ཧྥན་སེ་སི་བྷེ་ཀུན་ Francis Bacon གྱི་<<ལྷུག་རྩོམ་ཕྱོགས་བསྡུས།>>ལས།
ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།
མི་ཞིག་གིས་རླབས་ཆེན་གྱི་གོ་གནས་བཟུང་བ་ནི་གཡོག་པོ་ཐེངས་གསུམ་བྱེད་པ་ཡིན་ཏེ། དེ་ནི་གཞུང་དང་རྒྱལ་པོའི་གཡོག་པོ། མཚན་དང་སྙན་གྲགས་ཀྱི་གཡོག་པོ། ལས་དང་དོན་གྱི་་གཡོག་པོ་སྟེ་འདི་གསུམ་ལས་ཐར་བ་མེད། དེར་བརྟེན། མི་དེས་འགྲོ་འཆག་ཉལ་གསུམ་ལ་རང་དབང་གཏན་ནས་མེད། དབང་ཆ་འཚོལ་བཞིན་དུ་རང་དབང་བརླག་པ་དང་། དབང་ཆ་དེས་གཞན་དབང་འོག་ཏུ་བསྡུས་པ་ལས་རང་ཉིད་ཀྱི་དབང་ཆ་ཡོད་ཚད་ཤོར་བ་དེ་ལས་ཡ་མཚན་པ་ཞིག་ཅི་ལ་ཡོད།
ཐོབ་དང་གོ་གནས་བཟུང་བའི་འགན་དེ་ནི་ལས་སླ་བོ་ཞིག་གཏན་ནས་མིན། དེ་རེག་པར་ངང་རྒྱུད་རིང་པོའི་འབད་པར་བསྟེན་དགོས། མཐོང་ཆུང་དང་ཁྱད་གསོད། དྲག་ཤུལ་གྱི་བརྒྱུད་རིམ་ལས་གོ་གནས་དེ་ཐོབ་པའི་དབང་དུ་བཏང་ཡང་། དེ་ནི་དེ་ལྟར་སྤྲོ་སྣང་ཅན་ཞིག་དང་གཏན་འཇགས་ཞིག་རྩ་བ་ནས་མིན། དཔེར་ན། རྒྱལ་པོ་འདོད་འདུན་མ་ཚིམ་པ་བྱུང་ན་གོ་གནས་མར་ཕབ་པ་དང་ལས་ཀའི་ཟུར་དུ་ཕུད་པ་སོགས་ཀྱིས་དཀའ་ཁག་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས། གལ་ཏེ་མི་ཞིག་གིས་ལས་ཀ་དེ་ཤོར་བ་ཡིན་ན་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་རང་སྲོག་གཅོད་པའི་གནས་སྟངས་ཀྱང་འབྱུང་གི་ཡོད།
མཚམས་རེར་རྒན་ཡོལ་བྱེད་བསམ་ཡང་ཁོར་ཡུག་གི་དབང་གིས་རྒན་ཡོལ་བྱེད་རྒྱུའི་བཀའ་ཁྲོལ་མི་ཐོབ་པ་དང་། ལན་རེར་རྒན་ཡོལ་བྱེད་པའི་དུས་ལ་བབ་པ་མ་ཟད་རྒན་ཞིང་འཁོགས་པ་དང་ན་བ་སོགས་ཅི་བྱུང་ཡང་ལས་ཀ་མེད་ན་བཟོད་མི་ཐུབ་པ་ལྟར་ལས་ཀར་འཐམ་ཞིང་འཁྱུད་པ་དེ་ནི་གྲོང་སྡེའི་ཡུལ་མི་རྒན་ཁོག་ཚོ་ཉིན་གང་པོར་རྒྱ་སྲང་དུ་ཁ་གཏད་ནས་སྡོད་པ་དང་། ཐ་ན་འཁྲིས་ཀྱི་འགྲུལ་མི་ཚོས་ཁོ་ཚོར་འཕྱ་སྨོད་བྱེད་པ་ཡང་མི་ཚོར་བ་ལྟ་བུའོ།
