ་ཚོ་འདུལ་བའི་བསྟན་པ་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་ཐུགས་བརྩིས་གནང་བ་ཡིན་པ་ངས་ཧ་གོ་གི་ཡོད། དེ་ལ་དཔེ་མི་སྲིད་ཀྱི་རྗེས་སུ་ཡི་རང་ཡོད། འདུལ་བ་དེ་ཧ་ཅང་གི་གལ་ཆེན་པོ་བསྟན་པའི་གཞི་མ་རེད་དེ་ཡོད་པ་རེད། དམ་ཆོས་འདུལ་བའི་བསྟན་པ་དེ་ཉམས་འགྲོ་གི་འདུག་བསམ་པའི་སེམས་འཁྲལ་གཏན་གཏན་དགོས་ཀྱི་རེད། ད་དུང་ཡིན་ནའང་མུ་འཐུད་ནས་དགེ་ཚུལ་སློང་གི་བསྟན་པ་དེ་མི་ཉམས་པ་རྒྱུན་སྐྱོང་རྒྱུ་དང་སྐྱོང་སྟངས་དེ་ག་འདྲ་དགོས་ཀྱི་ཡོད་མེད་ཐུགས་བསམ་བཞེས་དགོས་ཡག་ཅིག་ཆགས་བསྡད་ཡོད་པ་རེད། དེ་ཡོང་བར་བྱེད་པ་ལ་བསྟན་འཛིན་གྱི་སྐྱེས་བུ་སུ་ཡིན་ནའང་རེད། དེའི་ནང་ནས་ཀྱང་འདུལ་འཛིན་གྱི་མཁན་པོ་དེ་ཚོས་བླང་འདོར་གྱི་བཀའ་སློབ་དང་ལག་ལེན་ད་ལྟའི་བར་དུའང་གནང་དང་གནང་བཞིན་པ་རེད། ད་ནས་ཡིན་ནའང་མུ་འཐུད་ནས་གནང་རྒྱུ་གལ་ཆེན་པོ་རེད།
འོན་ཀྱང་བཀའ་སློབ་གནང་བ་ཙམ་མ་ཡིན་པར་དགེ་ཚུལ་སློང་གི་བསྟན་པ་མ་ཉམས་པའི་ཆེད་དུ་མཐུན་རྐྱེན་ཡང་གང་ས་ཅི་ཐད་ནས་སྒྲིག་གནང་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། འདུལ་བའི་བསྟན་པ་དེ་མི་ཉམས་པར་སྲུང་སྐྱོབ་བྱེད་པ་དེ་འདུལ་འཛིན་གྱི་མཁན་པོ་རྣམས་ཀྱི་ཕྱག་འགན་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་སྟེང་ནས་ཀྱང་མཐུན་རྐྱེན་སྒྲུབ་ཐུབ་ཀྱི་རེད་དྲན་གྱི་འདུག སྤྱི་ཚོགས་ཀྱི་བསམ་བློ་དང་གོམས་གཤིས་བསྒྱུར་བཅོས་བཏོང་བ་དེས་ཕན་ན་མ་གཏོགས་གནོད་མི་ཡོང་བསམ་གྱི་འདུག
ཁ་ཤས་ཀྱིས་ཟེར་ན། དེང་སང་གནས་བརྟན་སྡེ་པའི་ལུགས་སྲོལ་དགེ་ཚུལ་སློང་གི་སྡོམ་པ་དེ་ཡིན་གཅིག་མིན་གཅིག་ཇི་སྲིད་འཚོའི་བར་དུ་བླངས་མི་དགོས་པ་དེ་ང་ཚོ་བོད་པས་ཉམས་ལེན་བསྟར་རྒྱུ་ཡོད་པ་བཟོ་ན་ཟེར་མཁན་དེ་འདྲ་ཐུག་མྱོང་། དེ་ཚོ་ག་འདྲ་ཡིན་ནའང་། བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དེ་ལ་འགྱུར་བ་གཏོང་ཐུབ་པ་ཡིན་ན་དེས་ཕན་ནུས་ཏོག་ཙམ་ཡོང་གི་རེད་བསམ་གྱི་འདུག དཔེ་ཞིག་བཞག་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་གི་སྡོམ་པ་ཉམས་སོང་བ་དེ་ལ་དམིགས་བསལ་གྱིས་སྡུག་པོར་བརྩིས། སྤྱིར་བཏང་སྡིག་པ་དང་ལྟུང་བ་ཡོད་མཁན་གང་ཟག་དེ་ལ་ང་རང་ཚོའི་སྤྱི་ཚོགས་ཀྱིས་སྡུག་པོ་བརྩིས་ན་མ་བརྩིས་ནའང་ལས་རྒྱུ་འབྲས་ཀྱི་སྒོ་ནས་སྐད་ཆ་བཤད་ན་སྡུག་པོ་ཡིན་པ་དེ་གོར་མ་ཆག་པ་དང་བཤད་མ་དགོས་པ་རེད། ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་ཉམས་སོང་བ་ཡིན་ན་གྲྭ་ལོག་ཟེར་ནས་སྡུག་པོ་ཞེད་པོ་ཞིག་ལ་བརྩིས། གྲྭ་པ་དཀྱུས་མ་ལྟ་ཅི་སྨོས། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཚོ་ཡང་དགེ་ཚུལ་སློང་གི་སྡོམ་པ་ཉམས་ཉེས་རེད་སོང་བ་ཡིན་ན་མཐའ་གཅིག་ཏུ་སྡུག་པོ་བརྩི་ཡག་གི་ལུགས་སྲོལ་ད་ལྟ་བར་དུ་ཡོད་པ་རེད།
ང་ཆུང་དུས་ཐར་རྩེ་མཁན་པོ་སྐུ་གོང་མའི་སློབ་མ་ཞིག་ཡོད། ཐར་རྩེ་མཁན་པོ་སྐུ་གོང་མའི་སྐུ་མདུན་ནས་ལམ་འབྲས་ཀྱང་ཞུས་ཡོད་པ་འདྲ། ཡིན་ནའང་ཕྱིས་སུ་ཐར་རྩེ་མཁན་པོ་སྐུ་གོང་མ་རྟེན་སྔགས་འཆང་གནང་ནས་དགེ་སློང་རེད་ཡོད་པ་མ་རེད། ཐར་རྩེ་མཁན་པོའི་སློབ་མ་གྲྭ་པ་དེ་ལོ་ཡང་རྒས་ཙམ་རེད། ཐར་རྩེ་མཁན་པོ་མཇལ་དུས་མཚན་ཡང་མཁན་རིན་པོ་ཆེ་ཞེས་མ་ཞུས་པར་ཁོ་གྲྭ་ལོག་དང་མི་སྐྱ་དེ་ཟེར་ནས་དཔེ་སྡུག་པོ་བརྩིས། དེ་འདྲ་བྱེད་ཀྱི་འདུག ང་ཚོས་དུས་རྒྱུན་བཤད་རྒྱུར་སོ་ཐར་བྱང་སེམས་གསང་སྔགས་གསུམ་གྱི་ནང་ནས་གསང་སྔགས་དེ་ཞེ་དྲག་གི་རྩ་ཆེན་པོ་བརྩིས་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁོང་འདྲ་ཞིག་གི་སྐུ་མདུན་ནས་ལམ་འབྲས་ཞུས་ཚར་བ་རེད་དེ། ཡིན་ནའང་གྲྭ་པ་ལོག་པ་དེ་ཞེ་དྲག་གི་གལ་ཆེ་བར་བརྩིས་ནས་གུས་བཀུར་མི་བྱེད་པ་དེ་སྔགས་ཀྱི་ཆོས་ཉམས་སུ་ལེན་མཁན་འདྲ་ཞིག་ཡིན་ན་རུང་གི་ཨེ་ཡོད། མཚམས་མཚམས་ལ་ང་ཚོས་བཤད་པའི་སྐབས་སུ་སྡོམ་པ་གསུམ་གྱི་ནང་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་དེ་རྩ་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད་པ་རེད་དེ། ཡིན་ནའང་། གོམས་གཤིས་ཀྱི་སྟེང་ནས་དགེ་ཚུལ་སློང་གི་སྡོམ་པ་དེ་ཉམས་སོང་བ་ཡིན་ན་དེ་ཞེ་དྲག་གི་ཧ་ལས་པ་ཞིག་བརྩི་རྒྱུའི་ལུགས་སྲོལ་འདྲ་ཞིག་ཡོང་གི་འདུག
སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་གི་སྡོམ་པ་ཉམས་སོང་མཁན་དེ་ཚོ་ལ་གྲྭ་ལོག་རེད་ཟེར་ནས་ཐ་ཆད་པོ་ཆགས། ཁ་ཤས་གྲྭ་པ་ལོག་ཚར་བའི་གཞུག་གུ་ལ་མི་སྐྱ་རྐྱང་བྱས་ཆོས་ཀྱི་བྱ་བ་གཏན་ནས་མི་བྱེད། ཆོས་པའང་མིན་མཁན་ཆགས་འགྲོ་བ་དེ་འདྲ་མང་པོ་འདུག དེ་འདྲ་རེད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལ་སྤོབས་པ་མེད་མཁན། དྲང་པོ་བཤད་མི་ཐུབ་མཁན། འོན་ཀྱང་རང་རྒྱལ་ནི་ཡོད་བསྡད་མཁན། ཚེ་ཕྱི་མའི་སྐོར་ལ་ཞེ་དྲག་བསམ་བློ་མི་གཏོང་བར་ཚེ་ད་ལྟའི་སྙན་གྲགས་རྐྱང་པ་ལ་བསམ་བློ་བཏང་མཁན་གྱི་རིགས་དེ་ཚོས་སྡོམ་པ་ལ་ཉམས་རྒུད་ཤོར་ཡོད་ནའང་མི་ཁ་ལ་སྐྲག་ཅིང་འཛེམས་ནས་དངོས་སུ་ཕྱི་ལོགས་ལ་མ་བཤད་པར་ཆོས་གོས་རྣམ་གསུམ་གྱོན། གསོ་སྦྱོང་སོགས་ལའང་ཚོགས། དགེ་ཚུལ་སློང་གི་སྡོམ་པའང་འབོགས་དེ་འདྲ་བྱས་པ་དེ་ང་ཚོ་བོད་པའི་ནང་ལ་མེད་པ་རང་རེད་མི་འདུག སྤྱིར་བཏང་འདུལ་བའི་ནང་ལ་སྡོམ་པ་ཡར་འབུལ་བའི་ལུགས་སྲོལ་ཞིག་ཡོད་པ་དེ་ཕར་གསལ་བཤད་བྱས། གྲྭ་པ་ལོག་སོང་དུས་བྱ་དགའ་དང་གཟེངས་བསྟོད་ལ་སོགས་པ་མ་གནང་ནའང་། ངོ་ཚ་དམའ་འབེབས་ཧ་ཅང་གི་ཤུགས་ཆེན་པོ་མ་ཡིན་པ་དེ་འདྲ་གནང་བ་ཡིན་ན་ཕྱོགས་གཅིག་ནས་འདུལ་བའི་བསྟན་པ་དེ་ལ་རྨ་མེད་པ་ཞིག་ཆགས་སྲིད་ཀྱི་རེད་ཅེས་ང་རང་སྒེར་གྱིས་དེ་འདྲ་དྲན་གྱི་འདུག
