སྒོ་བུ་ཤ་བོ་ཚེ་རིང་།
རྭ་ལོ་ཙཱ་བ་ནི་ཆོས་པ་རྣམ་དག་ཅིག་ཡིན་ནམ། ཡང་ན་མི་གསོད་ལག་དམར་ཞིག་ཡིན། རྭ་ལོ་ཙཱ་བ་ནི་གྲུབ་ཐོབ་ཚད་ལྡན་ཞིག་ཡིན་ནམ། ཡང་ན་སྒྱུ་མ་སྟོན་མཁན་ཞིག་ཡིན། རྭ་ལོ་ཙཱ་བ་ནི་སྐད་གཉིས་སྨྲ་བ་ཞིག་ཡིན་ནམ། ཡང་ན་གླུ་བ་ཆང་འཐུང་ཞིག་ཡིན།
རྭ་ཡེ་ཤེས་སེང་གེས་མཛད་པར་གྲགས་པའི་<<རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་>>ལ་མཇལ་ཐེངས་རེར། གོང་གི་དྲི་བ་དེ་དག་རྟག་པར་སེམས་ལ་འཆར་འོང་བ་ཞིག་འདུག །དེར་མ་ཟད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་ཐར་དེའི་བདེན་དངོས་རང་བཞིན་ལ་དོགས་པ་ཆེན་པོ་སྐྱེས་མྱོང་། སྤྱི་ཟླ་བདུན་པ་འདིར་དཔེ་བསོད་ཆེ་བའི་ཕྲན་བུས་ཁོང་གི་རྣམ་ཐར་གཞན་ཞིག་ལ་མཇལ་སྐལ་བྱུང་ཞིང་། དེའི་མཚན་བྱང་ལ་<<བླ་མ་རྭ་ལོ་ཙྪ་བའི་རྣམ་པར་ཐར་པ་རགས་པ་བཞུགས་ལགསྷོ།།>>ཞེས་ཞུ། དཔེ་རྙིང་དབུ་མེད་བྲིས་མ་ཞིག་དང་། ལྡེབ་གྲངས་བཅུ་ལ་ཚེག་ཁྱིམ་6800ཙམ་ལས་མེད་པ་ཞིག་རེད།
རྣམ་ཐར་འདིའི་སྦྱར་བྱང་དུ་རྩོམ་མཁན་སུ་ཡིན་བཀོད་མེད་ཀྱང་། “འདི་དག་བདག་གིས། བླ་མ་ཆེན་པོ་རང་གི་གསུངས་ལ་ཐོས་པ་དང་། འཆེད་གྲོགས་ལ་ལས་མཐོང་ཞིང་རྒྱུས་ཡོད་པའི་བརྫུན་མེད་པ་དག་ཐོས་རྣམས་འདིར་བཀོད་པ་ཡིན་ལ། སྙན་ངག་མཁན་གྱིས་བྱས་པའི་ཚིག་གིས་སྡེབ་སྦྱོར་ལེགས་པོ་གན་དག་ལ་འདྲེས་པའང་མེད་མོད་ཀྱི། བརྫུན་གྱི་ཚིག་ནི་ཟུར་ཙམ་ཡང་བྲིས་མེད་དོ།།”ཞེས་གསལ་བ་ལས་རྣམ་ཐར་མདོར་བསྡུས་འདི་རྭ་ལོ་ཙཱ་བའི་དངོས་སློབ་ཅིག་གིས་མཛད་པ་ང་ཚོས་བརྟག་ཆོག་སྙམ། དེས་ན་འདི་ཉིད་རྭ་ཡེ་ཤེས་སེང་གེས་མཛད་པ་ལས་ཀྱང་སྔ་བས་ཞིབ་འཇུག་གི་རིན་ཐང་ཆེ་བར་མ་ཟད། “བླ་མ་རྭ་ལོ་ཙ་བ་རྡོ་རྗེ་གྲགས་ཀྱིས་བྱས་པའི་གཏམ་བརྫུན་མེད་བླ་མའི་གསུངས་བཞིན་དུ་རྣམ་ཐར་ཡི་གེར་བཀོད་”ཅེས་ཀྱང་ནན་བཤད་གནང་འདུག་པས་བདེན་པར་སྨྲ་བ་ལ་ཡིད་རྟོན་བྱེད་ཆོག་པ་ཞིག་འདུག །དེར་གསལ་བའི་ནང་དོན་ཁ་ཅིག་ཀུན་ལ་གྲགས་པའི་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>དང་རྦད་དེ་ལྡོག་འདུག་ཅིང་། ལྷ་སྒྲུང་གི་ཆ་ཡོངས་སུ་དོར་ནས་སོ་སྐྱེས་ཕལ་བ་ཞིག་གི་ངོས་ནས་བརྩམས་ཡོད་པས། མི་ལོ་དགུ་བརྒྱའི་སྔོན་དུ་བྱོན་པའི་ལོ་ཙཱ་བ་གང་དེའི་མི་ཚེ་བྱུང་རབས་ལ་ཁ་སྐོང་ཐུབ་པའི་དགེ་མཚན་ཞིག་ཀྱང་རང་བཞིན་གྱིས་མངའ། སྒོས་སུ་རྭ་ལོའི་རྣམ་ཐར་དང་འབྲེལ་བའི་དོགས་གཞི་མང་པོ་ཞིག་ཀྱང་འདི་ཡིས་སེལ་ཐུབ་སྙམ། འདིར་རྣམ་ཐར་རྒྱས་བསྡུས་གཉིས་བསྡུར་ནས་ཀློག་མཁན་རྣམས་ལ་ཅུང་ཟད་ངོ་སྤྲོད་པར་བྱ།
དང་པོ། རྣམ་ཐར་གཉིས་ཀྱི་མི་འདྲ་ས་གླེང་བ།
<<རྭ་ལོ་ཙཱ་བའི་རྣམ་ཐར་རགས་པ་>>ལ་མཇལ་ན། རྭ་ཡེ་ཤེས་སེང་གེས་འདི་ལ་གཞིགས་ནས་ལེགས་པའི་ཆ་རྣམས་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་བཤུས་ཤིང་། ཉེས་པར་འདོད་པ་རྣམས་དོར་བའམ། ཡང་ན་ནང་དོན་གཞན་ཞིག་ལ་བསྒྱུར་འདུག་སྙམ་པའི་ཚོར་བ་ཞིག་བཅོས་མིན་དུ་སྐྱེས་འོང་།
1. མི་མིང་གི་སྐོར།
<<རྣམ་ཐར་རགས་པ་>>དང་བསྡུར་ན་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་འབྱུང་བའི་མི་མིང་རྣམས་ཐ་དད་པའམ་ཡང་ན་ཆ་མི་ཚང་བ་ཞིག་རེད། <<རྣམ་པར་རགས་པ་>>ལས་རྭ་ལོ་ཙཱ་བའི་ཆུང་དུས་ཀྱི་མཚན་ཐོགས་ཚུལ་ལ་“སྐུ་ལུས་སྦོམ་ལ་ཐུང་པ་ཁ་དོག་ནག་པ་མིག་རྩ་དམར་བ། སྐྲ་སེར་བ་ཁྲོ་བོའི་ཆ་ལུགས་གཅིག་བྱུང་པ་ལ། མིང་ཡང་རྡོ་རྗེ་གཏུམ་པོ་དཔལ་དུ་བཏགས་”པར་གསལ་ཡང་། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལས་ཁོང་འཁྲུངས་མ་ཐག་དཔལ་ལྡན་ལྷ་མོས་ཁྱེར་ནས་བོད་ཡུལ་སྟོད་སྨད་བར་གསུམ་བསྐོར་ཏེ། ཟླ་བ་དྲུག་འགོར་རྗེས་འཆི་བ་མེད་པར་བདེ་བླག་ངང་ཕྱིར་ཡབ་ཡུམ་གཉིས་ཀྱི་པང་དུ་ལོག་པས། མཚན་ལ་ངོ་མཚར་འབྱུང་གནས་དང་། འཆི་མེད་རྡོ་རྗེ་རུ་ཐོགས་པར་བཤད། རྭ་ལོ་ཙཱ་བའི་ཆུང་མ་དང་། གཅེན་པོ། བླ་མ། བལ་པོ་ལོ་ཙཱ་བ་བཅས་ཀྱི་མཚན་ཡང་རྣམ་ཐར་གཉིས་ཀར་ཅུང་ཟད་མི་འདྲ་སྟེ། འདི་དག་ངོས་འཛིན་བདེ་བའི་ཆེད་དུ་རེའུ་མིག་ཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར།