གོ་གནས་མཐོ་བའི་མི་ཚོས་སོ་སོ་བདེ་སྐྱིད་ཡོང་བའི་ཆེད་དུ་གཞན་གྱིས་བསམ་ཚུལ་ཡག་སྡུག་ག་འདྲ་ཞིག་ཡིན་རུང་བཟོད་སྒོམ་བྱེད་དགོས། ཁོ་ཚོའི་བདེ་སྐྱིད་ནི་སོ་སོ་རང་ལ་རག་ལས་པ་ཞིག་མིན། དེ་ནི་གཞན་གྱིས་ཁོ་ཚོར་ཇི་ལྟར་བསྟོད་བསྔགས་བྱེད་པ་དང་། ཡང་ན་གོ་གནས་མཐོ་བ་ལ་ཕྲག་དོག་བྱེད་པ་ལས་འབྱུང་གི་ཡོད། དེ་ལྟ་བུའི་མི་ཚོར་སེམས་ཤུགས་ཆག་སླ་ལ་རང་སྐྱོན་ངོས་ཟིན་པ་ཧ་ཅང་དཀོན། དེ་ཚོས་སོ་སོ་སུ་ཡིན་པ་ཡང་ར་མ་འཕྲོད་པར་ལྷག་ཡོད།
ཕྱོགས་གཞན་ཞིག་ནས་ཞུས་ན། ཐོབ་དང་གོ་གནས་ལ་རྔམ་པའི་མི་དེ་ཚོ་གཞུང་ལས་ཀྱི་དཀའ་ངལ་ནང་དུ་ཚུད་དེ་ཐ་ན་སོ་སོས་ལུས་སེམས་འཕྲོད་བསྟེན་ལ་ལྟ་རྟོག་བྱེད་པའི་ཆུ་ཚོད་ཡང་མེད། རོ་མན་གྱི་རྩོམ་པ་པོ་ ༡ སེ་ནེ་ཀ་ཡིས་“འཆི་བ་འཇིགས་སྣང་ཅན་ཞིག་ཡིན་པ་ཚང་མས་ཤེས། འོན་ཀྱང་སོ་སོ་ནམ་འཆི་སུས་ཀྱང་མི་ཤེས་”གསུངས།
གོ་གནས་ཅན་གྱི་མི་ཞིག་ཡིན་ན། ཁོས་དགེ་སྡིག་གི་བྱ་བ་ག་འདྲ་ཞིག་བྱེད་བསམ་ཡང་ཁོ་ལ་ནུས་པ་ཡོད། སྡིག་པའི་ལས་ཀྱི་བྱེད་ནུས་ནི་དམོད་པའི་ལས་ཞིག་ཡིན་པ་སྨོས་མ་དགོས་པ་རེད། ཕུལ་བྱུང་གི་གོ་གནས་ཡོད་མཁན་ཞིག་ཡིན་ན་སྡིག་པའི་ལས་ལ་ཡིད་རྟོན་མི་རུང་། གལ་ཏེ་ཡིད་རྟོན་པ་ཡིན་ན་ཁོ་ལ་དབང་ཆ་དེ་ཡོད་པ་ལས་མེད་པ་དགའ། དགེ་བའི་ལས་བྱེད་པ་ནི་ཁྲིམས་དང་མཐུན་ལ་བརྩོན་པ་
ཐམས་ཅད་ཀྱི་དམིགས་པ་ཡང་དེ་རེད།
གཞན་ལ་ཕན་ཐོགས་གི་བསམ་བློ་ཅན་ཞིག་ཡིན་ནའང་ཁོ་ལ་བསམ་བློ་དེ་མངོན་འགྱུར་ཡོང་བ་ལ་ཁོར་ཡུག་དང་གོ་གནས་ཞིག་ངེས་པར་དུ་དགོས། དེ་མེད་ན་ཁོས་ལག་ལེན་ཇི་ལྟར་བྱེད། མདོར་ན་མི་ཞིག་གིས་རྩོལ་བ་བྱེད་པའི་དམིགས་ཡུལ་དེ་ཡ་རབས་དང་ཐམས་ཅད་ཡིད་སྨོན་བྱེད་སའི་བྱ་བ་ཞིག་སྤེལ་ཐུབ་པ་བྱེད་རྒྱུ་དེ་རེད། དེ་ལྟར་ཞིག་བྱེད་ཐུབ་པ་ཡིན་ན། མི་དེའི་མཐའ་མཇུག་གི་མི་ཚེ་བདེ་སྐྱིད་ངང་