ཡང་གོམས་གཤིས་སྐོར་ལ་སྐད་ཆ་ཞིག་ཞུས་པ་ཡིན་ན། སྔོན་མ་ང་བོད་ལ་འགྲོ་དུས་གྲྭ་པ་ཁ་ཤས་ཤིག་གིས་གྲྭ་རྒན་ཞིག་ཡོད་པ་ལ་མཛུབ་མོ་བཙུགས་ནས་ལྐོག་ཁ་གཏོང་གི་འདུག ཁོ་གྲྭ་པ་ཡག་པོ་ཡོད་པ་མ་རེད། ནག་མོ་ཡོད་རེད་ཅེས་ཁམས་སྐད་བརྒྱབས་ནས་བཤད་ཀྱི་འདུག བུ་མོ་ཡོད་ཟེར་གྱི་ཡོད་ས་རེད། ཡང་ཉིན་ཁ་ཤས་མཇུག་ལ་བླ་རྒན་གཞན་པ་ཞིག་ལ་ཁོ་དཔེ་འདྲ་ཞིག་ཡོད། བློ་ཁོག་ཆེན་པོ་ཡོད་པ་རེད། རྒྱ་གཉིས་གསུམ་བསད་པ་རེད་ཟེར་གྱི་འདུག དེ་གཉིས་ཀས་གྲྭ་ཆས་གོན་ནས་བསྡད་འདུག མཚམས་མཚམས་ལ་ང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་མི་བསད་པ་དང་མི་ཚངས་པར་སྤྱོད་པ་གཉིས་ལས་མི་ཚངས་པར་སྤྱོད་པ་དེ་སྡུག་ག་ཅིག་དང་མི་བསད་པ་དེ་ཞེ་དྲག་རང་སྡུག་པོའི་གྲས་ལ་མ་སླེབས་པའི་གོམས་གཤིས་ཤིག་ཀྱང་སླེབས་ཡོང་གི་འདུག
འདུལ་བའི་ལག་ལེན་ཞིབ་ཅིང་ཕྲ་བ་བྱས་ནས་སྐད་ཆ་བཤད་པ་ཡིན་ན་ཕལ་ཆེར་འོ་བརྒྱལ་པོ་མེད་འགྲོ་དྲན་གྱི་འདུག ཤོ་གམ་དང་འབྲེལ་བའི་ཉེས་པ་ཟེར་མཁན་འདྲ་དང་། ཚོགས་པ་གཅིག་གི་ཁོངས་སུ་གཏོགས་པ་ཡིན་ན་གཅིག་གིས་མི་བསད་ན་ཐམས་ཅད་སྡོམ་པ་ཉམས་འགྲོ་གི་རེད་ཟེར་བ་འདྲ་བོ་འདུལ་བའི་སྐད་ཆ་ཞིག་སླེབས་ཡོང་གི་ཡོད་པ་རེད། དེ་ཚོའི་སྐོར་ལ་ཞིབ་ཅིང་ཕྲ་བ་ཞིག་བྱ་དགོས་ན་དཔེ་དཀའ་ལས་ཁག་པོ་ཆགས་ཀྱི་རེད་དྲན་གྱི་འདུག ཡིན་ནའང་ང་རང་སྒེར་གྱི་སྤྱོད་པ་དང་ཆ་ལུགས་དེ་ཚོ་གཏན་གཏན་མ་འཚམས་པ་དང་མ་འོས་པ་དེ་འདྲ་རེད་ཀྱི་འདུག་ཅེས་སྐབས་མཚམས་དྲན་གྱི་ཡོད།
དྲི་བ་དྲུག་པ། དེང་སང་གི་བླ་སྤྲུལ་ཞིག་གི་ནང་ནས་རིན་པོ་ཆེ་མཆོག་བློ་ཁོག་དང་སྤོབས་པ་ཡོད་མཁན་ཞིག་དང་། ཁ་གསང་པོ་དང་ཁ་རུ་ཁ་ཐུག་གནང་ཐུབ་མཁན་ཞིག་ཡིན་པའི་ཡིད་ཆེས་བྱེད་མཁན་ཡང་ཡོད་ངེས་རེད། དེའི་ངོས་ནས་ཁྱེད་ལ་མཚོན་ན། རང་ཉིད་ཀྱིས་ན་བཟའ་བཞེས་སྟངས་སོགས་ཐད་རང་ཉིད་ག་རེ་ཡིན་པ་དེ་ཁ་གསལ་གཏིང་གསལ་བྱ་རྒྱུ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྔགས་བཙུན་སྡེ་གཉིས་ཀྱི་ན་བཟའ་དེ་ལག་ལེན་གྱི་ཐོག་ནས་དབྱེ་མཚམས་གསལ་པོ་ཞིག་ཡོང་བའི་སྣེ་ཁྲིད་བྱ་རྒྱུའི་འཆར་གཞི་འདྲ་ཡོད་དམ་མེད།
ལན། བློ་ཁོག་ནི་གང་ཤེས། ཚུགས་བཟུང་མི་ཐུབ་མཁན་གྱི་མི་ཞིག་ནི་གཏན་གཏན་ཡིན། ག་ཚོད་གཟབ་གཟབ་བྱས་ནས་ཚུགས་བཟུང་ཨེ་ཐུབ་བལྟས་ནའང་བདུན་ཕྲག་གཅིག་གཉིས་ལས་གཏན་ནས་བཟུང་མི་ཐུབ་མཁན་ཞིག་ཡིན། སྤྱིར་བཏང་ཁྱོད་ཀྱིས་གསུངས་པ་ནང་བཞིན་དུས་རྒྱུན་ནང་བསྟན་གྱི་སྔགས་བཙུན་གཉིས་ཀྱི་དབར་ལ་དབྱེ་བ་གསལ་པོ་ཞིག་ཡོང་བའི་ཆེད་དུ་ངའི་གྱོན་པ་བསྒྱུར་བཅོས་བཏང་ནའང་བཏང་ཆོག་ཆོག་འདྲ་ཞིག་རེད། ཡིན་ནའང་དེས་དབྱེ་མཚམས་གསལ་པོ་ཡོང་རྒྱུའི་སྣེ་འཁྲིད་དེ་ཡོང་ཟེར་ན་དེ་ཁག་པོ་མེད་འགྲོ་བསམ་གྱི་འདུག
རྒྱུ་མཚན་ད་ལྟ་གོང་དུ་ཞུས་པ་ནང་བཞིན། ཁ་ཤས་ཀྱི་ཟེར་གྱི་ཡོད་པ་རེད། གོས་དཀར་གྱོན་ནས་སྔགས་ཆས་རང་སྤྲད་ན་དེ་འདྲ་ལབ་མཁན་ཡང་ཡོད་པ་རེད། དངོས་གནས་བྱས་ན་སྔགས་ཆས་ནི་གྲྭ་ཆས་ལས་ཀྱང་ཚབས་ཆེ་བ་ཞིག་དང་རྩ་ཆེ་བ་ཞིག་རེད། གྲྭ་མགོ་མ་འཐོན་དུས་སྔགས་ཆས་གོན་ཟེར་བ་དེ་ཡང་རེ་ཞིག་བསམ་བློ་གཏོང་དགོས་པ་ཞིག་དང་དཔྱད་གཞི་ཞིག་རེད་འདུག་དྲན་གྱི་ཡོད། ཡིན་ནའང་ཁྱེད་ཀྱི་དྲི་བ་དེ་ལྷག་བསམ་གྱི་དྲི་བ་ཡིན་པ་དང་། ད་དུང་མུ་འཐུད་ནས་ང་ལ་བསམ་བློ་གཏོང་དགོས་པའི་གནས་ཚུལ་ཞིག་ཆགས་སོང་། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲི་བ་བདུན་པ། ཉེ་ཆར་བོད་ཀྱི་སྤྲུལ་སྐུ་ཞིག་དང་ཐའེ་ཝན་གྱི་གྲགས་སྐར་ཨ་ཡ་ཟེར་བ་གཉིས་གཉེན་སྒྲིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཐོན་པ་དང་དུས་མཚུངས། ཧོང་ཀོང་གི་གཞས་མ་ཞིག་གིས་མོ་རང་གི་ཕྲུ་གུའི་ཕ་རིན་པོ་ཆེ་ཞིག་ཡིན་ཞེས་པ་དེར། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རེད་ཅེས་ཚོད་དཔག་བྱེད་མྱོང་བའི་གསར་འགྱུར་རྙིང་པ་ཞིག་གི་ཐོག་ཡང་བསྐྱར་གླེང་སློང་བྱུང་བ་དེ་བོད་ཡིག་གི་རྒྱུད་ལམ་དག་ཏུའང་ཐོན་ཡོད། གནས་ཚུལ་དེ་དང་རིན་པོ་ཆེ་འབྲེལ་བ་ཡོད་དམ།
ལན། ཧོང་ཀོང་གི་གཞས་མ་དེ་ང་ཐེངས་གཉིས་ཙམ་ཞིག་ཐུག་མྱོང་། ཐུག་འཕྲད་དེའང་མི་ཉིས་བརྒྱ་སུམ་བརྒྱ་ཡོད་པའི་མང་ཚོགས་ཀྱི་སྐབས་སུ་ཐུག་པ་རེད་མ་གཏོགས་སྒེར་དུ་དམིགས་བསལ་གྱིས་གང་ཡང་ཐུག་མ་མྱོང་། ལོ་གཅིག་ཙམ་གྱི་སྔོན་ལ་ང་དང་བོད་ཀྱི་བླ་སྤྲུལ་རེད་ཟེར་བའི་སྤྲུལ་སྐུ་གཞན་ཞིག་གི་མཚན་ཕར་ཚུར་ནོར་ནས་བཤད་རྒྱུ་གླེང་རྒྱུ་ཞིག་འཐོན་ཡོད་པ་རེད། གཞས་མ་དེས་བུ་དེ་ང་དང་སྤྲུལ་སྐུ་གཞན་མ་དེའི་རེད་ཅེས་དམིགས་བསལ་གྱི་ལབ་ཡོད་ས་མ་རེད་ལ་མིན་ཡང་ལབ་ཡོད་ས་མ་རེད།
གང་རེད་ཟེར་ན་གཞས་མ་དེ་ལོ་ཡང་རྒན་སོང་ཞིག་རེད། དེ་ཡིན་དུས་གནས་ཚུལ་དེ་འདྲའི་དབང་གིས་གསར་བསྒྱུར་དང་དྲྭ་རྒྱའི་ནང་ལ་འཐོན་རོགས་བྱེད་ན་ཕྱོགས་གཅིག་ནས་གཞས་ཀྱི་ཚོང་སྤེལ་དེ་ཚོ་ལ་ཕན་གྱི་ཡོད་ས་རེད་ཅེས་བསམ་བློ་བཏང་མཁན་ཡང་འདུག ང་མཉམ་དུ་དམིགས་བསལ་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ནི་གང་ཡང་མེད། ཡིན་ནའང་དེའི་སྐོར་གནས་ཚུལ་དང་པོ་གླེང་ནས་ངའི་མིང་ཐོན་མ་ཐག་ཏུ་ང་ལ་དགའ་པོ་བྱེད་ཅིང་སློབ་མ་ཡིན་ཟེར་མཁན་དེ་ཚོས་ཧ་ཅང་གི་སེམས་ཁྲལ་བྱས། ལམ་སང་གདོང་ལེན་བྱས་ནས་ལན་རྒྱག་རྒྱུའི་འདོད་པ་འདུག་སྟེ་ཐམས་ཅད་བཀག་འགོག་བྱས་པ་ཡིན།
དྲི་བ་བརྒྱད་པ། ཁྱེད་ཀྱིས་འགྲོ་སོང་དང་དུས་ཚོད་མང་པོ་ཞིག་བཏང་ནས་གློག་བརྙན་མང་པོ་བཟོ་བཞིན་ཡོད་པ་རེད། འདི་བོད་ཀྱི་བླ་མ་སྤྲུལ་སྐུ་ཆེན་པོ་ཞིག་གི་མཚན་ནས་དང་རྗེས་སུ་འབྲེལ་བའི་ལས་ཀ་ཞིག་ཆགས་ཀྱི་ཡོད་དམ།
ལན། སྤྱིར་བཏང་གློག་བརྙན་ཟེར་མཁན་དེ་རིག་པ་ཞིག་རེད། དཔེར་ན་སྒྲ་རིག་པ། ཚད་མ་རིག་པ། ཐ་སྙད་རིག་པ་ཟེར་བ་ནང་བཞིན་རིག་པ་ཞིག་རེད། རིག་པ་གསར་པ་ཞིག་རེད་ཟེར་ན་ཆོག་གི་ཡོད་ཀྱི་རེད། རིག་པ་ཟེར་མཁན་དེ་བེད་སྤྱོད་གཏོང་སྟངས་ཤིག་རེད། ཀུན་སློང་དང་དམིགས་ཡུལ་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལྟ་བུ་ཞིག་ལ་དམིགས་ནས་སྙན་ངག་རྩོམ་པ་ལྟ་བུ་དང་། ཟློས་གར་འཁྲབ་སྟོན་བྱས་པ་ལྟ་བུ་དང་། གླུ་གཞས་གཏོང་བ་འདྲ་བྱས་པ་ཡིན་ན་ཡག་པོ་ཡོང་སྲིད་ཀྱི་རེད། དེ་ནང་བཞིན་ཀུན་སློང་ཡག་པོ་ཞིག་གི་སྟེང་དུ་དམིགས་ཡུལ་ཡང་བསྟན་པ་དང་སེམས་ཅན་ལ་གང་ལ་གང་འཚམས་ལ་ཕན་ཐོགས་ཡོང་བའི་ཆེད་དུ་གློག་བརྙན་གྱི་རིག་པ་དེ་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་དང་དུ་ལེན་ཐུབ་ན་ཡག་པོ་ཡིན་གྱི་རེད་བསམ་གྱི་ཡོད།