དེ་མིན་རྭ་ཡེ་ཤེས་སེང་གེས་རྭ་ལོའི་མཚན་གྱི་རྣམ་གྲངས་ཤེས་རབ་འབྱུང་གནས་དང་། ཤེས་རབ་ཟླ་མེད། ཤྲཱི་ན་ཐ་མི་ཛ་ཡ་བཅས་གསོལ་བ་སྐབས་དོན་གྱི་བྱུང་བ་དང་འབྲེལ་ནས་བརྗོད་འདུག་མོད། རྣམ་ཐར་གསར་རྙེད་ནང་དེའི་སྐོར་ཅི་ཡང་གླེང་མི་འདུག།
2. འཁྲུངས་འདས་ལོ་ཚིགས་ཀྱི་སྐོར།
<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་རྭ་ལོ་ཙཱ་བ་“རྒྱལ་གྱི་ཟླ་བའི་ཚེས་བཅུ་ལ་སྐུ་འཁྲུངས་”པར་བརྗོད་ཀྱང་ལོ་ཚིགས་གསལ་པོ་མེད་པ་དང་། “དགུང་ལོ་བརྒྱ་དང་བརྒྱད་ཅུ་བཞེས་པ་རྟ་ལོ་ལ་སྐུ་གཤེགས་”པ་གླེང་བས། ཕྱིས་ཀྱི་ལོ་རྒྱུས་སྨྲ་པ་དང་བསྟན་རྩིས་མཁས་པ་རྣམས་ཀྱིས་འདི་ལ་བརྟེན་ནས་སྤྱི་ལོ་1016ལོར་སྐུ་འཁྲུངས་ཤིང་1198ལོར་གཤེགས་པར་བཞེད། <<རྣམ་ཐར་རགས་པ་>>ནང་ལོ་ཙཱ་བའི་འཁྲུངས་འདས་ལོ་ཚིགས་གསལ་པོར་བཀོད་འདུག་སྟེ། “མེ་ཕོ་འབྲུག་གི་ལོ་ལ་སྐུ་བལྟམས་ནས། ་་་་་་་མཐར་བརྒྱད་ཅུ་གྱ་ལྔའི་དུས། ལྕགས་ཕོ་འབྲུག་གི་ལོ་ལ་སྐུ་གཤེགས་”པ་ལ་གཞིགས་ན། སྤྱི་ལོ་1016ལོར་འཁྲུངས་ཤིང་1100ལོར་མྱ་ངན་ལས་འདས་པས། དགུང་ལོ་180བཞུགས་པར་བཤད་པའི་ལྷ་སྒྲུང་གི་རྐྱལ་བ་དེ་ཡང་རང་བཞིན་གྱིས་དྲལ་འདུག་སྙམ།
སྤྱི་ལོ་1100ལོར་རྭ་ལོ་གཤེགས་པ་ཡིན་ན་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ནང་གསལ་བའི་ནང་དོན་རེ་གཉིས་ལ་དོགས་པ་འདུག་སྟེ། “དགེ་བཤེས་སྟག་པ་ཁ་ཆེ་དང་འབན་དཀོན་མཆོག་རྡོ་རྗེས་ཀྱང་རྔོག་ལོ་ཙཱ་བ་གཤེགས་པའི་འོག་ཏུ་བླ་མའི་སྤྱན་སྔར་བྱོན།”འདིར་བརྗོད་པའི་རྔོག་ལོ་ནི་འབྲེ་ཤེས་རབ་འབར་ཀྱི་བླ་མ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཡིན་པ་རྣམ་ཐར་རང་དུ་གསལ་ཞིང་། ལོ་ཙཱ་བ་འདི་བ་སྤྱི་ལོ་1109ལོར་གཤེགས་པ་ཡོངས་གྲགས་ལགས་ན་དེ་དུས་རྭ་ལོ་ཡང་སྐུ་འདས་ནས་མི་ལོ་དགུ་འགོར་འདུག །དེ་ནས་གཞན་རྭ་ལོའི་སྐུ་ཚེ་སྨད་ཙམ་ལ་འཕན་ཡུལ་གྱི་གླང་ཐང་པས་ཕྲ་མེན་མའི་བུ་སྐྱོབ་མ་ཐུབ་པར་རྭ་ལོས་སྐྱོབ་པ་ཞིག་བརྗོད་ཀྱང་། གླང་ཐང་པ་སེང་གེ་རྡོ་རྗེ་1123ལོར་མྱ་ངན་ལས་འདས་པས། དེ་ལ་ཡང་དུས་མི་འགྲིག་པའི་སྐྱོན་འབྱུང་ངོ་། །3. བལ་པོར་ཕེབས་པའི་སྐོར།<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལས་ལོ་ཙཱ་བ་དགུང་ལོ་བཅུ་བཞི་ཙམ་ལ་སོན་དུས་མཁའ་འགྲོ་མ་ཞིག་གི་ལུང་བསྟན་ལྟར་བལ་པོར་ཕྱིན་པ་དང་། བླ་མ་བྷ་རོ་ཕྱག་རྡུམ་ལ་བསྟེན་ནས་དབང་དང་གདམས་པ་ཞུས་ཤིང་། བར་དུ་མུ་སྟེགས་པུརྞ་ནག་པོ་དང་རྩོད་པ་ཤོར་ཏེ་ཨུཥྞིའི་བཟློག་པས་ཕ་རོལ་བ་བསྒྲལ་བ། མཐའ་མར་དཀའ་བ་ཁྱད་དུ་བསད་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་པ་ཐོབ་རྗེས་རང་ཡུལ་དུ་ལོག་ཙ་ན། ཇོ་མོ་དགེ་མ་ལྕམ་སྙེ་ནམ་འབྲི་ཁྱིམ་པས་འཕྲོགས་ཡོད་པ་ལ། རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་འཛིན་དུ་བཞུགས་ནས། འབྲི་ཁྱིམ་པའི་གྲོང་ཁྱེར་བཅོམ་ཞིང་ཇོ་མོ་ཕྱིར་བསུ་བར་བརྗོད་ཀྱང་། <<རྣམ་ཐར་རགས་པ་>>ལས་རྭ་ལོ་ཙཱ་བ་གཞོན་དུས་སྐྱེ་འབྲས་མཚར་བ་འབྲེ་མོ་དགེ་མ་ཆུང་མར་བསུས་ཀྱང་། ཁོང་གི་“ཁ་དོག་མ་མཚར་བ་དང་། ཐུགས་གཏུམ་པས། མོ་མ་དགའ་ཞིང་འགྲོགས་མ་ཤེས་”པར། ཁོ་གཉིས་སྦལ་བ་དང་རྨ་བྱ་ལ་ཆ་འཇོག་ཀྱང་བྱེད། “གཏུམ་པོ་དཔལ་དང་འགྲོགས་རི་ཤི་”ཟེར་ཏེ་རྭ་ལོ་དོར་ནས་སོང་ཞིང་། ལོ་ཙཱ་བས་ལམ་བར་དུ་མོ་རང་བཀག །འབྲེ་མོ་དགེ་མའི་སྣ་རྩ་བ་ནས་བྲེགས་ཏེ་བཏང་། དེ་ལ་འབྲེ་ཕ་ཚན་ཆེ་བས་བོགས་རིན་ལ་མ་འཆམ་གཤིས། རྭ་ལོ་བལ་པོར་ཕྱིན་ཏེ་མུ་སྟེགས་པུར་ན་ནག་པོ་ལས་གུ་ལང་གི་སེར་བའི་གདམས་ངག་ཞུས། བལ་ཡུལ་སྦྲུལ་དོང་དུ་དཀའ་ཐུབ་མཛད་ནས་རྗེ་བཙུན་མི་ལ་རས་པ་བཞིན་འབྲེ་ཁྱིམ་གྱི་གྲོང་ཁྱེར་ཐམས་ཅད་ཐོག་དང་སེར་བ་ཆེན་པོས་བཅོམ། དེ་ནས་ཡང་པུར་ན་ནག་པོ་ལས་གཏད་ལ་སོགས་མུ་སྟེགས་ཀྱི་ངན་སྔགས་ཟབ་མོ་དགུ་བརྒྱ་ཞུས་པར་བརྗོད།དེ་ལྟ་ན་ཁོང་ཉིད་བལ་པོར་ཆས་པ་ནི་འབྲེ་ཁྱིམ་པ་ལ་འཁོན་ལན་སློག་ཆེད་དང་། བལ་པོ་ནས་ཆེས་ཐོག་མར་བསྟེན་པའི་བླ་མ་ཡང་བྷ་རོ་ཕྱག་རྡུམ་མ་ཡིན་པར་མུ་སྟེགས་པུར་ན་ནག་པོ་རེད། སྒོས་སུ་འབྲེ་མོ་དགེ་མ་གཞན་གྱིས་འཕྲོགས་པ་མ་ཡིན་གྱི། རྭ་ལོ་དང་འགྲོགས་མ་འདོད་པར་ཕ་ཁྱིམ་དུ་ལོག་དུས་ལོ་ཙཱ་བས་ཇོ་མོའི་སྣ་བྲེགས་ཤིང་། དེའི་ཚབ་ལ་གསེར་ཟངས་ཀྱི་སྣ་ཞིག་སྤྲད་པས་འབྲེ་མོ་གསེར་སྣ་མ་ཞེས་ཐོགས་པ་སོགས་ཀྱང་<<རྣམ་ཐར་རགས་པ་>>