རོལ་ཐུབ། དཔེར་ན་དཀོན་མཆོག་གིས་འཇིག་རྟེན་བསྐྲུན་ཚར་རྗེས་བདེ་སྐྱིད་ལ་རོལ་བ་བཞིན་ནོ། (Et conversus Deus, ut aspiceret opera, quoe fecerunt manus suoe, vidit quod omnia essent bona nimis, and then the sabbath.) གཞུང་དོན་སྒྲུབ་མཁན་ཚོས་ལས་འཛིན་གོང་མ་ཚོས་ལེགས་པའི་ཆ་ལ་ཁ་མིག་ཡར་བལྟ་དང་རྗེས་འཇུག་བྱེད་རྒྱུ་གལ་ཆེ། འདས་ཟིན་པའི་མཆོག་གྱུར་གྱི་དཔེ་མཚོན་དེ་ཚོས་རྗེས་འཇུག་བྱེད་པ་ནི་བླ་མེད་ཀྱི་སྒྲིག་གཞི་ཡོངས་རྫོགས་ཕྱོགས་སྡོམ་བྱེད་པ་དང་ཀུན་ནས་མཚུངས།
མི་ཞིག་གིས་གཞུང་ལས་ཀྱི་དུས་ཡུན་དེ་མ་རྫོགས་པའི་རིང་ལ་ལས་དོན་དེ་ཉམས་ཆག་ཏུ་མི་འགྲོ་བའི་ཆེད་ངེས་པར་དུ་སོ་སོས་བྱ་བ་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས། དེས་མ་ཚད་སྔོན་གྱི་བྱ་བ་བཟང་པོ་དེ་རང་སོར་བའི་ཆེད་དུ་རང་ཉིད་ཀྱིས་སྒྲུབ་བཞིན་པའི་བྱ་བ་དེ་དང་སྔོན་གྱི་བྱ་བ་དེ་གཉིས་ཞིབ་བསྡུར་བྱེད་དགོས། དེ་མིན་གཞན་སྔོན་གྱི་བྱ་བ་དེ་ཡག་པོ་བྱུང་མེད་པ་དེ་ཚོར་སྣང་མེད་དང་སྐྱོན་འདོགས་བྱེད་མི་རུང་། དེ་ཚོ་ལས་བསླབ་བྱ་བླངས་ནས་དེ་ལྟ་བུའི་ནོར་འཁྲུལ་གྱི་བྱ་བ་སླར་ཡང་མི་ཡོང་བར་འབད་པ་བྱེད་དགོས།
སོ་སོས་ལས་ཀ་དེ་ཡར་རྒྱས་ཡོང་བ་ལ་གཞན་ལ་ངོམ་སོ་བྱེད་རྒྱུ་དང་ལས་འཛིན་གོང་མ་ཚོས་ནོར་འཁྲུལ་ཤོར་ཡོད་པ་དེ་ལ་མིང་ཤས་ངན་པ་བཟོ་རྒྱུ་དེ་མིན། མི་ཞིག་ཡིན་ན་གཞན་གྱིས་ལེགས་པའི་ཆ་གཅིག་པོ་ལ་རྗེས་འཇུག་བྱེད་རྒྱུ་མ་ཡིན་པར། སོ་སོས་ལེགས་པའི་ཆ་ལ་གཞན་རྗེས་སུ་འཇུག་ཐུབ་པ་བཟོ་དགོས།
གོ་གནས་མཐོན་པོ་བཟུང་མཁན་ཞིག་གིས་བྱ་སྤྱོད་དང་སྲིད་ཇུས་ཚད་དང་མཐུན་པར་བྱས་ན་ཁོས་གཞན་ལ་རེ་བ་བྱེད་དགོས་པའི་སྐབས་སུ་རྒྱབ་སྐྱོར་ཐོབ་ངེས། དེར་བརྟེན་གོ་གནས་དེ་དང་ཁ་བྲལ་དགོས་པའི་དུས་སུ་ཡང་གོ་མེད་ཚོར་མེད་དང་ལྟ་བ་མཁྲེགས་འཛིན་མི་བྱེད་པར། གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་གཞན་ལ་ཕྱི་གསལ་ནང་གསལ་གྱི་འགྲེལ་བཤད་བྱེད་ཐུབ་དགོས་ལ། རང་ལ་དབང་བའི་དབང་ཚད་དེ་རྙོག་དྲྭ་མེད་པར་ལག་ལེན་བྱེད་ཐུབ་པ་དགོས།