སྔོན་མ་འདྲ་ཞིག་ཡིན་ན། ང་ཚོ་བོད་ལ་སྟོན་པའི་མཛད་རྣམ་ཟེར་བ་འདྲ་དང་། ཡི་དམ་གྱི་སྐོར་དེ་ཚོ་ཐང་ཀ་བྲིས་ཡོད་པ་རེད། དེ་ཡང་དུས་ཚོད་ལ་དཔག་པའི་གདུལ་བྱ་ཚོ་ལ་བརྡ་སྤྲོད་བྱེད་ཀྱི་རིག་པ་ཞིག་ཆགས་བསྡད་ཡོད་པ་རེད།
ཡིན་ནའང་གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་གློག་བརྙན་བཟོཔ་པ་དེ་ད་ལྟའི་བར་དུ་ཀུན་སློང་དང་ལྟ་བ་དམིགས་ཡུལ་ཡག་པོ་བྱས་ནས་བཟོས་པ་ཡིན་ཟེར་ནས་ཞུ་གི་མེད། མ་འོངས་པ་ལ་བསམ་པ་ལྟར་དུ་བསྒྲུབ་ཐུབ་པ་ཡིན་ན་བདག་ཅག་གི་སྟོན་པའི་མཛད་རྣམ་ཞིག་གློག་བརྙན་བཟོ་ཐུབ་ན་བསམ་པའི་རེ་བ་དང་སྨོན་ལམ་ཞིག་བརྒྱབས་དང་རྒྱག་བཞིན་པ་ཡིན། ད་སྔ་ཕན་ཆད་ལ་བཟོས་བཞག་པའི་གློག་བརྙན་གྱིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཡོད་པ་རེད་པས་ཟེར་ན་དངོས་སུ་ཕན་ཐོགས་རྒྱུའི་འཆར་གཞི་ཡང་གཏིང་ཡོད་པ་མ་རེད་ལ། ཕན་ཐོགས་པ་རེད་ཅེས་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་ཤར་ནུབ་ཀྱི་རྒྱལ་ཁབ་ཚོའི་ནང་ལ་ན་གཞོན་མང་པོ་ཞིག་གིས་ཆོས་ལུགས་པ་ཟེར་དུས་མགོ་མཁྲེགས་པོ་དང་ཀླད་པ་རྙིང་པའི་གྲས་ལ་བཞག་ནས་རྒྱང་རྒྱང་ཞིག་བསྡད་ཡག་གི་གོམས་གཤིས་ཤིག་ཡོད་པ་རེད། ངས་གློག་བརྙན་བཟོས་ཚར་བའི་རྗེས་ལ་ན་གཞོན་མང་པོ་ཞིག་ཧ་ལས་ཧོན་འཐོར། ནང་ཆོས་དེ་ཞེ་དྲག་གི་གུ་ཡངས་པོ་ཡིན་པ་དང་། དེ་འདྲ་ལག་ལེན་བསྟར་རྒྱུ་ཡོད་པ་ལ་རྗེས་སུ་ཡི་རང་ནས། ནང་ཆོས་ལ་རྗེས་སུ་མ་ཞུགས་ནའང་དགའ་པོ་ཆགས་པ་དེ་འདྲ་ནི་དངོས་སུ་བྱུང་སོང་། དེའང་ཕན་ཐོགས་ཀྱི་གྲས་ལ་བརྩི་ན་བརྩི་རུང་རྒྱུ་རེད་དྲན་གྱི་ཡོད།།
ལགས་སོ། མཐར་རིན་པོ་ཆེས་ཕྲན་གྱི་གཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།
གསལ་བཤད། བཅར་འདྲི་འདི་ཡང་། རིན་པོ་ཆེའི་མཛད་སྤྱོད་གཟིགས་ཕྱོགས་སྐོར་ལ་བཀའ་ལན་ཁ གསལ་དོན་གསལ་གནང་བ་དབྱིན་ཡིག་དང་རྒྱ་ཡིག་གི་བརྒྱུད་ལམ་ཁག་ཏུ་མང་པོ་མཆིས་ན་ཡང་། བོད་ཡིག་གི་ཐོག་ཏུ་རིན་པོ་ཆེ་དང་བར་ཐག་ཉེ་བར་གཅར་ནས་གསར་འགོད་པའི་དྲི་བ་གཏོང་སྟངས་རང་གིས་རིན་པོ་ཆེ་སྒེར་གྱི་སྐོར་ལ་གཅར་འདྲི་བྱས་པ་ཉུང་ངུ་ལས་མེད་པ་དང་། ཁྐཡད་པར་དུ། རིན་པོ་ཆེ་ལ་དགའ་མོས་ཡོད་མཁན་དང་སྤྱིར་བཏང་གི་མི་མང་པོ་ཞིག་གིས་རིན་པོ་ཆེའི་དམིགས་བསལ་གྱི་གནང་སྟངས་མང་པོ་ཞིག་གི་ཐོག་ལ་མཁྱེན་རྟོགས་གནང་འདོད་ཡོང་བཞིན་པ་དེ་དག་ལ་དྲིས་ལན་ཁ་གསལ་ཞིག་ཡོང་བའི་ཆེད་ད་སྣང་དང་འཚེར་སྣང་བསྐྱུར་ཏེ། གུས་ལུགས་དང་ཞེ་ས་སོགས་མ་སྤྱད་པའི་ཐོག་ནས་རིན་པོ་ཆེར་ཐད་དྲི་བ་འདི་དག་དྲིས་ཞིང་། ཉེ་ཆར་རིན་པོ་ཆེ་ཁ་ན་ཊ་སོགས་སུ་བཞུགས་བཞིན་པའི་སྐབས་དང་བསྟུན་ནས་མཛད་བྲེལ་གྱི་བར་གསེང་དག་ནས་དྲིས་ལན་གནང་བར་ཕྲན་གྱིས་ཚིག་དོན་གྱི་ཆ་རེ་རེ་ནས་ཀློག་པ་པོ་ཚོས་གོ་བ་ལོན་མིན་སོགས་གསལ་ཁ་གཏོད་དགོས་པའི་རིགས་ལ་དམིགས་བསལ་བསྐྱར་འདྲི་དང་བཅས་གོ་བསྡུར་ཞུས་ཞིང་དག་པར་གཏན་ལ་ཕབ་པ་ཡིན།
སྤྱི་ལོ་2015 ཟླ་6ཚེས་29 ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་གྱི་རང་གནས་ཡེ་ཤེས་འཁོར་ལོ་རུ།
ཚུལ་འཚོས་དང་ཟོལ་རྫུ་མེད་ལ། །ཤེས་ཡོན་དང་ལྷག་བསམ་མངའ་བའི། །དེང་རབས་ཀྱི་སྐྱེས་བུ་དག་ལས། །འདྲ་འདྲའི་ནང་མི་འདྲ་བ་དེ། །རྫོང་སར་ནི་མཁྱེན་བརྩེ་ཡིན་ནོ། །
དྲི་བ་ཁ་ཐུག་དྲིས་པའི་བཀའ་ལན་རྣམས་ཧ་ཅང་སྙན་པོ་བྱུང་སོང་བས་རྫ་ཚེ་རིང་བཀྲ་ཤིས་ལགས་ལ་བཀའ་དྲིན་ཆེ་ཞུ། །
རྫོང་གསར་ཚང་ནི་ངེས་པ་དོན་གྱི་བླ་མ་རེད། ཉེས་པ་ནི་མི་འཆབ་པོ་མི་སྦེད་དོ་གསུང་བ་བཞིན་དམ་པ་ཁོང་གིས་མ་སྦེད་པ་རེད། འདི་ནི་ཆེས་ངོ་མཚར་ཆེ་བ་དེ་རེད། ཕོ་ཡི་ཕོ་དང་མོ་ཡི་མོ་ལ་ལུས་འབྲེལ་འཇོག་པ་ལས་ཕོ་མོའི་བར་ལ་བཞག་ན་ལུགས་དང་མཐུན་པ་རེད། ཡིན་ནའང་མི་ཅོལ་ཆུང་འགའ་ཞིག་གིས་བློ་ཡུལ་ལ་ཤོང་གི་མ་རེད། དེ་ནི་ཁོང་ཚོ་སྙིང་རྗེའི་ཡུལ་རེད། །
ད་ལམ་རྫ་ཚེའི་དྲི་བ་ཁ་གསལ་གཏིང་གསལ་དྲིས་ནས་་་དེར་རྫོང་གསར་རིན་པོ་ཆེ་ཡིས་ཁ་གསལ་གཏིང་གསལ་མངོན་པར་བཤད་པ་ནི་ངོ་ཐོག་ཁ་ཞེ་གཉིས་མེད་ཁ་ཁོག་གཉིས་མེད་ཕྱི་ནང་གཉིས་མེད་གསལ་པོར་གསུངས་པར་རྗེས་སུ་ཡི་རངས་དང་གུས་འདུད་ཞུ་གི་ཡོད། ཁོང་གིས་གྱོན་པའི་ན་བཟའ་དེ་སྟོན་པ་ཤཱཀྱཱ་ཐུབ་པས་གཏོད་པའི་དམ་ཆོས་འདུལ་བའི་གསུང་རབ་ལས་བཤད་པའི་རབ་བྱུང་གི་གོས་དེ་མ་ཡིན་པར་གསལ་པོར་གསུང་མ་སོང། ང་ཡིན་ན་དེར་རབ་བྱུང་གི་གོས་མིན་ཟེར་ནས་ལན་འདེབས་ས་རེད། རྙིང་མ་བ་མང་པོས་དེ་རབ་བྱུང་གི་གོས་མིན་ཟེར་གྱི་འདུག དེ་ཚོར་མནོ་བསམ་ལེགས་པོ་གཏོང་དགོས་པ་ཆགས་འདུག་དྲན་གྱི་འདུག གང་ལྟར་དྲི་བ་འདོན་མཁན་དང་བཀའ་ལན་གསུངས་མཁན་གཉིས་ཀ་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང།བཀའ་ལན་དྲང་པོར་གསུངས་པ་ལ་བརྟེན་ནས་རྫོང་གསར་རིན་པོ་ཆེར་གུས་འདུད་ཆེ་རུ་འཕེལ་བྱུང། དེ་མིན་ཕྱི་བརྫུས་བོང་བུ་སྟག་ལྤགས་གཡོགས་པ་ནང་བཞིན་བྱེད་མཁན་ཚོར་སྙིང་ན་ཞིང་མིག་ལ་ཟན་པོ་ཡོང་གི་འདུག
རྫ་མཁན་པོ་ཚེ་བཀྲ་དང་ལི་ཐང་ཚེ་བཀྲ་གཉིས་རྣམ་དཔྱོད་བཟང་གི། འབྱོན་ཐང་ཆེན་པོ་རེད། འཇམ་དབྱངས་མཁྱེན་བརྩེ་ཚང་ལ་རྒྱལ་བའི་དགོངས་པ་ཐེའུ་རང་གི་སྦར་ཚད་མི་ནུས་ཀྱང་གསལ་བཤད་གནང་བར་དགའ་ཡོད། ཁྱད་པར་དབྱིན་ཇིའི་སྐད་རྒྱ་སྐད་དུ་ཡོད་ན་བཟང་། ཁྱད་པར་བརྙན་ཐག་ཡོད་ན་བལྟ་འདོད་ཆེ། འདི་ཐོངས།།
རྫོང་གསར་མཁྱེན་བརྩེ་ལ་དགའ་རོགས་ཡོད་ས་རེད། དེ་སུ་ཡིན་ཤེས་མཁན་ཡོད་དམ། ད་ཁོང་ལ་དྲི་བ་འདྲི་བའི་གོ་སྐབས་བྱུང་ན་དགའ་རོགས་སུ་རེད་ཅེས་དྲི་རོགས།
རྫོང་སར་མཁྱེན་བརྩེ་སྡིམ་པ་མེད་པ་ཁས་བླངས་བཞག ཧོང་ཀོང་མཛེས་མའི་པུ་གུ་ལ་ཕ་མི་འདུག ཧཧཧ
རྫོང་སར་མཁྱེན་བརྩེ་སྡིམ་པ་མེད་པ་ཁས་བླངས་བཞག ཧོང་ཀོང་མཛེས་མའི་པུ་གུ་ལ་པ་ཕ་མི་འདུག ཧཧཧ
རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས།
་་་་་་་་་་་་ ཡིན་ནའང་སྐུ་གོང་འོག་གཉིས་ཀ་ལ་གསོལ་བ་བཏབ་སྟེ། ཁོང་རྣམ་པ་གཉིས་ཀའི་སྨོན་ལམ་ཇི་ལྟ་བ་བཞིན་བསྒྲུབ་ཐུབ་པའི་སྨོན་འདུན་ནི་ཅུང་ཟད་རེ་བྱེད་ཀྱི་ཡོད། ་་་་་་་་་་་
ཧ་ཧ་བོད་མིའི་བསོད་ནམས་རེད་་་་་???
སངས་རྒྱས་བསྟན་པ་་་་་་་་???