ལས་འབྱུང་གཤིས། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ནང་རྭ་ལོས་ཇོ་མོ་དགེ་མ་ལྕམ་འབྲི་ཁྱིམ་པའི་ལག་ནས་ཚུར་བཀུག་ཅིང་། ཁོང་གཉིས་ལ་སྲས་གཅིག་སྐྱེས་པ་དང་། ཕྱིས་ལོ་ཙཱ་བ་དགུང་ལོ་སོ་བདུན་སྐབས་ཇོ་མོ་སྐུ་གཤེགས་པར་གསུངས་པ་ཡང་དོགས་པའི་གནས་སོ། །དེ་ནས་མུ་སྟེགས་ཀྱི་ངན་མཐུ་བྱུང་བ་ལ་དོགས་ནས་བྷ་རོ་ཕྱག་རྡུམ་ལས་ཨུཥྞི་ཁའི་ཕྱིར་བཟློག་ཞུས་ཤིང་། དགུང་ལོ་ཉི་ཤུ་རྩ་གསུམ་ནས་བླ་མ་འདིའི་དྲུང་དུ་ལོ་ལྔ་བཞུགས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང་། རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའི་སྒྲུབ་ཆུང་དུ་མའི་མན་ངག་དང་བཅས་པ་གསན། ཞོར་དུ་ལོ་ཙཱ་ཡང་བསླབས་མཐར། རྒྱ་གར་ནས་པཎྜི་ཏ་གདན་འདྲེན་པའི་གསེར་སྒྲུབ་པར་བོད་ལ་ལོག་དུས། མུ་སྟེགས་པུར་ན་ནག་པོར་ཕྱི་ཕྱག་མ་བྱེད་པ་ལ་མུ་སྟེགས་པ་མ་དགའ་བས། ད་གཟོད་ཁོ་གཉིས་ཀྱིས་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ནང་ལྟར་མཐུ་བཟློག་གི་སྦྱོར་བ་བརྩམས་པ་ལས། ཕྱི་ནང་གི་ཆོས་བཟང་མིན་རྩོད་པ་ལས་བྱུང་བའི་གྱོད་གཞི་ཞིག་གཏན་ནས་མ་རེད། <<རྣམ་ཐར་རགས་པ་>>རུ་ལོ་ཙཱ་བ་དགུང་ལོ་བཅུ་གསུམ་ལ་བལ་པོར་ཕེབས་པ་དང་། དགུང་ལོ་ཉེར་གསུམ་ནས་བྷ་རོ་ཕྱག་རྡུམ་བསྟེན་པར་བརྗོད་པ་ལ་གཞིགས་ན་ཁོང་གིས་དགུང་ལོ་བཅུ་གསུམ་ནས་ཉེར་གསུམ་བར་ལོ་བཅུ་ལ་མུ་སྟེགས་པུར་ན་ནག་པོ་བླ་མར་བསྟེན་པ་ཨེ་ཡིན། གལ་ཏེ་ཡིན་ན་འདིའི་སྐོར་གྱི་ལོ་རྒྱུས་རྣམས་རྭ་ཡེ་ཤེས་སེང་གེས་ཚིག་གཅིག་ཀྱང་མ་གླེང་བར་གཞོལ་ཅི་ཐུབ་བྱས་འདུག།4. པཎྜི་ཏ་ཐུགས་རྗེ་ཆེན་པོའི་སྐོར།
དཔལ་ན་ལེནྡྲའི་མཁས་པ་ཆེན་པོ་མ་ཧཱ་ཀ་རུ་ཎ་ནི་རྭ་ལོའི་བླ་མ་ཀུན་གྱི་གཙོ་བོ་ཡིན་པ་<<རྣམ་ཐར་རགས་པ་>>ནང་གསུངས་ཀྱང་། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་བལ་པོ་ཡེ་རང་ཉི་མ་སྟེང་གི་བྷ་རོ་ཕྱག་རྡུམ་ནི་བླ་མ་གཙོ་བོ་ལ་བཀུར་འདུག་པ་ཞིག་རེད། རྣམ་ཐར་གཉིས་ཀ་རུ་རྭ་ལོས་བྷ་རོ་ཕྱག་རྡུམ་བོད་ལ་གདན་འདྲེན་པར་ཞུ་དུས། བྷ་རོས་དང་ལེན་མ་བྱས་པར་རྒྱ་གར་གྱི་པཎྜི་ཏ་མཁས་པ་ཞིག་གདན་འདྲེན་འོས་པའི་གྲོས་བཏབ་པ་ལྟར་ལོ་ཙཱ་བ་རྒྱ་གར་ལ་ཕེབས་ཤིང་། ལོ་དྲུག་ལ་པཎྜི་ཏ་ཐུགས་རྗེ་ཆེན་པོ་བསྟེན་རྗེས་ཁོང་ཉིད་བོད་ལ་གདན་དྲངས་པ་ཞིག་རེད། འོན་ཀྱང་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་རྭ་ལོས་རྒྱ་གར་ནས་བླ་མ་པཎ་ཆེན་བསྟེན་པ་དང་། བླ་མའི་ལུང་བསྟན་ལྟར་བོད་དུ་ལོག་ནས་ལོ་དྲུག་འགོར་རྗེས། སླར་ཡང་རྒྱ་གར་ལ་ཆས་ནས་པཎ་ཆེན་ཁོང་གདན་དྲངས་པ་ཞིག་བརྗོད་འདུག།
རྣམ་ཐར་གཉིས་ཀ་རུ་ཁོང་དཔོན་སློབ་གཉིས་གཙང་དུ་བཞུགས་དུས་ཟངས་དཀར་ལོ་ཙཱ་བས་སེལ་བཅུག་པ་གསལ་ལ། <<རྣམ་ཐར་རགས་པ་>>རུ་འཕྲ་མ་ཇི་ལྟར་བཅུག་པ་སོགས་ཀྱང་ཞིབ་ཏུ་གླེང་བ་དེ་ཉིད་ལས་པཎྜི་ཏ་ལ་“ཟངས་དཀར་ལོ་ཙ་བས་ཁོང་མུ་སྟེགས་ཀྱི་སློབ་མ་ལགས། ཁོ་རྙེད་པ་འཚོ་བའི་ཆེད་དུ་སྤྱན་དྲངས་པ་ཡིན། ཕར་ཐོན་མི་ཐོན་མི་ཤེས། ངའི་པཎྜི་ཏ་བྱས་དྲག་བྱས་པ་དྲག་ཟེར་ནས་”ཟངས་དཀར་པས་པཎྜི་ཏ་འཕྲོག་པར་རྩོམ་པ་ཞིག་གླེང་འདུག ། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་རྭ་ལོ་ཙཱ་བ་ཁོང་རྒྱ་གར་ལ་པཎྜི་ཏ་གདན་འདྲེན་པའི་ཕར་ལམ་མངའ་རིས་རྒྱལ་པོ་རྩེ་ལྡེས་སྦྱིན་བདག་མཛད་པའི་ཆོས་འཁོར་ལ་ཞུགས་ཤིང་། དེ་དུས་ཀྱང་ཟངས་དཀར་ལོ་ཙཱ་བས་རྒྱལ་པོ་དང་རྭ་ལོའི་བར་ལ་སེལ་བཅུག་སྟེ་མཇལ་དུ་མ་བཅུག་པ་ཞིག་གླེང་ཡང་། <<རྣམ་ཐར་རགས་པ་>>ནང་དེའི་སྐོར་ཅི་ཡང་གླེང་མེད་ཅིང་། རྭ་ལོ་ཆོས་འཁོར་དེར་ཕེབས་པ་ཡང་མི་གསལ། ལྷག་ཏུ་རྒྱ་གར་ལ་ཐེངས་དང་པོར་ཕྱིན་ནས་པཎྜི་ཏ་གདན་དྲངས་པ་ལས་ལན་གཉིས་འགྲིམས་པ་ཞིག་ཀྱང་གསུངས་མེད་དོ། །<<རྣམ་ཐར་རགས་པ་>>རུ་ལོ་པཎ་ཁོང་གཉིས་ཀྱི་འགྱུར་གང་དག་མཛད་པ་དང་། ཇི་ལྟར་བསྒྱུར་བའི་སྐོར་མང་པོ་གླེང་འདུག་སྟེ། དེ་ཉིད་ལས་“འགྱུར་བྱང་ལུགས་ལ། མངའ་རིས་སྟོད་དུ་བདེ་མཆོག་རྩ་རྒྱུད། ལོ་ཙ་བ་རིན་ཆེན་བཟང་པོའི་འགྱུར་ལ་རྟེན་ནས། པཎྚི་ཏའི་རྒྱ་དཔེ་དང་མི་མཐུན་པ་རྣམས་བཅོས་ནས་འཐུན་པར་བྱས་ལྷག་ཆད་རྣམས་བར་ཏེ། པྲཛྙ་རཀྵི་ཏའི་གདམས་ངག་ཇི་ལྟ་བ་བཞིན་དུ་ཡི་གེར་བཀོད་ནས་བོད་རྒན་པོ་རྣམས་ཀྱིས་མན་ངག་བོར་བའི་རང་བཟོའི་བཤད་པ་རྣམས་སྤངས་ཏེ། ལེགས་པར་གཏན་ལ་ཕབ་པ་ཡིན་ནོ།།”ཞེས་དང་། “དེ་ནས་ཉན་སྟོད་ཀྱི་ས་ཆ་ཐན་ཏོ་འདོལ་ཆུང་དུ། དཔལ་གཤིན་རྗེའི་གཤེད་ཀྱི་རྒྱུད་དང་། ཇོ་བོ་རྗེ་དང་། ནག་ཚོ་ལོ་ཙ་བའི་འགྱུར་ལ་རྟེན་ནས་འགྱུར་བཅོས་བྱས་པས། གཞི་འགྱུར་བྱེད་པ་བས་སླ་ཙམ་བྱུང་གསུངས་ཏེ་ལེགས་པར་སྒྱུར་ཅིང་། ལྷ་ས་དང་སྐར་ཆུང་ཡན་ཆད་ལ་རྟེན། གཏན་ལ་ལེགས་པར་ཕབ་ཏེ་ཤིན་ཏུ་དག་པར་བྱས་སོ།།”ཞེས་དང་། “དེ་བཞིན་དུ་སཾ་བྷུ་ཊའི་རྒྱུད་དང་། བརྒྱུད་བླ་མ་དང་། ཁྲག་འཐུང་མངོན་བྱུང་ཀུན་དང་། དེ་དག་ཀུན་ཀྱང་། གྷ་ཡ་དྷ་ར་དང་། ལོཙྪ་བ་མགོས་ཀྱིས་འགྱུར་ལ་བརྟེན་ནས་བཅོས་ཤིང་གཏན་ལ་ཕབ་པ་ཡིན་ནོ།།”ཞེས་དང་། “དེ་ནས་ཡར་ལུང་དུ་བྱོན་པའི་ཚེ། དཔལ་བརྟག་པ་གཉིས་པའི་རྒྱུད་ལ་པཎྚི་ཏའི་རྒྱ་དཔེ་དང་བསྟུན་པའི་བཤད་པ་བྱས། འགྱུར་འགོས་ལོཙྪ་བའི་དེ་ལ་བཅོས་པ་ཡིན།”ཞེས་དང་། “དེ་དག་ཐམས་ཅད་ཀྱིས་འགྱུར་ཡང་། མ་མིང་མི་ཕྱི། མིང་རྙིང་པ་ཐམས་ཅད་མ་ཕྱིས་པར་དྲང་པོར་བཞག་སྟེ། དེ་དག་གི་འོག་ཏུ་འགྱུར་འཆོས་པའི་ལོ་པཎ་གྱིས་མིང་བཅུག་པ་ཡིན་གྱིས། ལོ་པཎ་སྔ་མའི་མིང་ཕྱིས་ནས། ངེད་རང་གི་མིང་གཅིག་པུ་བྲིས་པ་དང་། སྔ་མ་ཁྱད་དུ་གསད་ནས། རང་ཆེ་བྱས་པ་གཅིག་ཀྱང་མེད་དོ།།”(རྣམ་ཐར་རང་དུ་བྱེད་འབྲེལ་གྱི་ཕྲད་ལ་ཁྱད་མ་ཕྱེས་པའི་གནད་དོན་སོགས་ཚིག་སྐྱོན་ཅུང་ཟད་འདུག་ཀྱང་འདིར་མ་དཔེ་རང་ལྟར་སོར་བཞག་བྱས་ཡོད།)ཞེས་གསལ་བ་སོགས་ནི་ཤིན་ཏུ་དང་བ་འདྲེན་པའི་མཛད་པ་རྐྱང་དུ་འདུག།བྱུང་བ་འདི་དག་ཀློག་དུས་རྣམ་ཐར་འདི་ལྟ་བུ་ནི་ད་གཟོད་ལོ་ཙཱ་བའི་ངོས་ནས་མཛད་འདུག་སྙམ་ནས། རྭ་ལོ་ཁོང་ལ་སྔར་བྱུང་མ་མྱོང་བའི་དད་འདུན་གཙང་མ་ཞིག་རིམ་གྱིས་འཕེལ། ཁོང་དཔོན་སློབ་གཉིས་ཀྱིས་སྔོན་གྱི་ལོ་ཙཱ་བ་ཚོའི་འགྱུར་ཆོས་རྣམས་ཀྱི་ཚིག་སྐྱོན་དོན་སྐྱོན་ལ་འགྱུར་ཞུས་མཛད་ཀྱང་། འགྱུར་བྱང་ཁག་ཏུ་གཞི་འགྱུར་ལོ་པཎ་དག་གི་མཚན་རང་སོར་བཞག་པ་ལས་ཁོང་གཉིས་ཀྱི་མཚན་རྟགས་བཀོད་པ་ཡང་མི་སྣང་སྟེ། <<བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་>>ཏུ་ལོ་ཙཱ་བ་ཁོང་གིས་བསྒྱུར་བ་དང་ཞུས་པའི་ཆོས་ཚན་བཅུ་བདུན་མཆིས་པ་ལས། བླ་མ་ཐུགས་རྗེ་ཆེན་པོ་དང་ལྷན་དུ་གཞི་འགྱུར་མཛད་པའི་ཆོས་ཚན་གཅིག་ལས་མེད་པས། རྣམ་ཐར་དུ་ལོ་པཎ་གཉིས་ཀྱིས་གཞི་འགྱུར་བྱེད་པ་ཉུང་གསུངས་པ་བདེན་པར་སྣང་། ལོ་ཆེན་རིན་བཟང་དང་འགོས་ལོ་སོགས་ཀྱི་འགྱུར་ལ་ཞུ་དག་གནང་བའི་ཆོས་ཚན་གཅིག་ཀྱང་མི་གསལ་བ་ལ་གཞིགས་ན་ཁོང་གཉིས་ཀྱི་མཚན་ཡང་བྲིས་མི་འདུག་སྙམ། གཅིག་བྱས་ན་ཁོང་དཔོན་སློབ་གཉིས་ཀྱིས་ཞུས་པའི་ཆོས་ཚན་རྣམས་ཀྱི་འཕྲིན་ལས་ཆེར་མ་རྒྱས་པར། ཕྱིས་འབྱུང་བཀའ་བསྟན་ཕྱོགས་བསྒྲིགས་ཁག་ཏུ་བསྡུས་མེད་ཀྱང་སྲིད་པས། འདི་ལ་མུ་ནས་བརྟག་དགོས་པར་འདོད།པཎྜི་ཏ་ཁོང་བོད་ཡུལ་དུ་ལོ་ཕྱེད་དང་ལྔ་བཞུགས་ནས་རྒྱ་གར་ལ་ལོག་དུས། རྭ་ལོ་ཙཱ་བས་པཎ་ཆེན་ལ་གསེར་སྲང་བདུན་བརྒྱ་དང་། པཎ་ཆུང་གཉིས་ལ་སྲང་བརྒྱ་རེ། གཡོག་པོ་གསུམ་ལ་ཡང་བརྒྱ་བརྒྱ་ཕུལ་བ་<<རྣམ་ཐར་རགས་པ་>ནང་གསལ་ཡང་། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལས་པཎ་ཆེན་ཐུགས་རྗེ་ཆེན་པོ་ལ་གསེར་སྲང་སྟོང་། གླ་རྩི་སྒོར་བདུན། གཡུའི་མཆོད་རྟེན་མཐོ་གང་བ་སོགས་འབུལ་བ་མཐའ་ཡས་པ་ཕུལ། པཎ་ཆེན་ཨ་དྷི་ཡུཀྟ་ལ་གསེར་སྲང་བརྒྱ་ཐམ་པ་ཕུལ་བ་ལས་གཞན་གཡོག་པོ་གསུམ་གྱི་སྐོར་སྣང་མེད་དུ་བསྐྱུར་ནས་དོར་འདུག །སྒོས་སུ་རྩོམ་མཁན་རང་གི་འདོད་པ་ལྟར་ཡིན་མིན་ཅི་ཆ། གཡོག་པོ་གསུམ་ལ་ཕུལ་བའི་གསེར་སྲང་སུམ་བརྒྱ་ཡང་པཎ་ཆེན་གྱི་གསེར་སྲང་བདུན་བརྒྱའི་ཁ་ལ་བསྣན་ཏེ་སྟོང་དུ་བྱས་སམ་སྙམ།རྭ་ལོ་ཙཱ་བས་གཡོག་པོ་རྣམས་ལ་མཐོང་ཆེན་གནང་བ་དེ་ཤིན་ཏུ་གནད་འགག་ཅིག་ཡིན་ལ། པཎ་ཆུང་གཉིས་ཀྱི་ཡོན་ལྟར་གཡོག་པོ་གསུམ་ལ་ཡང་ཁྱད་མ་ཕྱེས་པར་གསེར་སྲང་བརྒྱ་རེ་ཕུལ་བ་དེ་ལ་བསམ་རྒྱུ་ཆེན་པོ་འདུག །བརྒྱ་ལ་ཞབས་གཡོག་དེ་དག་མེད་ན་ཁོང་དཔོན་སློབ་གཉིས་ཀྱི་འཕྲིན་ལས་བོད་ཡུལ་ལ་སྤེལ་ཁག་པས། རྭ་ཡེ་སེང་གིས་དེ་ལ་གཙོ་ཕལ་ཕྱེས་ནས་གཡོག་པོའི་སྐུ་དྲིན་གླེང་རིན་མེད་པར་བསམས་ན། དེ་ནི་རྣམ་ཐར་རྩོམ་མཁན་གང་དེའི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་ཁོ་བོས་འདོད། ལར་རང་རེའི་རྗེས་རབས་པར་བགོ་སྐལ་དུ་བཞག་པའི་བཀའ་བསྟན་རིན་པོ་ཆེ་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར་བ་ཞིག་ཡིན་ཡང་། ཁོང་ཅག་གི་སྦྱོར་བ་ལ་སྦྱིན་བདག་མཛད་མཁན་དང་། ཞབས་གཡོག་གནང་མཁན། དེ་མིན་གཞན་ཕྱི་འགྲིམ་ལོ་ཙཱ་བ་རྣམས་ཀྱི་ལམ་གྲོགས་ཚོའི་སྐུ་དྲིན་ཡང་ང་ཚོས་མ་བརྗེད་པ་ཞིག་ངེས་པར་བྱེད་དགོས་ཨང་།5. མཛད་པ་ཐུན་མིན་གྱི་སྐོར།རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་རང་རེའི་སྐད་གཉིས་སྨྲ་བ་གཞན་རྣམས་ལས་གྲགས་ཆེ་བ་དང་ཟིལ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཁོང་གིས་ལོ་ཙཱ་བ་གཞན་ལ་མེད་པའི་མཛད་པ་ཐུན་མོང་མ་ཡིན་པ་ཞིག་བསྐྱངས་པ་དེ་རེད། གང་རེད་ཅེ་ན། རྭ་ལོས་ཤ་ཆང་ལོངས་སྤྱོད་ཅིང་ཕྱག་རྒྱ་མ་བསྟེན་པ་ཙམ་མ་ཡིན་པར། རང་རེའི་བསྟན་པ་དང་རིག་གནས་ལ་སྐུ་དྲིན་ཆེ་བའི་སྐྱེས་ཆེན་དམ་པ་བཅུ་ལྷག་བཀྲོངས་པ་དེ་རེད།<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལས་ཁོང་གི་མགུར་གླུ་ཞིག་ཏུ་རྡོ་རྗེ་འཛིན་པ་བཅུ་གསུམ་བཀྲོངས་པར་གསུངས་ཀྱང་རྣམ་ཐར་རང་དུ་བཅུ་བསྒྲལ་འདུག་སྟེ། འཁོན་ཤཱཀྱ་བློ་གྲོས་(1)དང་། ལང་ལབ་བྱང་ཆུབ་རྡོ་རྗེ།(2) སེ་སྟོན་བསོད་ནམས་འོད་ཟེར།(3) འགོས་ལོ་ཁུག་པ་ལྷས་བཙས།(4) ཇོ་སྲས་དར་མ་མདོ་སྡེ།(5) ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ།(6) རྒྱུས་ལོ་ཙཱ་བ་སྨོན་ལམ་གྲགས།(7) སུམ་པ་དབང་ཚུལ།(8) སྐྱོ་འདུལ་བ་འཛིན་པ།(9) གཉན་ལོ་ཙཱ་བ་དར་མ་གྲགས་(10)བཅས་ཕལ་མོ་ཆེ་ཞིག་རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་འཛིན་བསྒྲུབས་ནས་འཇམ་དཔལ་གྱི་ཞིང་དུ་དྲངས་པར་བརྗོད། <<རྣམ་ཐར་རགས་པ་>>རུ་ཟངས་དཀར་ལོ་ཙཱ་བ་དང་སྐྱོ་འདུལ་འཛིན་གཉིས་ལས་གཞན་རྣམས་བཀྲོངས་པ་མི་གསལ་བས་སྐྱེས་ཆེན་འདི་དག་དངོས་གནས་བསྒྲལ་ཡོད་མིན་དོགས་གཞི་ཆེན་པོ་ཞིག་རེད། སྒོས་སུ་འཇིགས་བྱེད་ཀྱི་ངོས་ནས་བསྒྲལ་བ་ཅི་ཡང་གླེང་མི་འདུག་པ་ལ་བསམས་ན། རྭ་ལོས་གཞོན་དུས་བསླབས་པའི་མུ་སྟེགས་ཀྱི་མཐུ་ཡིས་བཀྲོངས་པ་ཨེ་ཡིན། གོང་དུ་གླེང་བ་ལྟར་འགོས་ཀྱི་འགྱུར་ལ་ལོ་པཎ་གཉིས་ཀྱིས་འགྱུར་ཞུས་གནང་བ་ལན་གཉིས་ལྷག་འབྱུང་བས། དེ་དུས་འགོས་ལོ་ཁུག་པ་ལྷས་བཙས་སྔ་མོ་ནས་འདས་ཡོད་པ་ཡང་བརྟག་ཐུབ་སྙམ།<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལས་གཉན་ལོ་ཙཱ་བ་ནི་རྭ་ལོ་ལ་དོ་བསྡོ་མཁན་མཐའ་མ་ཡིན་ལ། ཁོང་གི་རྗེས་ལ་རྭ་ལོས་བླ་མ་གཞན་ཞིག་བཀྲོངས་པ་ཅི་ཡང་མི་གསལ་བ་དང་། གཉན་ལོས་“ད་རྟེན་འབྲེལ་མ་ལེགས། རང་རྒྱལ་བའི་མིང་མ་ཐོབ་ཀྱང་རྭ་ལོ་དང་མཉམ་འཆི་བྱེད་བསམ་པ་ཡིན་ཏེ། ད་ལོ་བརྒྱད་ཅུས་ཁོང་རྗེས་ལ་ལུས་པར་འདུག་གསུངས་ནས་”གཉན་ལོ་གྲོངས་པར་བརྗོད་ཀྱང་། རྭ་ཡེ་ཤེས་སེང་གེས་རྭ་ལོའི་མཚན་སྙན་ལ་གནོད་པའི་བྱུང་བ་ཅི་རིགས་ལེགས་ཕྱོགས་འབའ་ཞིག་ཏུ་བསྒྱུར་བ་ཞིག་རྟག་པར་ཡོད་པས། གོང་གི་གནས་ཚུལ་ལ་བརྟག་ན་རྭ་ལོ་ཡང་གཉན་ལོ་དང་དུས་མཉམ་དུ་གཤེགས་པ་ཞིག་ཨེ་ཡིན་ནམ། <<རྣམ་ཐར་རགས་པ་>>རུ་རྭ་ལོ་ཙཱ་བ་ཇི་ལྟར་འདས་པའི་ལོ་རྒྱུས་ཅི་ཡང་མི་གསལ་བ་དེ་ཡང་བསམ་བཞིན་དུ་གཞོལ་བ་འདྲ། སྒོས་སུ་རང་རེའི་གཏམ་རྒྱུད་ཅིག་ཏུ་ཡང་“རྭ་ལོའི་མཐུ་ཡིས་གཉན་ལོ་བསྒྲལ། ། གཉན་ལོའི་རོ་ཡིས་རྭ་ལོ་བསྒྲལ། །”ཞེས་གསུངས་པས་སོ། །
གཉིས་པ། རྣམ་ཐར་གཉིས་ཀྱི་འདྲ་ས་གླེང་བ།
རྣམ་ཐར་རྒྱས་བསྡུས་གཉིས་ཀ་རུ་བརྗོད་དོན་འདྲ་བའི་ཆ་མང་བར་མ་ཟད། ཕྱི་མས་སྔ་མ་གང་དེའི་ཚིག་དོན་གཉིས་ཀ་ཐད་ཀར་བཤུས་པ་ལྟ་བུའི་ཚུལ་ཡང་འདུག །རྭ་ལོ་ཙཱ་བ་ནི་ཡབ་ཡུམ་གཉིས་ལ་བུ་ལྔ་བྱུང་བ་ལས་བར་པ་དང་། ཁོང་བལ་པོ་ལ་ཐོག་མར་སྐྱོད་དུས་ཕ་ཡུལ་དུ་མུ་སྟེགས་ཀྱིས་བཀྲོངས་པའི་གཏམ་ངན་བྱུང་བ་ལ། གཅེན་པོ་བལ་པོར་ཚོང་ལ་ཆས་པར་བསྙད་ནས་འཚོལ་དུ་འོང་དུས་ཡུལ་ལ་ལོག་པའི་ལམ་བར་དུ་མཇལ་བ། བལ་ཡུལ་ལ་ཐེངས་གཉིས་པར་ཆས་སྐབས་ལོ་ཙཱ་བ་སྐུ་མཆེད་གཉིས་བལ་པོ་ལོ་ཙཱ་བ་དང་ལྷན་དུ་བྱོན་པས་ཞག་བཅུ་ལ་བལ་ཡུལ་ཡེ་རང་དུ་སླེབས་པ། བླ་མ་བྷ་རོ་ཕྱག་རྡུམ་གྱི་བཀའ་ལྟར་རྭ་ལོ་རྒྱ་གར་ལ་ཕེབས་དུས་བལ་པོ་ལོ་ཙཱ་བས་ཤོལ་བཏབ་པ་ལ་མགུར་བཞེངས་པ། བླ་མ་ཐུགས་རྗེ་ཆེན་པོའི་ཕྱག་ཕྱི་ལ་བལ་ཡུལ་མེན་ཛ་གླིང་དུ་ལོ་དྲུག་ལྷག་བཞུགས་པ། བལ་ཡུལ་དུ་སྔ་ཕྱི་ལན་གསུམ་ལ་ཕེབས་པ་སོགས་ནི་རྣམ་ཐར་འདི་གཉིས་ཀྱི་ཐུན་མོང་གི་འདྲ་ས་རེད།དེ་བཞིན་བསམ་ཡས་གཙུག་ལག་ཁང་ཀླུ་མེས་དང་སྦ་རག་ཚོ་འཁྲུགས་པས་མེས་ཚིག་པ་ལོ་མང་འགོར་བ་ལ། རྭ་ལོ་ཙཱ་བ་དཔོན་སློབ་ཀྱིས་ཉམས་གསོ་གནང་བ་རྣམ་ཐར་གཉིས་ཀར་གསལ་ཡང་། རྭ་ལོས་རྒྱལ་པོ་སྐུ་ལྔ་དམ་ལ་བཏགས་པ་དང་། བཟོ་བོ་ཚོར་ཆོ་འཕྲུལ་བསྟན་པའི་སྐོར་<<རྣམ་ཐར་རགས་པ་>>ནང་ཡེ་ནས་མེད་པས། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ནང་གི་ཆོ་འཕྲུལ་བསྟན་པའི་མཛད་པ་མཐའ་དག་དོར་ན་འདྲ་ས་མང་སྟེ། འདིར་དཔེ་མཚོན་ལ་དོན་ཚན་གཉིས་དྲངས་པར་བྱ།
1. རབ་བྱུང་སྒྲུབ་པའི་སྐོར།
རྭ་ལོ་ཙཱ་བ་ཁོང་རྒྱ་གར་དུ་ཐོག་མར་ཕེབས་དུས། དཔལ་ན་ལེནྡྲ་ནས་“ཡོངས་སུ་རྫོགས་པའི་པཎྚི་ཏ་མཁས་པ་ཐུགས་རྗེ་ཆེན་པོ་དང་འཇལ་ནས་གསེར་སྲང་གང་ཕུལ་ནས་རབ་ཏུ་བྱུང་པ་མཛད་དེ། དགེ་སློང་ཆིག་རྫོགས་བྱས་ཏེ། མིང་ཡང་ཤྲཱི་བཛྲ་ཀརྟི་ཅེས་པ་དཔལ་རྡོ་རྗེ་གྲགས་པ་ཞེས་བྱ་བར་བཏགས་”པ་རྣམ་ཐར་གཉིས་ཀས་བཞེད།<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་“བསྟན་པ་ཡོངས་རྫོགས་ཀྱི་པཎྜི་ཏ་ཆེན་པོ་མན་ཛ་གླིང་པ་ཐུགས་རྗེ་ཆེན་པོ་དང་མཇལ། གསེར་སྲང་གང་ཕྱག་རྟེན་དུ་ཕུལ་ཏེ་བསྙེན་པར་རྫོགས་པར་ཞུས་པས། དེ་ལྟར་བྱ་གསུངས་ཤིང་ཤིན་ཏུ་དགྱེས་པར་གྱུར། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་སྔ་དྲོར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎ་ཆེན་མན་ཛ་གླིང་པས་མཁན་པོ་དང་། མངའ་བདག་མཻ་ཏྲི་པས་སློབ་དཔོན་མཛད་དེ། པཎྜི་ཏ་བརྒྱད་ཅུ་རྩ་བཞིའི་དབུས་སུ་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་བཞེས་ཏེ། མཚན་ཤྲཱི་བཛྲ་ཀིརྟི་ཏེ་དཔལ་རྡོ་རྗེ་གྲགས་པ་བྱ་བར་བཏགས། དེའི་ཚེ་ས་ལན་གསུམ་དུ་གཡོས། རོལ་མོ་ཐམས་ཅད་མ་དཀྲོལ་བར་རང་འཁྲོལ། མེ་ཏོག་གི་ཆར་ཁ་བ་ལྟར་བབས་པས། ཕྱོགས་དེའི་རྒྱལ་པོ་དང་། པཎྜི་ཏ་དང་། རྣལ་འབྱོར་པ་དང་། ཁྱིམ་བདག་ཐམས་ཅད་ཆེས་ངོ་མཚར་དུ་གྱུར།”ཞེས་གསལ་བས། རྭ་ཡེ་ཤེས་སེང་གེས་<<རྣམ་ཐར་རགས་པ་>>ལ་གཞིགས་ནས་ཚིག་ཚོགས་ཇེ་མང་དང་སྒྲོ་འདོགས་ཇེ་ཆེར་བཏང་ནས། རྭ་ལོའི་ཆེ་བ་བརྗོད་པ་ཙམ་ལས་དོན་གྱི་འབབ་ས་གཅིག་རེད་སྙམ།2. སྐྱོ་འདུལ་འཛིན་གྱི་སྐོར།དབུས་ནས་སྐྱོ་འདུལ་འཛིན་གྱིས་རྭ་ལོ་ལ་ཤ་ཆང་ལོངས་སྤྱོད་པ་དང་། བུད་མེད་བསྟེན་པ། མི་ལ་མཐུ་བཏང་ནས་གསོད་མཁན་ཞིག་གིས་རབ་བྱུང་པའི་མཁན་པོ་མཛད་པ་མི་འོས་ཟེར་བ་ལ། ལོ་ཙཱ་བས་མགུར་བཞེངས་པ་རྣམ་ཐར་གཉིས་ཀ་ལ་གསལ་ཞིང་།“ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། ། དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན། ། བུད་མེད་བསྟེན་པ་ལས་ཀྱིས་ཕྱག་རྒྱ་ཡིན། ། ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ན། ། འདུལ་འཛིན་དགེ་འདུན་དག་དང་འགལ་བ་མེད། ། དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱེད་ཀྱང་། ། ཞག་བདུན་ཐོ་རངས་གཤེགས་སུ་གསོལ་བར་བྱེད། །” ཅེས་གསུངས་པས་ཞག་བདུན་ན་མཁན་པོ་དེ་ལུས་ངག་ཡིད་གསུམ་རེངས་ནས་འདས་པར་བཤད།<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་ལོ་ཙཱ་བས་སྐྱོ་འདུལ་འཛིན་ལ་བཀུར་གཟོས་དང་བདག་རྐྱེན་ཆེར་མཛད་ཀྱང་། ཁོ་རང་ཕྲག་དོག་ཆེ་བས་མ་དད་ནས་རྭ་ལོ་ལ་གོང་ལྟར་བསྙད་འཚོལ་བ་ན། ལོ་ཙཱ་བས་རང་ལུས་རྒྱལ་བ་ཤཱཀྱ་ཐུབ་པ་འོད་ཟེར་འཕྲོས་པ་ཞིག་ལ་སྤྲུལ་བ་སོགས་གསུངས་ནས། མཐོང་ན་སྙིང་དུ་སྡུག་པའི་བདེན་པ་གཅེར་བུ་ལ་རྫུ་འཕྲུལ་དང་སྐུར་འདེབས་ཀྱི་ན་བཟའ་དགུ་བརྩེགས་བཀླུབས་འདུག །རྣམ་ཐར་རྒྱས་བསྡུས་གཉིས་ཀ་ལ་ཐུན་མོང་དུ་གསལ་བའི་བྱུང་བ་འདི་ལས་རྭ་ལོས་ཕྱག་རྒྱ་མ་བསྟེན་པ་བརྟག་ཐུབ་ཀྱང་། <རྣམ་ཐར་རགས་པ་>>ནང་རྭ་ལོ་གཞོན་དུས་ཆུང་མ་ལེན་པའི་སྐོར་ལས། གཞན་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལྟར་ཕྱག་རྒྱ་མ་ལྔ་བསྟེན་ཚུལ་དང་། སྲས་དང་སྲས་མོའི་མཚན་ལ་ཅི་ཟེར་བ་སོགས་གླེང་མེད་པ་ཡང་། གསང་བའི་རྣམ་ཐར་དུ་བཞག་ནས་གསང་རྒྱ་མཛད་པ་ཞིག་ཡིན་སྲིད་དམ།