དེ་མིན་གཞན་གོ་གནས་དམན་པ་ཚོ་ལ་ཚད་དང་མི་རན་པའི་བྱུས་གཏོགས་མི་བྱེད་པར་ཁོ་ཚོ་སོ་སོ་ལ་དབང་བའི་དབང་ཚད་ལག་བསྟར་བྱེད་དུ་འཇུག་དགོས། དེ་མིན་ད་དུང་སོ་སོས་ལས་སྣེ་ལ་ལམ་སྟོན་གནང་མཁན་དང་། རྒྱབ་སྐྱོར་བྱེད་མཁན། ལས་དོན་སྐོར་དང་འབྲེལ་བའི་བསམ་འཆར་གནང་མཁན་ཚོ་ལ་སྙིང་ནས་དགའ་བསུ་བྱེད་དགོས།
དབང་འཛིན་དཔོན་རིགས་ཚོས་ངེས་པར་དུ་འདོར་དགོས་པའི་སྐྱོན་གཙོ་བོ་བཞི་ནི། རྗེས་ལུས། ལྐོག་ཟ། རྩུབ་སྤྱོད། མཐུན་རྐྱེན། བཅས་ཡིན། ལས་ཀ་དེ་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབ་དགོས་ལ། ལྷག་པར་དུ་དེ་རིང་གི་ལས་ཀ་དེ་རིང་རང་ལ་བསྒྲུབ་དགོས་པ་ལས་སང་ཉིན་ལ་བཞག་ན་དེ་ནི་རྗེས་ལུས་ཀྱི་རྣམ་པ་ཡིན་པས་དཔོན་རིགས་ཚོས་འདོར་དགོས་པའི་སྐྱོན་དང་པོ་དེ་ཡིན། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཅིག་པུས་མི་འགྲིག་པར་ལྐོག་རྔན་སྤྲོད་མཁན་ཚོ་ལ་སེམས་ཤུགས་གཅོག་ནས་མི་སྤྲོད་ཐབས་བྱེད་དགོས། དྲང་བདེན་པ་ཁོ་ནས་མི་འགྲིག་པར་དྲང་བདེན་མིན་པའི་དོགས་གཞི་ཡིས་གནས་དེ་ལས་བདག་ཉིད་ཐར་ཐབས་སུ་བཀོད་བྱུས་བྱེད་དགོས།
དེ་ལྟར་ལྐོག་ཟ་རུལ་སུངས་མི་ཡོང་བའི་ཕྱིར་དུ་ལས་དོན་ག་འདྲ་ཞིག་ལ་འགྱུར་བ་ཕྱིན་པ་སྟེ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་མི་མང་ལ་ཕྱི་གསལ་ནང་གསལ་བྱེད་རྒྱུ་གལ་ཆེ། དེ་མིན་ད་དུང་གཞུང་ཞབས་པ་དང་འཁོར་གཡོག་སུ་ཞིག་ཡིན་རུང་གོ་གནས་ཅན་ཚོ་ལ་ཆེས་ཁ་ཐག་ཉེ་བ་བྱེད་མི་རུང་།
རྒྱུ་མཚན་ནི་གལ་སྲིད་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིག་ལྷག་ན་དེ་ནི་དོགས་གཞི་ཅན་གྱི་གནད་དོན་ཞིག་ཏུ་འགྱུར་སྲིད། དེ་བས་གོ་གནས་ཅན་ཚོས་འདོར་དགོས་པའི་སྐྱོན་གཉིས་པ་དེ་ལྐོག་ཟ་རུལ་སུངས་འདི་ཡིན། རྩུབ་སྤྱོད་ཀྱི་གཤིས་ཀ་དེ་ཡང་གོ་གནས་ཅན་ཞིག་ལ་མཚོན་ན་འདོར་དགོས་པའི་སྐྱོན་གསུམ་པ་དེ་ཡིན། རྒྱུ་མཚན་ནི་རྩུབ་སྤྱོད་ལ་བརྟེན་ནས་ཁོང་ཁྲོ་སྐྱེད་པར་བྱེད། གོ་གནས་ཅན་ཞིག་གིས་འདོར་དགོས་སྐྱོན་ཐ་མ་དེ་མཐུན་རྐྱེན་རེད། མཐུན་རྐྱེན་འགལ་རྐྱེན་དུ་གཏོང་བ་ནི་ལྐོག་རྔན་སྟེར་བ་ལས་ཀྱང་ཐབས་རྡུགས་པ་མེད།
དེ་བས་གོ་གནས་ཅན་ཞིག་ཡིན་ན་སྐྱོན་འདི་ཡང་ངེས་པར་སྤོང་དགོས། མི་ཞིག་གི་སྤྱོད་ལམ་ག་རེ་ཡིན་པ་དེ་ཁོས་གོ་གནས་ལས་གསལ་སྟོན་བྱེད་ཐུབ། དཔེར་ན། རོ་མན་གྱི་གོང་མ་རྒྱལ་པོ་ ༢ གྷོལ་པཱ་ཡིས་ཁོ་སོ་སོ་རང་ཉིད་སྲིད་སྐྱོང་འཇོན་ཐང་མེད་མཁན་ཞིག་ཏུ་ར་སྤྲོད་བྱེད། ཡིན་ནའང་གཞན་རོ་མན་གྱི་གོང་མ་རྒྱལ་པོ་༣བེ་སི་པཱ་ཞོན་ཡིས་སྲིད་སྐྱོང་སྐབས་སུ་རང་ཉིད་ཀྱི་ཀུན་སྤྱོད་ལ་ཡར་རྒྱས་འགྲོ་སོང་བ་ར་སྤྲོད་བྱུང་། གལ་སྲིད་གོ་གནས་མཐོ་བའི་མི་ཞིག་གིས་ཀུན་སྤྱོད་ཡར་རྒྱས་སོང་བ་ཡིན་ན་དེས་ཁོ་ནི་མི་ཡ་རབས་ཚུལ་མཐུན་དང་རིན་ཐང་ཆེ་བའི་མི་ཞིག་ཡིན་པ་གསལ་བོ་མཚོན།
དེ་དང་ཕྱོགས་མཚུངས་སུ་ཐོབ་དང་གོ་གནས་ཅན་ཚོས་ངེས་པར་དུ་གོ་སྐབས་བཟང་པོ་སྟེ་དམ་འཛིན་བྱས་ནས་དགེ་བའི་ངོ་བོར་བསྒྱུར་ཐུབ་པ་བྱ་དགོས། དཔོན་པོའི་གོ་གནས་ཐོབ་པར་འབད་བརྩོན་བྱེད་དགོས་པ་མ་ཟད་འགལ་རྐྱེན་དང་བར་ཆད་ཅི་བྱུང་ལ་ངོས་ལེན་བྱེད་དགོས། འོན་ཀྱང་གོ་གནས་དེ་ཐོབ་པའི་སྐབས་སུ་སྤྱི་ཚོགས་ནང་དུ་རྙོག་དྲ་མི་བཟོ་བར་ཞི་བདེའི་དམིགས་འབེན་ཞིག་གིས་རྗེས་སུ་བསྙེག་དགོས། རླབས་ཆེན་གྱི་གོ་གནས་ཐོབ་པ་ལ་དཀའ་ཐུབ་དང་ཧུར་བརྩོན་གཅིག་པུས་མི་འགྲིག་པར་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་ཞིག་བརྒྱུད་དགོས། གོ་གནས་དེར་བརྩོན་བཞིན་པའི་སྐབས་སུ་འགལ་ཟླ་གང་བྱུང་དེར་བཏང་སྙོམས་སུ་འཇོག་ཐབས་བྱེད་དགོས།