གང་ལྟར་ཁོ་ལ་སྡོམ་པ་མེད་པ་གསལ་བོ་ཆགས་སོང་།
ཁ་བདེ་ལྕེ་བདེ་མ་གསུང་རོགས། གྲྭ་ཆས་ཕུད་རོགས་གནོངས། གྲྭ་བ་མིན་པ་ཤེས་བཞིན་དུ་ད་དུང་གྲྭ་ཆས་གྱོན་བསྡད་ན་ཡག་པོ་གཏན་ནས་མ་རེད།
་་་་་་་་་་་ གྲྭ་པ་དཀྱུས་མ་ལྟ་ཅི་སྨོས། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཚོ་ཡང་དགེ་ཚུལ་སློང་གི་སྡོམ་པ་ཉམས་ཉེས་རེད་སོང་བ་ཡིན་ན་མཐའ་གཅིག་ཏུ་སྡུག་པོ་བརྩི་ཡག་གི་ལུགས་སྲོལ་ད་ལྟ་བར་དུ་ཡོད་པ་རེད།
ང་ཆུང་དུས་ཐར་རྩེ་མཁན་པོ་སྐུ་གོང་མའི་སློབ་མ་ཞིག་ཡོད། ཐར་རྩེ་མཁན་པོ་སྐུ་གོང་མའི་སྐུ་མདུན་ནས་ལམ་འབྲས་ཀྱང་ཞུས་ཡོད་པ་འདྲ། ཡིན་ནའང་ཕྱིས་སུ་ཐར་རྩེ་མཁན་པོ་སྐུ་གོང་མ་རྟེན་སྔགས་འཆང་གནང་ནས་དགེ་སློང་རེད་ཡོད་པ་མ་རེད། ཐར་རྩེ་མཁན་པོའི་སློབ་མ་གྲྭ་པ་དེ་ལོ་ཡང་རྒས་ཙམ་རེད། ཐར་རྩེ་མཁན་པོ་མཇལ་དུས་མཚན་ཡང་མཁན་རིན་པོ་ཆེ་ཞེས་མ་ཞུས་པར་ཁོ་གྲྭ་ལོག་དང་མི་སྐྱ་དེ་ཟེར་ནས་དཔེ་སྡུག་པོ་བརྩིས། དེ་འདྲ་བྱེད་ཀྱི་འདུག
ང་ཚོས་དུས་རྒྱུན་བཤད་རྒྱུར་སོ་ཐར་བྱང་སེམས་གསང་སྔགས་གསུམ་གྱི་ནང་ནས་གསང་སྔགས་དེ་ཞེ་དྲག་གི་རྩ་ཆེན་པོ་བརྩིས་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁོང་འདྲ་ཞིག་གི་སྐུ་མདུན་ནས་ལམ་འབྲས་ཞུས་ཚར་བ་རེད་དེ། ཡིན་ནའང་གྲྭ་པ་ལོག་པ་དེ་ཞེ་དྲག་གི་གལ་ཆེ་བར་བརྩིས་ནས་གུས་བཀུར་མི་བྱེད་པ་དེ་སྔགས་ཀྱི་ཆོས་ཉམས་སུ་ལེན་མཁན་འདྲ་ཞིག་ཡིན་ན་རུང་གི་ཨེ་ཡོད། མཚམས་མཚམས་ལ་ང་ཚོས་བཤད་པའི་སྐབས་སུ་སྡོམ་པ་གསུམ་གྱི་ནང་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་དེ་རྩ་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད་པ་རེད་དེ། ཡིན་ནའང་། ་་་་་་་་་་་་་་་
རིན་པོ་ཆེས་སངས་རྒྱས་ཀྱི་རྣམ་ཐར་གློག་བརྙན་གསར་བསྐྲུན་ཐུབ་ན། ཤིན་ཏུ་བསྟན་པ་ལ་ཕན་ཐོགས་ཆེ་སྟེ། རྒྱ་གར་གྱི་མཧའ་ བྷའ་རཏ། ཆོས་སྒྲུང་དེ། ཆོས་པ་ལས་ལྷག་པ། གློག་བརྙན་བཟོ་སྐྲུན་པས་ཁྱབ་སྤེལ་ཆེ་བ་བཏང་ཐུབ་ཡོད་རེད།
https://www.youtube.com/watch?v=zMHeHnnkoa0
https://www.youtube.com/watch?v=1fxwSd0AhEk
BUDDHA
https://www.youtube.com/watch?v=zMHeHnnkoa0
MAHABHARAT
https://www.youtube.com/watch?v=1fxwSd0AhEk
རབ་བྱུང་གི་སྡོམ་པ་སྲུང་མི་ཐུབ་ན་སྔགས་པ་ཞིག་ཡོང་ཐབས་མེད་པའི་སྐད་ཆ་དེར་རྗེས་སུ་ཡི་རངས་ཞུ། གཞན་བཤད་མི་ཤེས།
རབ་འབྱུང་བཞག་ནས། སྔགས་འཆང་ཚད་ལྡན་བྱུང་བ། གྲུབ་ཆེན་བརྒྱད་ཅུའི་ནང་ལ། འགའ་ཤས་ཡོད་རེད་དོ།།
གང་ལྟར་རྫོང་གསར་རིན་པོ་ཆེས་དུས་རབས་གསར་པའི་འགྲོས་དང་བསྟུན་པའམ་་་འདུལ་བ་ཡུལ་ལུགས་དང་བསྟུན་གསུངས་པ་བཞིན་འདུལ་བའི་བཅས་ཁྲིམས་དག་ལོ་གཉིས་དང་གསུམ་ལས་སོགས་རང་རང་གི་གང་མོས་གང་ཐུབ་ཏུ་བསྲུང་རྒྱུའི་ཐབས་ལམ་བེད་སྤྱད་ནས་ཐ་ཡི་ལཎཌི་རབ་བྱུང་པ་ནང་བཞིན་བཟོ་ཐུབ་ན་དྲ་འབུ་ཚོས་བསྟོད་བསྔགས་གཏོང་ངེས་རེད།
མཁྱེན་བརྩེ་སྐྱབས་མགོན་མཆོག་གི་དགའ་རོགས་དང་པོ་དེ་འབྲུག་པའི་བུ་མོ་རེད། དེ་ནས་ནུབ་ཕྱོགས་པའི་བུད་མེད་ཞིག་ཀྱང་དགའ་རོགས་ལ་བསུས་མྱོང་ཡོད། རིན་པོ་ཆེས་ཀུན་སྤྱོད་གང་ཡིན་རུང་སྐབས་འཕྲལ་ཕྱིར་བསྟན་པ་ལས་སྦས་སྐུང་གནང་བར་མི་དགྱེས་ལྟ་བུ་འདུག
རིན་པོ་ཆེ་ཁོང་ཐུགས་ལ་གང་སྙམ་པ་དེ་གསུང་པ་དང་ཕྱིར་སྟོན་པ་དེ་ཚང་མས་དཔེ་རུ་འོས། ཁོང་གི་རིས་མེད་སྐོར་ལ་འདི་འདྲ་གསུངས་པ་ཐོས། རིས་མེད་བྱེད་མཁན་ལ་མཐོང་མིན་འདུག་ལ། ཆ་འཇོག་བྱེད་མཁན་ཉུང་། འདི་ཕྱི་རྒྱལ་དང་བོད་པ་གཉིས་ཀར་རེད། བྱས་ཙང་རྫོང་གསར་བཤད་གྲ་ད་ནས་བཟུང་དཔལ་ས་སྐྱ་བའི་ཆོས་སྡེ་གཙང་མ་ཞིག་ལ་བསྒྱུར་ཟིན་པ་ཡིན་གསུངས།
དེ་བཞིན་ཐེངས་ཅིག་ཨུ་རྒྱན་སྟོབས་རྒྱལ་གྱིས་ནང་འཛོམས་ཀྱི་སྐད་ཆ་འགའ་ཕྱི་ལ་བཀྲམས་ནས། རྒྱལ་བ་ཀརྨ་པ་ལ་འཁོན་འདོགས་ཅུང་བྱུང་བས། ལམ་གསེང་རྡོ་རྗེ་གདན་ལ་རྒྱལ་དབང་ཀརྨ་པར་མཇལ་ཁ་ཞུས་ནས་ཕྱག་འཚལ་ནས་དགོངས་གསོལ་ཞུས་འདུག་པ་དང་ཕྱིས་ནས་རྒྱལ་བ་ཀརྨ་པ་ལ་གནོད་པའི་སྐད་ཆ་དང་ལས་ཀ་རྩ་བ་ནས་མི་བགྱིད་པའི་དམ་བཅའ་བཞག་འདུག
འོ་ཀློང་ཆུང་གི་སྐད་ཆ་དེ་ངས་ཀྱང་གོ་བྱུང་་་་སྔོན་མ་ཁོང་རྙིང་མར་ཤུགས་ཆེ་ཙམ་དང་རྙིང་མའི་སྨོན་ལམ་སོགས་ལའང་ཕེབས་ཀྱི་འདུག་རྗེས་སུ་ཁོང་གིས་དེ་ལྟར་གསུངས་པ་བཞིན་་་དེང་སང་ས་སྐྱ་ཤུགས་ཙམ་གནང་གི་འདུག གང་ཡིན་རུང་མི་དྲང་པོ་མདའ་འདྲ་བ་ཞིག་འདུག དེ་ལ་ངས་དགའ་བསུ་དང་བསྔགས་བརྗོད་ཞུ་གི་ཡོད།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་བོད་ཀྱི་རིག་གཞུང་དང་། ཛམ་གླིང་དུ་བྱམས་སྙིང་རྗེ་དང་། ཤེས་རབ་སྤེལ་ཐུབ་མཁན་མཆོག་ཏུ་གྱུར་པ་ཞིག་ལགས་ཤིང་། ལྷག་པར་བོད་རིགས་རྣམས་བོད་སྐད་ལ་དོན་གཉེར་ཆེར་མེད་པས་ནུབ་ཏུ་ཉེ་བ་དང་། དུས་དབང་གིས་འཚོ་བའི་ལས་རྙེད་སླ་བས་བཞོན་པ་ཡོངས་ཀྱིས་ཨིན་སྐད་སྦྱོང་བ་ཤུགས་ཆེ། དེས་ན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བོད་ཀྱི་རིག་གཞུང་དཔེ་ཆ་རྩ་ཆེན་རྣམས་་ཨིན་སྐད་དུ་སྒྱུར་འཇུག་མཛད་པར་ཐུགས་ཁུར་ཆེས་བཞེས་པར་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་ཡིན།
བོད་ཀྱི་རིག་གཞུང་ལེགས་སྦྱར་ལ་བརྟེན་ནས་བྱུང་བས། བདག་གིས་ཝཱ་རཱ་ཎ་སཱིར་བོད་པ་སློབ་གཉེར་པ་དག་ལ་ལེགས་སྦྱར་སྦྱོང་བར་བསྐུལ་ཀྱང་། འབྲས་སྦུངས་བློ་གསལ་གླིང་མཁན་ཟུར། དགེ་བའི་བཤེས་གཉེན་རྒན་ཡེ་ཤེས་ཐུབ་བསྟན་མཆོག་གིས་ཨིན་སྐད་ཤེས་པ་ལ་དགེ་མཚན་ཡོད་མིན་ལ་དྭགས་འཇམ་དཔལ་ལྟོས་ཞེས་༡༩༧༡་ཙམ་ལ་གསུངས་པ་དངོས་སུ་ཐོས། བདག་གིས་ད་ལྟར་ཡང་ཨིན་སྐད་ཁུངས་ཁྱོལ་བ་ཞིག་མི་ཤེས་ཀྱང་། གང་ཤེས་པ་དེ་སྤོབས་པ་བསྐྱེད་དེ་སྨྲ་མཁན་ཞིག་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་ཞབས་བཞིན་དུ། སྐུ་མདུན་མཇལ་དུ་མཇལ་བ་ན། རྫོང་གསར་རིན་པོ་ཆེ་ཞལ་གསོང་པོར་གསུང་མཁན་ཞིག་ཏུ་མཇལ། རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་པ་དང་། ཞབས་པད་བརྟན་པར་གྱུར་ཅིག །
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཁྱེད་རང་གི་སྤྱོད་ལམ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་་ལས་གནོད་ཆེ་བ་འདུག
ལ་དགས་རྒྱ་གར་གྱི་ཁོངས་སུ་གཏོགས་པས་བོད་ཀྱི་རིག་གཞུང་ལེགས་སྦྱར་ལས་བྱུང་བར་བཤད་ཀྱང་ཡ་མི་མཚན་འོན་ཀྱང་ངེད་དག་བོད་མི་རིགས་ལ་རང་ཉིད་ཀྱི་རིག་གཞུང་ནི་ལེགས་སྦྱར་ལས་བྱུང་བར་མི་འདོད་དོ།
ནང་ཆོས་སྤྱི་འགྲོས་ལ་། འཁོར་རྣམ་བཞི་ཡོད་པ་ལོས་བདེན། བོད་ལ་ཡང་རབ་བྱུང་ངུར་སྨིག་སྡེ་དང། ཁྱིམ་པ་གོས་དཀར་ཅན་གྱི་སྡེ་བཅས་གཉིས་པ་ཡོད་པས་ཁྱིམ་པ་གོས་དཀར་བྱེད་ན་རང་དབང་དང་དགའ་བསུ་་ཡོད། སྤྱན་རས་གཟིགས་དང་བྱམ་འཇམ་་དབྱངས་སོགས་ལྷ་ཡིན་དུས་ལྷ་ཡི་ཆ་ལུགས་ཅན་་ལས་ཁྱོད་རང་ནང་བཞིན་་གྲྭ་ཆས་ལུས་ལ་གྱོན་ནས་ཅི་འདོད་ནག་མོར་སྤྱོད་པ་མ་རེད། ཁྱོད་རང་འདྲ་པོ་ཞིག་སྡ་རམ་ས་ལ་ཡང་ཡོད། ཁམ་སྤྲུལ་རིན་པོ་ཆེ་ཟེར། ཡིན་ན་ཡང་ཁོང་གི་མདོག་དམར་པོ་དང་རིང་པོ་ཞིག་ལས་གྲྭ་ཆས་དང་རྩ་བ་ནས་འདྲ་མེད། བསྟན་པ࿒ལ་དམར་འབྱིན་ཞེས་པ་ཁྱོད་རང་འདྲ་པོ་ལས་གཞན་མེད། ད་དུང་ཧམ་པ་ཚ་པོའི་སྐད་ཆ་བཤད་པ་འདི་བོད་ཀྱི་རབ་བྱུང་སྤྱི་ཡི་མཚན་ཤེད་ལ་འགྲོ། མ་འོངས་མངོན་གཟིགས་ཀྱི་ལུངམ་ནི་བཀའ་འབུམ་ལས། རྙེད་གྲགས་འདོད་ལ་ཆོས་བཤད་མཁན་པོ་ཟེར། ཆོས་ལུགས་ཡིན་ཞེས་བབ་ཅོལ་མང་པོ་སྨྲ་། ཞེས་པ་ཁྱེད་རང་ལུང་བསྟན་མ་ཡིན་ནམ། བསྟན་དགྲ་ཞེས་པ་དེ་ཐག་རིང་ནས་བཙལ་མི་དགོས་པར་སེམས།
ཤེས་དགོས་རྒྱུ་ཞིག་ལ་འཁྲིག་པ་སྤྱོད་པ་དང་ཟ་མ་ཟ་བ་སོགས་ཕལ་ཆེར་གཅིག་པ་རེད། གྲོད་ཁོག་ལྟོག་ན་ཟ་མ་དགོས། གཟུགས་པོའི་སྟོབས་རྒྱས་ན་ངེས་པར་དུ་འཁྲིག་པ་སྤྱོད་དགོས། འཁྲིག་པ་སྤྱོད་ན་གཟུགས་པོ་བདེ་ཐང་ཡོང་བར་ཕན། འཁྲིག་པ་མ་སྤྱད་ན་གཟུགས་པོར་ན་ཚ་སོགས་འབྱུང་སྲིད། རབ་བྱུང་བ་ཚོས་ཁ་ཟས་ཉུང་ངུ་ཟ་བ་དང་ཕྱི་དྲོ་ཁ་ཟས་སྤོང་བའང་རྒྱུ་མཚན་འདི་ཡིན། འོན་ཀྱང་དེང་དུས་རབ་བྱུང་བ་ཕལ་མོ་ཆེས་ཕྱི་དྲོ་ཁ་ཟས་སྤང་མེད་ཚོད་རེད། དེར་བརྟེན་ཕོ་ཡིས་ཕོ་དང་མོ་ཡིས་མོ་ལའང་འཁྲིག་པ་སྤྱོད་འདོད་འབྱུང་སྲིད་པ་ཞིག་རེད། གལ་ཏེ་ཡོད་ན་དེ་ནི་ཐ་ཤལ་ཞིག་གྱང་མིན། རབ་བྱུང་བ་ཚད་ལྡན་ཞིག་འབྱུང་བསམ་ན་ཁ་ཟས་ཉུང་ངུ་ཟ་རྒྱུ་འདི་གནད་མཆོག་ཏུ་གྱུར་བ་ཞིག་རེད། །
གོང་དུ་འགའ་རེས་རྫུན་སྒྲིག་མང་ཙམ་བྱས་འདུག དོན་ངོ་མ་གོང་ས་མཆོག་ཡར་ཕུད་དེ་འཕྲོས་ནས་བོད་ཕྱི་ཕྱོགས་སུ་ཤེས་ཡོན་དང་སྙིང་རྗེའི་བདག་ཉིད་བསྟན་པ་སེམས་ཅན་ཁོ་ནའི་དོན་མཛད་པ་ཁོང་འདྲ་མི་འདུག་བཤད་ན་ཡང་ཆོག་ཚོད་རེད། རྫ་ཚེ་དང་ལི་ཚེས་འུར་སྒྲོག་གི་དོགས་པ་ཆེ་རུ་བཏངས་འདུག
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་རྒྱལ་མཚན་ལོ་རྒྱུས་བསྡུས་པ།
༼རྫོང་སར་རིན་པོ་ཆེ་དང་མཁྱེན་བརྩེ་ནོར་བུ་སོགས་ཞུ༽196༡ལོའི་ཟླ༧པའི་ཚེས༦ཉིན་འབྲུག་རྒྱལ་ཁབ་ཏུ་རྙིང་མ། འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས། དགུང་ལོ་བདུན་པའི་ཐོག༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དང་། ༧ས་སྐྱ་གོང་མ། ༧ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས (1893-1959)ཀྱི་སྐྱེ་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། སྐུ་ན་ཕྲ་དུས་ནས་ས་སྐྱ་དགོན་སོགས་གྲྭ་ས་མང་པོར་འགྲིམས་ཏེ་བསླབ་པ་སློབ་གཉེར་ལ་རྩེ་གཅིག་ཏུ་གཞོལ་ཞིང་། ཆོས་བརྒྱུད་ཆེན་པོ་བཞིའི༼ས་དགེ་བཀའ་རྙིང༽བླ་ཆེན་ཚང་མའི་གམ་དུ་གཅར་ནས་བྱིན་རླབས་དང་། དབང་བསྐུར། གདམས་ངག་ཞུས་ཤིང་། བླ་མ་གཅིག་ལ་དུས་ཐོག་གཅིག་ཏུ་ཆོས་བརྒྱུད་ཆེན་པོ་བཞིའི་བརྒྱུད་པ་ཆ་ཚང་བར་བཞུགས་པ་ནི་ཁོང་ཙམ་དུ་ཟད། སྔ་ཕྱིར་འབྲུག་དང་ཨོ་སི་ཁྲུ་རི་ལི་ཡ། ཨ་རི་སོགས་སུ་བསྟན་འགྲོའི་མཛད་པ་མང་དུ་བསྐྱངས་ཤིང་། ཆོས་ལུགས་སློབ་གཉེར་ཁང་དང་སྒོམ་གྲྭ་མང་པོ་བཙུགས་ཏེ་བསྟན་པའི་མཛད་པ་རླབས་ཆེར་བསྐྱངས།
དགུང་ལོ་བཅུ་གསུམ་ཐོག་བརྙན་འཕྲིན་ལ་ལྟ་རྒྱུ་བྱུང་ཞིང་། དགུང་ལོ་བཅུ་བདུན་བཞེས་སྒང་ནས་གློག་བརྙན་ལ་མོས་པ་ཆེར་འཕེལ། རྒྱ་གར་གྱི་མེ་འཁོར་འབབ་ཚིགས་ཤིག་ནས་པོ་ལེ་ལྦུ(Bollywood)ཡིས་བཟོས་པའི་གློག་བརྙན་ཐོག་མར་མཐོང་ཞིང་། དེས་ཁོའི་གློག་བརྙན་བཟོ་འདོད་ཀྱི་འདུན་པ་རྨང་ནས་བསླངས་པས། ལོན་ཌོན་དང་ཉིག་ཡོར་སོགས་སུ་ཆོས་སྤེལ་བའི་གླགས་དང་བསྟུན་ནས་གློག་བརྙན་ལ་སྦྱོང་བའི་གོ་སྐབས་བརྩོན་ལེན་སྒོས། ཉིག་ཡོར་གློག་བརྙན་སློབ་གླིང་སོགས་ནས་གློག་བརྙན་སྐོར་གྱི་ཆེད་ལས་ལ་སྦྱངས་ཤིང་། ༡༩༩༣ལོར་དབྱི་ཐ་ལིའི་འཁྲབ་ཁྲིད་པ་པེ་ཐོ་ལུའུ་ཁེའི«ཆུང་སྲིད»(LittleBuddha)ཅེས་པའི་གློག་བརྙན་གྱི་བློ་འདྲི་ས་བྱས་ཤིང་འཁྲབ་སྟོན་ལ་ཡང་ཞུགས། ཁོང་གིས་གློག་བརྙན་བཟོ་བསྐྲུན་གྱི་ཕྱོགས་ནས་ཕེ་ཐོ་ལུའུ་ཁེ་རང་གི་དགེ་རྒན་ལྟ་བུར་བརྩིས།
ཕབ་བསྐྲུན་པJeremy Thomasསོགས་ཀྱིས་སྐུལ་སློང་མཛད་པ་བརྒྱུད་དེ༡༩༩༩ལོར་ཁོང་གི་གློག་བརྙན་ཐོག་མ«ཕོར་བ»འཛམ་གླིང་སྒང་བཀྲམས་པ་དེས། འབྲུག་ཅེས་པའི་རྒྱལ་ཁབ་ཆུང་ཆུང་འདིར་མི་རྣམས་ཀྱིས་དོ་སྣང་བྱ་མགོ་བརྩམས་ཤིང་། ལོ་དེའི་ཁཱ་ཎ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཡང་ཞུགས། «ཡ་གླིང་གཟའ་དེབ»སོགས་ཀྱིས“གཏམ་རྒྱུད་གནད་ཕིགས་པར་འཆད་ཤེས་པའི་ཡ་གླིང་གི་འཁྲབ་ཁྲིད་པ”སོགས་ཕྱོགས་སོ་སོ་ནས་སྙན་པའི་གྲགས་པ་རྒྱས། «ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང»ནི་འབྲུག་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང16mmཅན་གྱི་སྤྱིན་ཤོག་བེད་སྤྱད་དེ་ཕབ་པའི་གློག་བརྙན་ཐོག་མ་ཡིན་པར་གྲགས། ཁོང་གིས་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པChristopher Doyleདང་མཉམ་འབྲེལ་ཏེ«VARA»ཞེས་པའི་གློག་བརྙན་ཀྱང་བསྒྲིགས་ཚར་བར་གྲགས་ཤིང་། མི་འགྱངས་པར་སྤྱན་སྔར་བསྟར་རྩིས་འདུག
གཞན་ཡང«སྟོན་པའི་བདེན་པ་རྟོགས་པའི་ཤེས་རབ»དང«གནས་མཇལ» «མི་ཡུལ་སྟེ་ཟློས་གར་ར་བ»སོགས་ནང་བསྟན་གྱི་གཞུང་དང་ཡུལ་ཁམས་བསྐོར་བའི་གསུང་རྩོམ་སོགས་པོད་བཞི་ལྷག་བཞུགས་སོ།།
རྫོང་སར་མཁྱེན་བརྩེ་ཁོང་ཚང་མ་གཞི་ནས་བླ་སྤྲུལ་ཞིག་ཡིན་པའི་ངོས་ཐད་ནས། གློག་བརྙན་ལ་ཡང་འཁྲབ་ཁྲིད་པ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཆ་ཞིག་ཡོད་པ་ནི། ནང་བསྟན་གྱི་དགོངས་དོན་མང་པོ་གློག་བརྙན་དུ་དྲིལ་ཡོད་པ་རེད། ཁོང་ཚང་གིས་གློག་བརྙན་ཉིད”དེང་རབས་ཀྱི་ཐང་ག”ཡིན་པར་འདོད་པ་ནང་བཞིན། དངོས་ཡོད་ཀྱི་འཇིག་རྟེན་འདི་དང་ཆོས་ཀྱི་དེ་ཉིད་མང་པོའི་བར་ཕན་ཚུན་བསྣོལ་འདུག་པའི་ཆ་ཞིག་ལ་འཚོལ་ཞིབ་བྱ་བཞིན་པའི་བཟོ་འདུག
བརྩམས་ཆོས་གཙོ་བོ
ཕབ་ལོ།
མིང་། རིགས།
འཁྲབ་སྟོན་པ་གཙོ་བོ།
༡༩༩༩ ཕོར་བ།
The cup ཟློས་གར། ལུས་རྩལ། Thinley Nudi Orgyen Tobgyal Neten Chokling
༢༠༠༤ ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་།
Travellers and magicians བྱུང་བརྗོད། ཉེན་ཟོན། ཚེ་དབང་དོན་གྲུབ། བསོད་ནམས་ལྷ་མོ།
ལྷག་པ་རྡོ་རྗེ། བདེ་སྐྱིད་གཡང་འཛོམས། བསོད་ནམས་སྦྱིན་པ།
ཞེས་སོགས་བཀོད་པར་དྲ་ཐག་བཤུས་སོ།།
རྫོང་གསར་རིན་པོ་ཆེའི་སྐོར་གྱི་དྲི་བ་བརྒྱད་སྙིང་པོ་བསྡུས་ཏེ་མཆན་བཏགས་ན་་འདི་འདྲ་ཞིག་ཨེ་རེད།