གསུམ་པ། རྣམ་ཐར་གཉིས་ཀྱི་རིན་ཐང་གླེང་བ།
རྭ་ཡེ་ཤེས་སེང་གེས་མཛད་པའི་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ནི་སྒྱུ་འཕྲུལ་རིང་ལུགས་ཀྱི་སྒྱུ་རྩལ་རྩོམ་རིག་དང་། <<རྣམ་ཐར་རགས་པ་>>ནི་ད་གཟོད་དངོས་ཡོད་རིང་ལུགས་ཀྱི་རྣམ་ཐར་རྩོམ་རིག་ཅིག་ཏུ་ལྟ་ཆོག །དེ་རུ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་སོ་སྐྱེས་ཕལ་བ་ཞིག་ཡིན་པའི་ངོས་ནས་ཁོང་གི་བྱད་བཞིན་མི་སྡུག་པ་དང་། ཐུགས་གཏུམ་པ། མུ་སྟེགས་པ་བླ་མ་ལ་བསྟེན་པ། མཐུ་ཡིས་མི་བསད་མྱོང་བ་སོགས་གླེང་ནས། ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་ལ་དགའ་སྐྱོ་ཆགས་སྡང་མངོན་པར་གསལ་བའི་སྐྱེས་བུ་ཞིག་ཡིན་པ་བསྟན་ཡོད་ལ། ཁོང་གིས་དཀའ་བ་སྤྱད་ནས་གསེར་བསྒྲུབས་ཤིང་། ལྷོ་བལ་འགྲིམས། པཎྜི་ཏ་བསྟེན། གསང་སྔགས་བསླབས། ཆོས་རིག་བསྒྱུར་བའི་འགྲོ་དོན་མང་པོ་མཛད་པ་ལས་ང་ཚོས་ཁོང་ཉིད་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་བཀུར་འོས་པ་ཞིག་རེད།རྭ་ཡེ་ཤེས་སེང་གེས་མཛད་པའི་རྣམ་ཐར་དུ་གསལ་བའི་རྭ་ལོ་ཆེན་པོ་ནི་ལོ་ཙཱ་བ་ལས་གྲུབ་ཆེན་གྱི་ཤུགས་ཆེ་ལ། ཆོས་པ་ལས་མཐུ་ཆེན་གྱི་ཟོལ་ལྕི་བར་མ་ཟད། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ལྟ་བུ་ཞིག་ཏུ་བཏང་འདུག །དེ་ལྟ་ནའང་རྣམ་ཐར་འདི་ལ་རིན་ཐང་ཅི་ཡང་མེད་པ་ཞིག་ཀྱང་ཡེ་ནས་མིན་ལ། <<རྣམ་ཐར་རགས་པ་>>ནང་གསལ་ཁ་དང་། ཞིབ་ཆ་མེད་པ་རྣམས་འདི་ཡིས་ཀྱང་ཁ་སྐོང་ནུས་ལ། དཔེར་ན་རྭ་ལོའི་ཡུམ་ལ་རྡོ་རྗེ་དཔལ་འཛོམ་ཟེར་བ་དང་། རྒྱ་བལ་ནས་པཎྜི་ཏ་གཞན་དག་བསྟེན་པ་གསལ་བར་མ་ཟད། དུས་རབས་བཅུ་གཅིག་པའི་ལྷོ་བལ་གྱི་གནས་ཚུལ་དང་། རྒྱ་གར་རྡོ་རྗེ་གདན་དང་དཔལ་ན་ལེནྡྲའི་བཀོད་པ་དག་བྱེ་བྲག་ཏུ་བརྗོད་ཡོད་པས་ལམ་ཡིག་གི་ཁྱད་ཆོས་ལྡན་ཞིང་། ཁྱད་པར་དུ་རྣམ་ཐར་འདི་ནི་རྒྱ་བོད་བལ་གསུམ་གྱི་ས་མིང་བརྒྱ་ཕྲག་མང་པོ་གསལ་བའི་མིང་མཛོད་ཅིག་ཀྱང་ཡིན་ནོ། །
གཞན་ཡང་ངེས་པར་གླེང་འོས་པ་ཞིག་ནི་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ལ་ལོ་ཆེན་རིན་བཟང་དང་། སྒྲ་བསྒྱུར་མར་པ་གཉིས་ཀྱི་རྣམ་ཐར་རྩོམ་ཚུལ་གྱི་ཤུགས་རྐྱེན་ཅི་རིགས་ཐེབས་ཡོད་པ་ཞིག་ཀྱང་ཁོ་བོས་འདོད་དེ། རྭ་ལོ་ཙཱ་བ་འཁྲུངས་དུས་ཡབ་ཀྱི་རྨི་ལམ་དུ་གསེར་གྱི་ནེ་ཙོ་གཅིག་བྱོན་པ་དང་ཆ་འདྲ་བ་ཞིག་གུ་གེ་ཁྱི་ཐང་པ་ཡེ་ཤེས་དཔལ་གྱིས་མཛད་པའི་<<ལོ་ཆེན་རིན་བཟང་གི་རྣམ་ཐར་>>དུ་གསལ་བར་མ་ཟད། ལོ་ཆེན་རིན་བཟང་ལ་རྣལ་ལམ་དུ་མཁའ་འགྲོ་མ་ཞིག་གིས་ཁ་ཆེ་དང་རྒྱ་གར་ལ་ཕེབས་དགོས་པར་ལུང་བསྟན་པ་བཞིན་རྭ་ལོ་ཙཱ་བ་ལ་ཡང་དེ་ལྟར་ཡིན་པ་ཞིག་བརྗོད་འདུག །དེ་མིན་གཞན་རྭ་ལོས་དཀའ་བ་སྤྱད་ནས་བླ་མ་བྷ་རོ་ཕྱག་རྡུམ་འཚོལ་བའི་སྒྲུང་དེ། <<མར་པ་ལོ་ཙཱ་བའི་རྣམ་ཐར་>>ཁོང་གི་དངོས་སློབ་རྔོག་གཞུང་པ་ཆོས་རྡོར་གྱིས་བརྩམས་པ་ནང་མར་ལོས་པཎ་ཆེན་ན་རོ་འཚོལ་བ་ལྟར་བྲིས་འདུག་པ་དང་། ལོ་ཙཱ་བ་གཉིས་ཀྱིས་མགུར་བཞེངས་ཚུལ་ཐད་ནས་ཀྱང་མཐུན་པའི་ཆ་ཡོད་པ་ཞིག་རེད། འདིར་ཡིག་ཚོགས་མང་དྲགས་པས་རེ་རེ་བཞིན་བསྡུར་བའི་ངལ་བར་སྤངས་ཡོད་ལ། ཞིབ་ཏུ་ཤེས་འདོད་པ་རྣམས་ཀྱིས་ཁོང་ཅག་གི་རྣམ་ཐར་དངོས་ལ་བསྡུར་ནས་དཔྱད་པར་ཞུ།
མདོར་ན་རྭ་ཡེ་ཤེས་སེང་གེས་<<རྭ་ལོའི་རྣམ་ཐར་རགས་པ་>>ས་བོན་དུ་བྱས་ཤིང་། ལོ་ཆེན་རིན་བཟང་དང་མར་ལོའི་རྣམ་ཐར་སོགས་ལ་དཔེར་བལྟས་ནས་<<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>མཛད་པ་ཞིག་ཏུ་ཁོ་བོས་འདོད། དེ་ཉིད་ཀྱི་སྦྱར་བྱང་དུ་“རྩ་བའི་བླ་མ་རྗེ་བཙུན་ཆོས་རབ་ཀྱིས་གསུངས་པ་ལས། ཇི་ལྟར་བྱུང་བ་བཞིན་དུ་རང་བཟོས་མ་སྦགས་པར་”བརྩམས་ཡོད་པར་གསུངས་ཀྱང་། རྭ་ཡེ་སེང་འཚོ་བཞེས་གནང་བའི་སྐབས་དེའི་རྣམ་ཐར་རྩོམ་རིག་གི་རླབས་རྒྱུན་ནི་བརྗོད་བྱ་དངོས་ཡོད་ཤུགས་ཆེ་ཞིང་། རྣམ་ཐར་རྩོམ་ཡུལ་གྱི་བླ་མ་གང་དེའི་སྐྱོན་ཡོན་གཉིས་ཀ་གླེང་ཐུབ་པ། རྣམ་ཐར་ཐུང་ཞིང་ཉིང་བསྡུས་ཅན་ཡིན་པ། དགོས་མེད་ཀྱི་ཚིག་རྒྱན་མང་པོ་མ་བརྩེགས་པ། དོན་གྱི་གནད་འབབ་ས་གཙོ་བོ་སྟོན་པ་ལ་གཞོལ་བ་ནི་རྣམ་ཐར་ཕལ་མོ་ཆེའི་ཁྱད་ཆོས་ལྟ་བུ་ཡིན་པས། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