ལས་གནས་ཅན་གྱི་མི་ཚོས་ལས་འཛིན་གོང་མ་ཚོས་བཀའ་ལ་ཆེ་མཐོང་དང་བརྩི་བཀུར་བྱེད་དགོས་པ་ལས་ཚུལ་དང་མི་མཐུན་པའི་ཁ་རྡུང་གཏོང་བ་སོགས་བྱེད་མི་རུང་། ལྷག་པར་དུ་ཕྱག་རོགས་གཅིག་པ་ཚོས་བསམ་འཆར་རེ་བཏོན་ན་དེ་ལ་དྲག་ཤུལ་གྱིས་ཁས་མི་ལེན་པ་ལས་བསམ་འཆར་གང་ཡོད་ལ་བརྩི་མཐོང་དང་གྲོས་མོལ་གྱི་ལམ་ནས་རེ་འདུན་སྐོང་ཐབས་བྱེད་རྒྱུ་གལ་ཆེ། དེ་མིན་ད་དུང་གོ་གནས་
མཐོན་པོ་ཅན་ཚོས་གཞན་ལ་དུས་རྟག་ཏུ་སོ་སོས་གོ་གནས་དེ་མཐོན་པོར་ཡིན་པ་དྲན་གསོ་བྱེད་པ་མ་ཟད་སྒེར་གྱི་གཏམ་བཤད་སོགས་བྱེད་དུས་རང་ཉིད་ཧ་ཅང་གལ་ཆེན་པོ་ཡིན་པའི་ལྟ་བ་དེ་ནི་ཆེས་ཐ་ཤལ་གྱི་རྟགས་ངོ་མ་དེ་ཡིན།
དེ་ལས་ལྡོག་སྟེ་ཐོབ་དང་གོ་གནས་ཅན་གྱི་མི་དེས་སྤྱོད་ལམ་ཀུན་དང་མཐུན་པར་བྱེད་ན་ཁོ་ལ་མི་མང་གིས་བསྟོད་བསྔགས་ཐོབ་པ་མ་ཟད། ཁོ་ཚོས་མཐོང་སྣང་ལ་ཁོ་དེ་ལྟར་རྐུབ་སྟེགས་མཐོན་པོར་འཛེགས་ཡོད་པའི་རང་གཅེས་འཛིན་གྱི་ལྟ་བ་དེ་མེད་པར་ངོས་འཛིན་བྱེད་དོ།།
ཞབས་མཆན།
༡ སེ་ནེ་ཀ་ནི་(Seneca)རོ་མན་གྱི་ལྟ་གྲུབ་སྨྲ་བ་དང་། ཆབ་སྲིད་པ། སྨྲ་བརྗོད་མཁན་པོ། ཡིད་སྐྱོའི་ཟློས་གར་རྩོམ་པ་པོ་སོགས་ཡིན། ཁོས་ཚབ་མཚོན་རྩོམ་ཡིག་ལ་《སྨྱོན་པ་ལྟ་བུའི་ཧེར་ཀུ་ལིས》སོགས་སོ།
༢ གྷོལ་བཱ་ནི་(Galba_69.A.D) རོ་མན་གྱི་གོང་མ་རྒྱལ་པོ་དང་པོ་དེ་ཡིན། ཁོས་ཟླ་བ་དྲུག་རིང་རོ་མན་དབང་སྒྱུར་བྱས།
༣ ཝེ་སི་པཱ་ཞོན་ནི་(Vespasion _69_79. A.D) ཡང་རོ་མན་གྱི་གོང་མ་རྒྱལ་པོ་བཞི་པ་དེ་ཡིན།
རྩོམ་ཡིག་ཡག་པོ་བསྒྱུར་འདུག རྩོམ་ཡིག་འདིའི་ནང་ན་དེང་སྐབས་བཀའ་སྤྱིའི་འོས་མིར་བཞེངས་མཁན་ཚོའི་ལེན་དགོས་པའི་ལེགས་ཆ་ཡང་འདུག་སྙམ།
འབུམ་རམས་པ་ཚེ་རིང་ཆོས་སྒྲོན་ལགས་ཀྱིས་བསྒྱུར་གནང་མཛད་པའི་རྩོམ་ཡིག་འདི་ཀློག་ཚར་ཡིན།
ང་ལ་ཕན་ཐོགས་པ་དག་བླངས་ཚར་ཡིན། ད་དུང་དངོས་ཡོད་སྤྱི་ཚོགས་ལ་དགོས་ངེས་ཅན་མང་པོ་ཞིག་བསྒྱུར་གནང་མཛད་རྒྱུ་མ་བརྗེད། བཀའ་དྲིན་ཆེ། མཐར་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་གངྒཱའི་བཞུར་རྒྱུན་དང་འགྲོགས་ནས་ཁྱེད་ཀྱི་མཁྱེན་དཔྱོད་དར་ཞིང་རྒྱས་བར་ཤོག