དྲི་བ་དང་པོ།༽ །བཤད་གྲྭ། རིག་གཞུང་དར་སྤེལ། དབང་ལུང་དར་སྤེལ་སོགས་ལ་སྐུ་གོང་མ་གཉིས་ཀྱི་ཞབས་འདྲེན་མི་ཞུ་བ་ཞིག་གནང་འདུག རིས་མེད་མ་ཐུབ་མི་འདུག ཟློས་གར་བའི་རང་བཞིན་སྨད་པའི་ཟོལ་གྱིས་སྟོད་པ་བྱེད་པའི་ཐབས་ལ་མཁས་པ་སོགས་ངག་གི་སྒྱུ་རྩལ་ཕུལ་དུ་བྱུང་བའོ། །
དྲི་བ་གཉིས་པ།༽ བརྩེ་དུང་གི་འཚོ་བ་རོལ་མྱོང་མིན་ཐད་བཀའ་ལན་ཅི་བཞིན་གནང་ན་མཚར་ཆེ་བ་མང་པོ་ཡོད་སྙམ། ཐེག་ཆེན་པས་ཁྱིམས་པ་བརྟུལ་ཞུགས་ཀྱིས་བསྟན་པ་གནོད་ཚུལ་བཤད་མེད་སྙམ། ཁྱིམ་ཐབས་དགག་པ་ཡོད་མེད་དེ་སོ་སྐྱེས་ལས་དང་པོ་ལ་བཤད་པ་ལས། བྱང་ཆུབ་སེམས་དཔའི་གནས་སྐབས་ལ་བཤད་པ་མ་རེད། རྫོང་སར་རིན་པོ་ཆེ་ཀ་གནམ་ཆོས་ཀྱི་རྒྱལ་པོའི་བརྒྱུད་པ། བདུད་འཇོམས་རིན་པོའི་སྐུ་ཚ་ཡིན་པས་བརྒྱུད་འཛིན་ཚོས་རིགས་རྒྱུད་སྤེལ་ཞུས་ཡོད་པ་ཐག་ཆོད།
དྲི་བ་གསུམ་པ།༽ སྤྲུལ་སྐུའི་གསང་ཡུམ་བཞེས་དགོས་མིན་སོ་སོའི་འདོད་པ་དང་། གསང་ཡུམ་ཅན་ཀྱིས་འདུལ་བའི་ལས་རབ་འབྱམས་བྱེད་མི་རུང་ཚུལ་གསུང་བ་ཐུགས་བདེན།
དྲི་བ་བཞི་བ།༽ གྲྭ་ཆས་གྱོན་ནས་བུད་མེད་ལ་འོ་བྱེད་པ་སོགས་ལ་སྐྱོན་བརྗོད་བྱེད་པ་ཐུགས་ཁག་མེད་པ་དང་། ཟློས་གར་གྱི་ལས་ཀ་བྱེད་སྐབས་དེར་བསམ་ལོང་དྲན་པོང་མ་བྱུང་གསུངས་འདུག
དྲི་བ་ལྔ་བ།༽ ཐ་ན་འང་རྟགས་ཙམ་མ་སྤངས་པ་དགོས་པས། ཀརྨ་ཆགས་མེད་སོགས་ཀྱི་ལུང་གིས་ཁྱིམ་པའི་གྲྭ་ཆས་གྱོན་ཆོག་པ་དང་། སོ་ཐར་གྱི་གཏན་སྡོམ་དེ་དུས་ངེས་ཅན་གྱི་སྡོམ་པར་བསྒྱུར་ན་མི་ལེགས་པ་མེད་ཚུལ་གསུང་པ་འདྲ། རྟགས་སྤང་བའི་དགེ་མཚན། རྟགས་འཆང་བའི་ཡོན་ཏན་སོགས་ལ་དཔྱད་པ་མུ་མཐུད་དུ་བྱེད་ཆོག
དྲི་བ་དྲུག་པ།༽ མཁན་ཚེ་བཀྲས་སྔགས་ཆས་གྱོན་པའི་སྣེ་ཁྲིད་པ་ཡོང་བའི་རེ་བ་བཏོན་པར། གྲྭ་མགོ་མ་འཐོན་དུས་སྔགས་ཆས་གོན་ཟེར་བ་དེ་ཡང་རེ་ཞིག་བསམ་བློ་གཏོང་དགོས་པ་ཞིག་དང་དཔྱད་གཞི་ཞིག་རེད་འདུག་དྲན་གྱི་ཡོད། ཅེས་གསུང་པ་མད། ཆོས་གོས་དང་ལྷུང་བཟེད་མ་གཏོགས། ཁྱིམ་པས་རབ་བྱུང་གི་རྟགས་འཆང་མི་ཆོག་པའི་ལུང་ཞིག་ཡོད་དམ་ཀུན་ཀྱིས་དཔྱད་པ་འཚལ། །
དྲི་བ་བདུན་པ།༽ ཧོང་ཀོང་གི་གཞས་མ་ཞིག་གིས་མོ་རང་གི་ཕྲུ་གུའི་ཕ་རིན་པོ་ཆེ་ཡིན་པའི་སྐོར་ལ། ཧོང་ཀོང་གི་གཞས་མ་དེ་ང་ཐེངས་གཉིས་ཙམ་ཞིག་ཐུག་མྱོང་། ཐུག་འཕྲད་དེའང་མི་ཉིས་བརྒྱ་སུམ་བརྒྱ་ཡོད་པའི་མང་ཚོགས་ཀྱི་སྐབས་སུ་ཐུག་པ་རེད་མ་གཏོགས་སྒེར་དུ་དམིགས་བསལ་གྱིས་གང་ཡང་ཐུག་མ་མྱོང་། ལོ་གཅིག་ཙམ་གྱི་སྔོན་ལ་ང་དང་བོད་ཀྱི་བླ་སྤྲུལ་རེད་ཟེར་བའི་སྤྲུལ་སྐུ་གཞན་ཞིག་གི་མཚན་ཕར་ཚུར་ནོར་ནས་བཤད་རྒྱུ་གླེང་རྒྱུ་ཞིག་འཐོན་ཡོད་པ་རེད། གཞས་མ་དེས་བུ་དེ་ང་དང་སྤྲུལ་སྐུ་གཞན་མ་དེའི་རེད་ཅེས་དམིགས་བསལ་གྱི་ལབ་ཡོད་ས་མ་རེད་ལ། མིན་ཡང་ལབ་ཡོད་ས་མ་རེད། གསུང་པའི་སྐོར་ལ་ད་དུང་ཞལ་གསལ་ཡོད་ན་ལེགས། རྫོང་གསར་རིན་པོ་ཆེའི་རེད་ཟེར་མཁན་ཟློས་མཁན་མོའི་གྲོགས་པོ་ཁ་ཤས་བརྒྱུད་དེ་བཤད་པ་རེད། གླེང་གཞི་ཡང་ལོ་མང་སྔོན་ནས་ད་ལོ་བར་ལན་མང་སྐྱར་ཟློས་བྱས་པ་ཞིག་རེད།
དྲི་བ་བརྒྱད་པ།༽ གློག་བརྙན་མང་པོ་བཟོ་བཞིན་ཡོད་པ་དེ་བླ་མ་སྤྲུལ་སྐུ་ཆེན་པོ་ཞིག་གི་མཚན་ནས་དང་རྗེས་སུ་འབྲེལ་བའི་ལས་ཀ་ཞིག་ཆགས་ཀྱི་ཡོད་དམ།
ལན། སྤྱིར་བཏང་གློག་བརྙན་ཟེར་མཁན་དེ་རིག་པ་ཞིག་རེད། དཔེར་ན་སྒྲ་རིག་པ། ཚད་མ་རིག་པ། ཐ་སྙད་རིག་པ་ཟེར་བ་ནང་བཞིན་རིག་པ་ཞིག་རེད། རིག་པ་གསར་པ་ཞིག་རེད་ཟེར་ན་ཆོག་གི་ཡོད་ཀྱི་རེད། རིག་པ་ཟེར་མཁན་དེ་བེད་སྤྱོད་གཏོང་སྟངས་ཤིག་རེད། ཀུན་སློང་དང་དམིགས་ཡུལ་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལྟ་བུ་ཞིག་ལ་དམིགས་ནས་སྙན་ངག་རྩོམ་པ་ལྟ་བུ་དང་། ཟློས་གར་འཁྲབ་སྟོན་བྱས་པ་ལྟ་བུ་དང་། གླུ་གཞས་གཏོང་བ་འདྲ་བྱས་པ་ཡིན་ན་ཡག་པོ་ཡོང་སྲིད་ཀྱི་རེད། དེ་ནང་བཞིན་ཀུན་སློང་ཡག་པོ་ཞིག་གི་སྟེང་དུ་དམིགས་ཡུལ་ཡང་བསྟན་པ་དང་སེམས་ཅན་ལ་གང་ལ་གང་འཚམས་ལ་ཕན་ཐོགས་ཡོང་བའི་ཆེད་དུ་གློག་བརྙན་གྱི་རིག་པ་དེ་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་དང་དུ་ལེན་ཐུབ་ན་ཡག་པོ་ཡིན་གྱི་རེད་བསམ་གྱི་ཡོད། །ཞེས་གསུངས་འདུག འདི་ལ་བསམ་ན། དཔལ་སྤྲུལ་གྱིས། ལྷ་ཆོས་གྲུབ་ལ་སེམས་རང་གཙོ་བས། །ལུས་ཀྱིས་མི་ཕན་ཟེར་རྒྱུ་མིན་ནམ། །གསུངས་པ་ལྟར་ནང་བསྟན་སེམས་གཙོ་སྨྲ་བ་ཡིན་ནམ། སྒོ་གསུམ་གྱི་བྱ་བ་གཙོ་བོར་སྟོན་མཁན་ཞིག་ཡིན། རང་རེའི་སེམས་གཙོ་བོར་འདོད་དུས་རབ་བྱུང་གི་རྟགས་ཡོད་མེད་ལ་རྩོད་པ་བྱུང་དོན་ཡང་མེད་དོ། །
སེམས་གཙོ་བཤད་དུས་བསམ་པ་བཟང་བ་གཅིག་པོས་ཆོག་པ་ལྟ་བུ། རབ་བྱུང་གི་རྟགས་ཟེར་དུས་མནབས་བཟའ་གཅིག་པོའི་སྟེང་ན་བསྟན་པ་གནས་ཡོད་པ་ལྟ་བུ། རང་གི་འདོད་པ་སྒྲུབ་ཆེད་བདེ་བར་གཤེགས་པའི་དམ་ཆོས་ཀྱང་རིས་སུ་གཅོད་པའི་རིགས་བླ་ཆེན་དང་མི་ཆེན་མང་པོས་བསམ་གཞིག་དཔྱད་པ་གནང་བར་འཚལ། །
དྲི་བ་འདྲི་མཁན་དང
་ལན་བརྒྱག་མཁན་གཉིས་ཀས་
འདུལ་བའི་སྐོར་ལ་སློབ་སྦྱོང་མེད་པའི་སྐྱོན་ཞིག་བསྟན་སོང་།
ངོ་མ་དགོད་བྲོ་བོ་རེད།
བྱམས་འཇམ་དབྱངས་གཉིས་དང་མཚུངས་སྡུར་གྱིས་ཆོས་གོས་སྐོར་བཤད་པ་དེར་བགོད་བྲོ་སོང་། མི་སྐྱས་གྲྭ་ཆས་གོན་ན་མི་མཚམས་པ་་དང་ཉེས་པ་ཡོད་པ་ཤེས་བཞིན་དུ་དེ་སྤ྄ཡོད་པ་ནི་ངོ་ལྐོག་ཡོད་པས་རང་རྟགས་རེད། མི་གཞན་གྱིས་ཁོང་ལ་གྲྭ་པའི་སྡོམས་པ་ཡོད་མེད་སྐོར་གླེང་བརྗོད་དང་དྲི་བ་མ་དྲིས་བར་དུ་གསང་ཐབས་སམ་གཏུལ་ཞུགས་ངང་སྡོད་པ་དེས་ཀྱང་ཁོང་གི་མི་གཤིས་དྲང་བདེན་ཇི་ཙམ་ཡོད་མེད་ཡང་གསལ་སྟོན་བྱས་པ་རེད། བསམ་ཞིང་དཔྱོད་ན་ཆེན་པོ་ཆེན་པོ་དང་དྲང་པོ་དྲང་པོ་ཐམས་ཅད་འདི་མོ་འདི་མོ་རེད།
ངས་བསམ་ན་ཁོང་དགེ་ཚུལ་སློང་གི་སྡོམ་པ་དྲི་མ་མེད་པ་ཡོད་མཁན་ཞིག་རེད་བསམ་གི རང་གི་ཁེངས་དྲེགས་དང་གཞན་གྱིས་ཆེ་བསྟོད་སྤང་སླད་དུ་འདི་འདྲ་བའི་ཁེངས་སྐྱུང་གི་ཐབས་ཚུལ་ཞིག་མཛད་གི་མེད་དམ་བསམ་གི ནམ་མཁའི་ལྷ་མོ་འདྲ་ཡིན་ན་མི་ཤེས་མ་གཏོགས། དགའ་རོགས་འདི་ཡིན་ཟེར་ནས་བསྟན་རྒྱུ་མེད་མཁན་འདི་འདྲ་ཡོད་རྒྱུ་མ་རེད། ད་བར་དུ་རྫོང་གསར་མཁྱེན་བརྩེས་བུད་མེད་འདི་དང་མཉམ་དུ་འགྲོགས་པ་རེད་ཟེར་བ་གོ་མ་མྱོང་། མི་ཆེན་པོ་ཞིག་གིས་འདི་ལྟ་བུ་གསང་བ་བྱེད་ཁག་པོ་རེད།
སྤོབས་པས་བླུན་བཤད། གསང་མི་ཐུབ་པའི་བུད་མེད་བསྟེན་ན་གསང་ཡུམ་ག་ལ་ཡིན། བོད་པ་དང་འབྲུག་པའི་བུ་མོ་བསྟེན་ན་གསང་ཐུབ་ཀྱི་རེད། རྒྱ་མའི་ཡང་གསང་ཐུབ་ཀྱི་རེད་སྙམ། ཡིན་ནའང་དུས་དབང་གི་གསང་བ་མ་བྱས་ན་ཤིན་ཏུ་ལེགས། རྫོང་གསར་མཁྱེན་བརྩེས་ཕྱིའི་སྤྱོད་པས་རྣལ་འབྱོར་བའི་ཚུལ་བཟུང་གི་མེད་སྟབས་ཕལ་བའི་ཚུལ་དུ་བུད་མེད་མངོན་གྱུར་བསྟེན་ན་ཤིན་ཏུ་ལེགས། གསང་ཡུམ་བཞེས་དགོས་ན་རྣལ་འབྱོར་པ་ཞིག་ངེས་པར་དུ་ཡིན་དགོས་པ་རེད། དེ་མིན་གསང་ཡུམ་ཞེས་མིང་བཏགས་ན་ཡག་པོ་མ་རེད། །