>ཡི་ཚིག་དོན་གཉིས་ཀ་གང་ཐད་ནས་དུས་སྐབས་དེའི་རྣམ་ཐར་རྩོམ་ཚུལ་དང་ཐ་དད་ཅིང་། དུས་ཕྱིས་ཕྱིས་སུ་མཛད་པའི་རྣམ་ཐར་རྣམས་དང་འདྲ་བས། འདི་ཉིད་རྭ་ལོ་རྡོ་རྗེ་གྲགས་ཀྱི་ཡང་དབོན་རྭ་ཡེ་ཤེས་སེང་གེས་བརྩམས་མིན་ལ་ཡང་དཔྱད་འོས་པའི་གཞི་ཅིག་སྟེ། དེ་ནི་<<བཀའ་ཆེམས་ཀ་འཁོལ་མ་>>དང་<<མ་ཎི་བཀའ་འབུམ་>>གཉིས་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པར་བཞེད་པ་དང་མཚུངས་སྙམ། རྣམ་པ་གཅིག་ཏུ་ན་རྭ་ཡེ་ཤེས་ཀྱིས་མཛད་པ་ལ་དུས་ཕྱིས་ཀྱི་བཅོས་སྒྱུར་མཁན་པོ་ཞིག་གིས་སྨྱུ་གུ་གྲངས་མེད་རེག་ཡོད་པར་འདོད།
དེ་འདྲ་ཡིན་ཡང་རྣམ་ཐར་འདི་ལ་རྩོམ་རིག་གི་རིན་ཐང་བླ་ན་མེད་པ་ཞིག་མཆིས་ཏེ། མགུར་གླུ་ཁ་ཅིག་གི་ཚིག་དོན་གཉིས་ལ་ང་ཚོས་དཔེར་བལྟས་འོས་པས་རྩོམ་རིག་བསླབ་དེབ་ཏུ་བསྡུ་ཆོག་པ་དང་། རྭ་ལོས་ཆོ་འཕྲུལ་སྣ་ཚོགས་བསྟན་ཚུལ་གྱི་བྱུང་བ་རྣམས་སྒྱུ་འཕྲུལ་གློག་བརྙན་དག་གི་ས་བོན་དུ་ཡང་རུང་བ་ཞིག་རེད། ལོ་ཙཱ་བས་ཡར་ལྷ་ཤམ་པོ་དམ་ལ་བཏགས་ཚུལ་དང་གཉན་ཆེན་ཐང་ལྷར་ཆོས་གསུངས་ཚུལ་ལས་རྣམ་ཐར་འདིའི་གཟི་བྱིན་གཞན་ཞིག་ཀྱང་མཇལ་ཐུབ་སྟེ། རྒྱ་ནག་གི་<<ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ་>>ནང་གི་ཐང་ཟན་བླ་མ་བཞིན་བདུད་རིགས་ཅི་འཕྲད་ཀྱི་བར་ཆད་མཐའ་དག་སྤྲེལ་རྒྱལ་ལེགས་མཛེས་སོགས་ཀྱིས་སེལ་དགོས་པ་དང་བསྡུར་ན། རྭ་ཆེན་གྱི་སུ་དང་གང་ལ་ཡང་འཇིགས་པ་མེད་པའི་མཛད་པ་རྣམས་ཀྱིས་ངེད་ཅག་ལ་དཔའ་གདེང་སྩོལ་ཐུབ་པ་འདྲ། དེ་ཉིད་དུ་ཚིགས་བཅད་འདི་འདྲ་ཞིག་མཆིས་པ་ཁོ་བོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ནུས་པ་ཞིག་སྟེ།
“གན༵མ་ཕྱེད་གོས་སུ་གྱོན་པ་རྨིས། །ས༵་ཕྱེད་གདན་དུ་གཏིང་བ་རྨིས། །སྤྲི༵ན་གྱི་ཐུལ་པ་གྱོན་པ་རྨིས། །ཉི༵་ཟླ༵་ཐོད་དུ་བཅིངས་པ་རྨིས། །ཆུ༵་བོ་རྟ་རུ་བཞོན་པ་རྨིས། །
ལུས་ལ་མེ༵་དཔུང་འབར་བ་རྨིས། །”
ཞེས་པ་ལས་ཀློག་མཁན་ཁྱེད་ཀྱིས་རྩོམ་པའི་ཁྱུ་མཆོག་ཅིག་གི་ཕུན་སུམ་ཚོགས་པའི་འཆར་ཡན་མཐོང་ཐུབ་བམ། འཇིག་རྟེན་བྱེད་པོ་འབྱུང་བ་ལྔ་དང་ཉི་ཟླ་གཉིས་ཀྱང་གྲོགས་སུ་བཀུག་ནས་སྣང་བ་རྒྱ་ཡན་ལ་བཏང་བའི་སྙན་ངག་འདི་འདྲ་ཀློག་བྲོ་བ་ལ།
ད་ནི་ཉེ་བའི་ལོ་འགའི་སྔོན་དུ་བྱུང་བའི་གཏམ་རྒྱུད་ཅིག་གིས་བཀླགས་བྱང་འདི་ཉིད་ཀྱི་མཇུག་བསྡུ་བར་བྱ་སྟེ། རང་རེའི་ལུང་པ་ཆེ་གེ་མོར་ཁྱིམ་ཐབ་འཛིན་པའི་བུད་མེད་ཅིག་སྐྱེས་པ་གཞན་ཞིག་དང་འདྲིས་པ་རང་གི་ཁྱོ་གས་ཤེས་པ་ན་སླད་ཕྱིན་མི་འགྲོགས་པའི་དམ་བཅས་ཀྱང་། ཡུན་རིང་མ་འགོར་བར་བསྐྱར་དུ་སྐྱེས་པ་དེ་དང་འགྲོགས་པས། ལུས་ཚུགས་མ་ཐུབ་པ་ལ་ཁྱོ་གས་ཆུང་མ་ཉིད་ཀྱི་སྣ་བཅད་པའི་སྦྱོར་བ་ཞིག་བརྩམས་པར་གྲགས། <<རྭ་ལོའི་རྣམ་ཐར་རགས་པ་>>ལས་ཀྱང་ཁོང་གིས་ཆུང་མ་འབྲེ་མོ་དགེ་མའི་སྣ་བྲེགས་པ་གོང་དུ་གླེང་ཟིན་པ་རེད། ཡུལ་དུས་ཐ་དད་པར་བྱུང་བའི་གཏམ་རྒྱུད་འདི་གཉིས་ཀྱི་མཇུག་འབྲས་ལ་མཚུངས་རྟགས་འགོད་རུང་བས། <<རྣམ་ཐར་ཀུན་ཁྱབ་རྔ་སྒྲ་>>རུ་གསུངས་པ་ལས་འདི་ལ་ཡིད་ཆེས་བྱེད་ཆོག་སྙམ། ཁྱད་པར་དུ་མི་ལོ་ཆིག་སྟོང་ལྷག་འགོར་ཡང་གོམས་སྲོལ་དེ་ཉིད་རང་ཅག་གིས་དུས་ད་ལ་ཐུག་གི་བར་དུ་སློབ་མ་དགོས་པར་རྒྱུད་འཛིན་བྱས་འདུག་ཀྱང་། རང་རེའི་ཡུལ་དུ་རྭ་ལོ་ཙཱ་བ་བཞིན་ལུས་ངག་ཡིད་གསུམ་གྱིས་རིག་གནས་གསར་པ་འདྲེན་པའི་རླབས་རྒྱུན་འཇགས་ནས་ལོ་ངོ་བརྒྱ་ཕྲག་མང་པོ་འགོར་ཡོད་ཨང་།
སྤྱི་ལོ་2023ལོའི་སྤྱི་ཟླ་7པའི་ཚེས་14ནས་17ཉིན་བར་གྲོང་ཁྱེར་པད་མ་ཅན་དུ་བྲིས།
ཐུགས་རྗེ་ཆེ། དངོས་གནས་ཕན་ཐོགས་བྱུང་། བློ་སྐྱེད་བྱིན་སོང་། མུ་མཐུན་ནས་འདི་འདྲ་རེ་རིག་ཐུབ་ན་སྙམ་པའི་རེ་བའང་སྐྱེས་བྱུང་།
༈ མཚན་བྱང་མེད་པའི་དཔེ་ཞིག་བཀླགས་ནས་མཚན་བྱང་ཡོད་ལ་གྲགས་ཞེས་ཟེར། །རང་གི་འདོད་པ་ལྷག་པར་མངོན་ལས་གཟུར་གནས་དཔྱད་པའི་ཆ་མ་མཐོང་། །སྐྲ་སེར་ཅན་གྱི་བོད་མི་ཞིག་གིས་གསེར་ཟངས་སྣ་སྦྱིན་ཡ་མ་བརླ། །མུ་སྟེགས་མཐུ་ཡིས་སྐྱེས་ཆེན་བཀྲོངས་པ་རྟོགས་པའི་བསྟན་པར་སྨོད་པས་ཟོལ།།
རྣམ་ཐར་ལོ་རྒྱུས་གཉིས་ལ་བརྗོད་བྱ་དང་། །ཐུན་མོང་ཡིན་མིན་གཉིས་ལ་བལྟ་ཚུལ་གྱི། །ཁྱད་པར་ཡོད་པ་སྤྱི་སྐད་མ་ཡིན་ནམ། །བདེན་རྫུན་གཉིས་ཀྱང་རྒྱབ་རྟེན་ཟབ་ལོས་ཡིན།།