སྤོབས་མཐའ་ཟེར་བ་འདི་སྐབས་རེར་དག་སྣང་ཆེ་མདོག་དང་་་སྐབས་རེར་འཇིག་བྱེད་དང་དུས་འཁོར་གྱི་ལྷ་ལས་སོགས་ལ་ཡིད་ཆེས་མེད་རབས་བཤད་ད་གང་སྣང་གང་དྲན་བཤད་མ་ཡོང།
# 27 པདྨ་ལགས་ཀྱིས་མཆན་བཏབ་པ།:
June 30th, 2015 at 7:18 PM
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་རྒྱལ་མཚན་ལོ་རྒྱུས་བསྡུས་པ། འདི་ཀུན་ལ་ཕན་ཐོགས་ཆེ་བས། ཆོས་གྲོགས་སམ། དྲ་གྲོགས་པདྨར་བཀའ་དྲིན་ཆེ་ཞེས་ཞུའོ།།
རིས་མེད་ནི།
གཅིག་ཀྱང་མེད་མཁན་ལ་རིས་མེད་མི་ཟེར་བར། ས་དགེ་བཀའ་རྙིང་ལས། གཉིས་ཙམ། གསུམ་ཙམ་མམ། བཞི་ག་ལ་དད་པ་ཐོབ་པའི་རིས་མེད། བཞི་གའི་དབང་ལུང་འཁྲིད་རྒྱུན་ཐོབ་པའི་རིས་མེད། བཞི་གའི་དབང་ལུང་འཁྲིད་རྒྱུན་རང་གི་འཛིན་ཞིང་གཞན་ལ་སྤེལ་ཐུབ་པའི་རིས་མེད་སོགས་མང་བས། རིས་མེད་གང་ཡང་རུང་བ་ཆགས་པ་ཙམ་གྱིས། གཞན་གྱིས་བརྩི་རུང་མ་བརྩི་རུང་། རང་ལ་ཕན་པ་འབའ་ཞིག་ལས། གནོད་པའི་ཆ་ཕྲ་མོ་ཙམ་ཡང་མེད་དོ།།
རྫོང་རྫ་གཉིས་ཀ་ནང་བསྟན་གྱི་ཕྱོགས་ནས་སློབ་སྦྱོང་མེད་པ་དེ་རིང་འདི་ནས་ཤེས་སོང་། རབ་བྱུང་གི་སྡོམ་པ་མེད་བཞིན་དུ་ད་རུང་རབ་བྱུང་གི་ཆོས་སྤྲས་བསྡད་ན་བསྟན་པ་ལ་ཁྱད་གསོད་བྱས་པ་རེད། ད་རུང་ཁོས་བསམ་བློ་གཏོང་གི་ཡོད་ཟེར།དེ་ལས་བསོད་རྒྱལ་རིན་པོ་ཆེ་བཞིན་སྐྱ་ཆས་སྤྲས་ཏེ་བུད་མེད་ཀྱི་ཆེད་དུ་ཁྲིམས་ལ་ཐུག་དགོས་ཀྱང་འགྲིག་གི་རེད། རབ་བྱུང་བ་དང་སྐྱ་བོའི་ཆས་ལོགས་སུ་ཕྱེ་དོན་ལ་རྒྱུ་མཚན་མེད་པ་ག་ལ་ཡིན།
ད་རུང་རིག་གཞུང་ཞིག་གླེང་ཁུལ་བྱེད་ཀྱི་འདུག རིག་གཞུང་གླེང་མཁན་གྱིས་མགོ་ནས་གཏོར་བརླགས་བྱེད་ཀྱི་འདུག འགྲིག་ལམ་བཟོ་མཁན་དང་འགྲིག་བདག་གིས་འགྲིག་ལམ་གཏོར་ན་ཅི་ལྟར་འགྲིག་ལམ་བཟོ་གི་ཡིན། ད་རུང་གསང་སྔགས་ལ་ཁ་གཡར་འདོད་འདུག་ ཧཧཧཧ་ངོ་མ་ད་གང་ལ་སླེབས་འདུག
ངོས་ནས་བསམ་ན་ཐག་མ་ཆོད་པའི་བསམས་ཆ་གསུམ་ཡོད། འདྲི་ས་རྫ་ཚེ་བཀྲ་ལ་ཡིན།
༡ རྫོང་སར་མཁྱེན་བརྩེ་ལ་སྲས་སམ་སྲས་མོ་ཡོད་མེད་དང་ཡོད་ན་སུ་ཞིག་དང་།
༢ ཁོང་ལ་བཟང་པོའི་ལེགས་ཆ་ཀུན་ལྡན་ན་རྟགས་ཙམ་གླེང་དོན་དགོས་པ་གང་ཡིན་ནམ།
༣ རྫ་མཁན་པོ་ཚེ་བཀྲས་དམིགས་ཡུལ་ངོ་མ་དེ་དངོས་གཙོ་ཞིག་ལ་ཐུག་འདུག་པས་ཆོས་ལུགས་ག་གེ་མོའི་བདག་པོ་མགར་ཆེན་རིན་པོ་ཆེ་ལྟ་བུས་ལག་འཁོར་ལོ་དང་ཁ་རྒྱལ་སྲས་ལག་ལེན་བཤད་མཁན་ཞིག་གིས་བུད་མེད་རྒན་གཞོན་ཚང་མ་སུ་ཐུག་ན་ཁྱུད་ཅིང་ཁ་སྐྱལ་ཞིང་དོན་ངོ་མ་སོ་སོའི་བུ་རྒྱུད་ཀྱང་ལྔ་ལམ་དུ་བཏངས་པ་ལ་མི་དཔྱད་པར་མཁྱེན་བརྩེའི་གློག་བརྙན་དང་རྩེད་མོ་ལ་དཔྱད་གླེང་དགོས་དོན་གང་ཡིན་ནམ།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་པར་རིས་སོགས་དྭ་ལམ་ཁག་དུ་མཇལ་བ་དེ་ཚོ་ཡག་པོ་ཞིག་མཐོང་མ་སོང་། འདི་སྐྱ་མིན་སེར་མིན། ཆོ་ལོ་སྦོ་ལོ་ཁེ་ཙང་ཞིག་རེད། སྤྱིར་ཚུལ་འཆོས་མ་བྱས་པ་དེ་ཡག་པོ་རེད། གྲྭ་ཆས་ཡིན་མིན་གང་ལྟར་ཡང་གོས་དམར་པོ་ཞིག་གྱོན། སྤྱོད་པ་གང་བྱུང་གནང་བ་དེས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་གནོད་ཅི་ཡོད་ས་རིས་ཐང་གསར་རེད། ཁོང་བླ་ཆེན་ཞིག་རེད། བསམ་བློ་གཏོང་དང་། ད་དུང་ཕྱི་གསར་ནང་གསར་ཡིན་མདོག་གིས་དྲྭ་ལམ་དུ་ཁྱབ་བསྒྲགས་ལྟ་བུ་བྱས་ན་ག་འདྲ་འདུག ང་རྒྱལ་དང་བདག་འཛིན་དབང་གིས་ཚུལ་འཆོས་མེད་ཚུལ་དང་ངོ་ཚ་མེད་པ་ཟེར་བ་གཉིས་བ་མ་ནོར་བ་འགྱིས། མདོར་ན་ཁོང་ཁམས་ཕྱོགས་ཀྱི་བླ་ཆེན་ཞིག་ཡིན་པས་རབ་བྱུང་གི་ངུར་སྨིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེའི་གང་གཏོགས་ཡོངས་གྲགས་གསལ་གསལ་ཐེང་ཐེང་གིས་མཛད་ཕྱོགས་མ་ནོར་བ་གནང་ན་སྤྱིར་བོད་རྒྱུད་ནང་པའི་དད་ལྡན་པ་དང་ལྷག་པར་ཁོང་ལ་དད་པའི་སྐྱེས་བུ་མང་པོ་ལ་ཕན་ཐོགས་འབྱུང་སྲིད་པས་དེ་ལུགས་དགོངས་བཞེས་གནང་རོགས་ཞུ་ཡ་ཡིན། སྤྱིར་དེང་སང་བརྡ་འཕྲིན་གྱི་ཁོར་ཡུག་འོག་རང་ཉིད་ཁྱབ་བསྒྲགས་བྱས་དགོས་ན་ངོ་ཚ་སོགས་ལ་འཛེམས་མེད་གྱིས་བོད་པ་ཚང་གི་ཡུལ་སྲོལ་དང་ཅུང་མི་མཐུན་པའི་ཡར་ཐོན་གྱི་རྣམ་པ་ཡོད་མདོགས་བྱས་ན་སྐད་གྲགས་ཀྱི་མྱུར་ཚད་ཧ་ཅང་ཆེ་བའི་དུས་ཤིག་རེད།
ཚང་མ་ཕེབས་ནས་བགྲོ་གླེང་ལྷུག་པོར་གནང་བ་ལེགས། བཀའ་དྲིན་ཆེ།
རྫོང་སར་རིན་པོ་ཆེའི་དྲི་བ་༥་བའི་ལན། །༽ ཐ་ན་འང་རྟགས་ཙམ་མ་སྤངས་པ་དགོས་པས། ཀརྨ་ཆགས་མེད་སོགས་ཀྱི་ལུང་གིས་ཁྱིམ་པའི་གྲྭ་ཆས་གྱོན་ཆོག་པ་དང་། སོ་ཐར་གྱི་གཏན་སྡོམ་དེ་དུས་ངེས་ཅན་གྱི་སྡོམ་པར་བསྒྱུར་ན་མི་ལེགས་པ་མེད་ཚུལ་གསུང་པ་འདྲ། དྲ་གྲོགས་མཁས་དབང་རྣམས་པས་རྟགས་སྤང་བའི་དགེ་མཚན། རྟགས་འཆང་བའི་ཡོན་ཏན་སོགས་ལ་དཔྱད་པ་མུ་མཐུད་དུ་གནང་སྐྱོང་ཡོད་པར་ཞུ། །
ཤེས་བྱ་རིག་པར་རྫོགས་པའི་མཐའ་མེད་ནས་།
གསར་གཏོད་ཐམས་བཅས་རྙིང་གཏོར་བཅུད་ལེན་རེད་།
འདོད་པའི ་འཇིག་རྟེན་འདོད་པར་རྔམ་པ་ལ་།
ོདགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
བཅར་འདྲི་ཡག ནང་དོན་ཟབ། ཡིག་ནོར་མང་། གོ་རྒྱུ་འདུག
བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་།།
ངོ་མཚར་མོས་པ་རབ་ཏུ་འཕེལ་གྱུར་ཅིག།
བྱ་བ་ཀུན་ལ་གཞན་དུ་མི་རྟོགས་པར།།
ཕན་པའི་འདུ་ཤེས་རྟག་ཏུ་རྙེད་གྱུར་ཅིག།
རྫོང་གསར་མཁྱེན་བརྩེར་དོ་མཁན་གྱི་བླ་གསར་པ་གཅིག་ཀྱང་མི་འདུག མིག་ཚ་ན་སྡུག་གྱོང་གྱིས།
ང་རང་རྫོང་གསར་ལས་རྫ་ཚེ་རིང་བཀྲ་ཤིས་ལ་གུས་ཞབས་ཆེ་བ་བསླེབས་སོང་། ཁོང་གིས་བསྟན་པའི་འགན་འཁུར་ཆེན་པོ་ཞིག་བསྣམས་ནས་རང་གི་བླ་མ་རྫོང་གསར་ལ་ཐབས་མཁས་པོས་ཁོང་གིས་བསྟན་པར་རྨ་འབྱིན་པའི་བྱ་བ་དེ་དག་ལ་ཡོ་སྲང་བྱེད་པ་འདི་ངོ་མ་བསྟན་དོན་རེད།
རྫོང་གསར་རིན་པོ་ཆེ་མཆོག་གིས་ཀྱང་དེ་ལ་བསམས་གཞིགས་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་གནང་བ་གོ་མ་ཐག་ང་རང་ཡིད་ལ་བརྗོད་མ་ཐུབ་པའི་སྤྲོ་བ་འཕེལ། དེ་ངེད་ཚོ་བསྟན་པ་དང་མི་རིགས་ལ་ཤ་ཚ་དང་འགན་འཁུར་ཡོད་པ་ཚོས་རང་རང་གི་ཆོས་བརྒྱུད་བླ་མ་ཚོར་ཐབས་འདི་འདྲར་བརྟེན་ནས་བློ་སྐོན་ཐུབ་ན་བཟང་། གལ་ཏེ་རྫོང་གསར་རིན་པོ་ཆེས་འདུལ་བའི་བསྟན་པའི་འགན་གནད་ལ་གཟིགས་ནས་གོས་དཀར་ལྕང་ལོའི་ན་གཟའ་བཞེས་ན། དེ་ནི་རྫ་བཀྲ་ཤིས་ཚེ་རིང་གི་མཛད་པ་ཆེན་པོ་ཞིག་རེད། གནས་ཚུལ་དེ་ཆོས་ལུགས་ཚང་མའི་བླ་མ་ཚོས་དགོངས་བཞེས་གནང་དགོས། མི་སྒེར་ལ་ཞུ་བ་མིན།བཀའ་བརྒྱུད་ནང་རྫོགས་ཆེན་དཔོན་་སློབ་རིན་པོ་ཆེ་དང་། རྙིང་མའི་ནང་རབ་བྱམས་རིན་པོ་ཆེ་སོགས་ཀྱི་འདི་ལ་དགོངས་བཞེས་གནང་རོགས།
ཆོས་གོས་དང་སྣམ་སྦྱར་མ་གོན་ན་ཤམ་ཐབས་དང་གཟན་གོན་ན་འགྲིག་གི་འདུག་སྙམ། ཁྱིམ་པས་ཁ་དོག་དམར་བོ་གོན་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། རྒྱ་གར་བུད་མེད་ཚོས་ཁ་དོག་དམར་པོ་དང་སེར་པོ་གོན་གྱི་འདུག དེར་ཅི་ཟེར། ཤམ་ཐབས་དང་གཟན་གཉིས་ནི་ཁ་དོག་དམར་པོ་ཡིན་པའི་རས་རྐྱང་ཞིག་རེད། རས་རྐྱང་ཞིག་གོན་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། །
དྲི་ལན་ཚང་མ་ཀློག་པ་ཡིན། རྫ་ཚེས་དྲི་བ་ཚང་མ་གནད་ཡོད་པ་དང་སངས་རྒྱས་ཀྱི་བསྟན་པ་དག་ཐེར་ཆེད་དུ་ཡིན་པར་གོ བླ་མས་དྲི་ལན་གནང་བ་ཁག་ལས་གཞན་དག་ཁ་བདེ་བོས་ལན་བཏབ་ན་འགྲིག་མོད། ཁྱིམ་པས་རབ་བྱུང་བའི་རྟགས་འཆང་ན་ངུར་སྨིག་གི་རྒྱན་མཚན་ལ་མ་གུས་པ་སོགས་འདུལ་བ་མཚོ་ཏྲིཀ་མ་གསལ། འོན་ཀྱང་རབ་བྱུང་གསར་ཏུ་སྒྲུབ་སྐབས་བསྒྲུབ་བྱ་དེ་སྒྲུབ་ཆོག་མ་བཏོན་སྔོན་དུ་གོས་ངུར་སྨིག་བཀོན་པ་ནི་དམིགས་བསལ་ཡིན་གསུངས། འདུལ་བའི་ཕྱག་ལེན་ཚང་མ་རིན་པོ་ཆེས་བོད་པའི་ལུགས་སྲོལ་རེད་ཟེར་བ་ནི། འདུལ་བའི་སྐོར་ལ་ཤེས་བྱ་ཅུང་ཟད་ཀྱང་མེད་བཞིན་དུ། ཐོ་ཅོ་བྱས་པ་ཞིག་ལས་མ་འདས། མ་གཞི་ཐོ་ཅོ་མཁན་ཞིག་གིས་ཅི་ཞིག་ལ་ཐོ་ཅོ་བྱས་ནའང་རང་དབང་ཡིན་སྲིད་མོད། དམ་པའི་ཆོས་འདུལ་བ་ལ་ཐོ་ཅོ་བྱེད་པ་ནི། མ་རུང་བ་ཞིག་རེད་དྲན། མ་ཟད་༧གོང་ས་མཆོག་གིས་འདུལ་བའི་ཕྱག་ལེན་གཞིར་བཟུང་། གསུང་ཆོས་སྐབས་སུ་ཁྱིམ་པ་ཡིན་ན་རབ་བྱུང་གི་གོས་མ་གྱོན། ཡག་པོ་ཡོད་མ་རེད། ཟེར་ནས་ཚར་མང་པོ་གསུངས་པ་ནི་དམ་པའི་ཆོས་འདུལ་བའི་ཕྱག་ལེན་གཞིར་བྱས་པ་ཞིག་རེད། དྲི་ལན་དྲུག་པའི་སྐབས་སུ་སྔགས་པའི་ཆོས་གོས་གོན་པ་ནི་རབ་བྱུང་བའི་ཆོས་གོས་གྱོན་པ་ལས་ཀྱང་དཀའ་རབས་བཤད་འདུག འོ་ན་ད་ལྟ་གྱོན་ཡོད་པའི་རབ་བྱུང་གི་གོས་དེ་ཁྱིམ་པ་ཡིན་ཟེར་ནས་གོན་གྱི་ཡོད་པ་རེད་དམ། རབ་བྱུང་ཡིན་ཟེར་ནས་གྱོན་གྱི་ཡོད་པ་རེད། དེ་མིན་ན་སྔགས་པ་ཡིན་ཟེར་ནས་གྱོན་གྱི་ཡོད་པ་རེད། འདི་ནི་འདུལ་བའི་བསྟན་པ་ལ་རྨ་འབྱིན་པ་ཆེན་པོའོ།
རྫོང་གསར་མཁྱེན་བརྩེ་ལ་དད་པ་མེད་པ་མིན། ཁོང་གི་ཕྱག་ལས་གནང་སྟངས་དང་། གསུང་བཤད་མང་པོ་ཅིག་ལས་སྐྱེས་བུ་དམ་པ་ཞིག་ཡིན་པར་ཡིད་ཆེས་གཙང་མ་ཡོད། འོན་ཀྱང་འདུལ་བའི་བསྟན་པ་ལ་ཐོ་ཅོ་བྱེད་པ་ནི་ག་དུས་ཡིན་ན་ཡང་མིག་ལྟོས་ངན་པ་ཞིག་རེད། འདུལ་བའི་བསྟན་པ་ལ་གང་བྱུང་གིས་ཐོ་ཅོ་བྱེད་ས་ཡོད་མ་རེད་དྲན།།
གཞོན་ནུ་ཟླ་མེད་ཀྱིས་གསུང་པ་ལྟར་ན། དབུ་རེག་དང་ཞབས་རྗེན། ཕྱི་དྲོའི་ཁ་ཟས་སྤང་པ་སོགས་ཀྱང་དངུར་སྨྲིག་གི་རྒྱལ་མཚན་ལ་མ་གུས་པ་མི་འགྱུར་རམ། རབ་བྱུང་གི་རྟགས་དངོས་ཏེ་ཅི་ཞིག་ཡིན་གསལ་བཤད་ཡོད་ན་ལེགས། མང་པོ་ཞིག་ཁྱིམ་པ་དང་རབ་བྱུང་གཉིས་ཀའི་ཐུན་མོང་རེད། ཐེག་དམན་ལའང་ཁྱིམ་པ་དང་རབ་བྱུང་ཐུན་མོང་གི་ཡོ་བྱད་མང་། དཔྱད་པ་བྱེད་པའི་སྤོབས་པ་ལྡན་པ་མཆིས་ཚེ་ཚིག་རྩུབ་ཙམ་མ་ཡིན་པའི་ཁུངས་ལྡན་གྱི་ལུང་རིགས་སྤྲོ་བར་ཞུ། །
སྤོབས་མཐའི་སྐད་ཆ་ལ་གོ་རྒྱུ་འདུག རྫོང་གསར་རིན་པོ་ཆེ་རབ་བྱུང་མ་ཡིན་པ་ཁྱོད་ཚོ་སུའི་ཤེས་ཀྱི་ཡོད། རབ་བྱུང་མིན་ན་ཁོང་གི་དགའ་རོགས་སུ་རེད། ཁོང་གིས་མཚམས་རེ་སྐྱ་ཆས་བཞེས་པ་ཙམ་གྱིས་རབ་བྱུང་མ་རེད་ཟེར་བ་ཡིན་ན་དེ་ནི་ལྐུགས་རྟགས་ཀྱི་སྐད་ཆ་རེད། ཁོང་ཕྱི་གསལ་ནང་གསལ་གནང་མཁན་ཞིག་ཡིན་པས་མ་གཏོགས་དེང་སང་ཕྱི་རྒྱལ་ལ་འགྲོ་མཁན་བླ་མ་ལོ་གཞོན་ཕལ་མོ་ཆེ་སྐྱ་ཆས་གོན་ནས་འགྲོ་བཞིན་ཡོད་པ་རེད་ལ། རྒྱ་གར་ནས་བལ་ཡུལ་ལ་འགྲོ་ན་ཡང་གྲྭ་པ་ཕལ་མོ་ཆེས་སྐྱ་ཆས་གོན་ནས་འགྲོ་ཡི་ཡོད་པ་རེད། ད་འོ་ན་དེ་ཚོ་ཚང་མ་རབ་བྱུང་མ་རེད་ཟེར་རྒྱུ་ཨེ་ཡིན། ད་དུང་ལ་ལས་འདུལ་བ་ཤེས་མདོག་གིས་མང་པོ་ཅིག་བཤད་ཀྱི་འདུག འདུལ་བའི་ནང་ལ་ཆོས་གོས་སྣམ་སྦྱར་ཕུད་པའི་བོད་ཀྱི་གཟན་ཤམ་འདི་ལྟ་བུ་ཞིག་གང་དུ་གསུངས་འདུག
ལུང་རྟོགས་ལགས། རྫོང་གསར་མཁྱེན་བརྩེ་སྡོམ་ལྡན་ཡིན་མིན་ཁོ་རང་་གི་མཁྱེན་གྱི་རེད། མི་གཞན་ལ་སྐད་ཆ་འདྲི་མི་དགོས། རང་བློ་རང་ལ་ལྐོག་ཏུ་མ་འགྱུར་བའི་ཕྱིར་ཟེར་བ་ལྟར་རེད། ཡིན་ནའང་ཁོང་གིས་རང་བློ་ལྐོག་ཏུ་འགྱུར་བ་གསུངས་འདུག ཁྱད་མཚར་ཞིག་རེད།
རྫོང་གསར་མཁྱེན་བརྩེ་ཁོང་རང་གིས་རབ་བྱུང་བ་མིན་ཚུལ་གསུངས་འདུག་པ་འདི་ཀློག་གནང་རོགས།
༼ང་ལ་ཡང་ཁམས་སྡེ་དགེ་ཕྱོགས་ནས་ཡིན་ཟེར་བའི་གྲྭ་པ་ཁ་ཤས་ཀྱིས་ངའི་རྩར་འོང་ནས་རིན་པོ་ཆེ་ཁྱེད་ཀྱིས་བཀའ་མོལ་འདྲ་མི་འདྲ་དང་། དགེ་ཚུལ་སློང་མ་ཡིན་པའི་སྐོར་གསུང་གི་འདུག དེ་འདྲ་མ་གསུངས་རོགས་གྱིས། འཇམ་དབྱངས་མཁྱེན་བརྩེ་ཟེར་མཁན་དེ་ཡིན་གཅིག་མིན་གཅིག་རབ་བྱུང་བྱེད་དགོས་རེད་ཟེར་གྱི་འདུག དེ་འདྲ་ཟེར་མཁན་ཐེངས་ཁ་ཤས་ཤིག་དངོས་སུ་བསླེབས་སོང་། དངོས་སུ་དེ་འདྲ་བཤད་མཁན་དག་ལ་ཁ་རི་ཁ་ཐུག་དྲང་པོ་དྲང་རྐྱང་བྱས་ནས་བཤད་པ་ཡིན། དྲང་པོ་བཤད་ན་ཡག་གི་རེད༽
ཁོང་རང་གིས་རབ་བྱུང་མིན་རབས་གསལ་པོར་གསུངས་འདུག་པར་ད་དུང་དྲང་ངེས་ཀྱི་འགྲེལ་བ་འདྲ་བྱེད་དགོས་པ་འདུག་གམ། མ་གཞི་ནས་དྲི་མེད་ཀྱི་མཆན་༤༨ དུ་གསལ་བ་ལྟར། ཁོང་གི་རབ་བྱུང་གི་གོས་གང་དང་གང་གོན་མིན་གསལ་པོར་བཟོས་དང། གཞི་ནས་གསལ་དུ་འགྲོ་གི་རེད།
་་་་་་་་་་ ཐར་རྩེ་མཁན་པོ་སྐུ་གོང་མའི་སྐུ་མདུན་ནས་ལམ་འབྲས་ཀྱང་ཞུས་ཡོད་པ་འདྲ། ཡིན་ནའང་ཕྱིས་སུ་ཐར་རྩེ་མཁན་པོ་སྐུ་གོང་མ་རྟེན་སྔགས་འཆང་གནང་ནས་དགེ་སློང་རེད་ཡོད་པ་མ་རེད། ཐར་རྩེ་མཁན་པོའི་སློབ་མ་གྲྭ་པ་དེ་ལོ་ཡང་རྒས་ཙམ་རེད། ཐར་རྩེ་མཁན་པོ་མཇལ་དུས་མཚན་ཡང་མཁན་རིན་པོ་ཆེ་ཞེས་མ་ཞུས་པར་ཁོ་གྲྭ་ལོག་དང་མི་སྐྱ་དེ་ཟེར་ནས་དཔེ་སྡུག་པོ་བརྩིས། དེ་འདྲ་བྱེད་ཀྱི་འདུག ་་་་་་་་་་་་་་
དངོས་འབྱུང་ལོ་རྒྱུས་འདི་ལ་ཁ་ཐུག་དཔྱད་ན། ཐར་རྩེ་མཁན་པོ་སྐུ་གོང་མ་བླ་མ་དེ་སོ་ཐར་གྱི་སྡོམ་པ་ཙམ་ཉམས་པ་རེད། ཐར་རྩེ་མཁན་པོར་ལམ་འབྲས་ཞུ་མཁན་སློབ་མ་དགེ་སློང་དེ་ནི། གསང་སྔགས་ཀྱི་དམ་ཚིག་དང་ཉམས་འགྲོ་བགྱིད་ཡོད་ཙང་། སློབ་མས་བླ་མ་བསྟེན་སྟངས་ལ་གཟབ་དགོས་པ་དང་། སློབ་མའི་མོས་གུས་ཆུང་དྲགས་པའི་སྐྱོན་རེད་སྙམ་མོ།།
རྣམ་པ་ཚོས་གསུང་པ་ལྟར་རབ་བྱུང་གི་ཆས་དེ་ཐག་གཅོད་ཐད་བགྲོ་གླེང་ལྷུག་པོ་གནང་དགོས། ལུང་རྟོགས་ཀྱི་བཤད་པ་ལྟར། བོད་ཀྱི་རབ་བྱུང་མང་པོ་ཞིག་གིས་ལས་ཀ་དང་གྲོང་སྡེ། ཕྱི་རྒྱལ་སོགས་སུ་སྐྱ་ཆས་གྱོན་ནས་ཕབས་གནག་གི་ཅོད། ཁྱིམ་པས་རབ་བྱུང་གི་རྟགས་བླང་པ་དང། རབ་བྱུང་གིས་ཁྱིམ་པའི་ཆས་མ་སྤངས་པ་གཉིས་ལ་ཉེས་པ་གང་ཆེ་དཔྱད་པ་གནང་བར་འོས། །།
ཡག་པོ་འདུག
རིན་པོ་ཆེའི་སྐུ་པར།
https://www.facebook.com/photo.php?fbid=10152943512447531&set=pcb.10152943512872531&type=1&theater