བློ་བཟང་བཀྲ་ཤིས། སྨན་རྩིས་ཁང་།
<<གར་ཡོད་ཁ་ཕྱོགས་ཙམ་གསལ་ཁ་མེད་པ་འདི་ནི། བོད་ཀྱི་གྲགས་ཅན་ཆབ་སྲིད་བཙོན་པ་སུ་ཞིག་གི་གནས་སྟངས་ལས་ཀྱང་མི་འདྲ་བ་ཞིག་རེད།>>
རྒྱ་གཞུང་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། བྱ་བྲལ་རིན་པོ་ཆེ་ཉེས་མེད་འཛིན་བཟུང་བྱས་ཏེ། འདི་ལོའི་སྤྱི་ཟླ་ ༥ པར་མི་ལོ་ཧྲིལ་པོ་བཅུ་བདུན་ཏག་ཏག་འདས་ཡོད། གཞིས་ལུས་བོད་མིའི་སེམས་ནང་༸པཎ་ཆེན་རིན་པོ་ཆེ་དང་ཆབས་ཅིག་བྱ་བྲལ་རིན་པོ་ཆེ་བརྗེད་མེད་པ་དང་། བློ་གཟུ་བོར་གནས་པའི་རྒྱ་མི་མང་པོས་ཀྱང་བྱ་བྲལ་རིན་པོ་ཆེ་དཔའ་རྒོད་ཅིག་ལ་ངོས་འཛིན་གཙང་མ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག
བཙན་བྱོལ་ནང་ལོ་ཤས་སྔོན་བྱ་བྲལ་རིན་པོ་ཆེ་དང་དངོས་སུ་མཇལ་མྱོང་བའི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་བྱ་བྲལ་རིན་པོ་ཆེའི་ཐད། དམིགས་བསལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་མཛད་སོང་ཡང་། རང་དབང་ལུང་པར་བྱ་བྲལ་རིན་པོ་ཆེའི་གནད་དོན་ཐོག་སྔར་བཞིོན་འགུལ་བསྐྱོད་ཆེས་དལ་བུ་དལ་བུར་གནས། གུས་པས་ཀྱང་ནུས་པ་ཐོན་མིན་ལ་མ་ལྟོས་པར་ཁོང་ལ་དྲན་གསོ་ཞུ་ཆེད། རྩོམ་ཡིག་འདི་སྤེལ་བའི་ངལ་བ་དང་དུ་བླངས་པ་ཡིན།
བྱ་བྲལ་རིན་པོ་ཆེ་འཛིན་བཟུང་བྱས་ནས་ལོ་གཉིས་མ་ཟིན་ཙམ་གྱི་མཇུག་སྟེ། སྤྱི་ལོ་ ༢༠༠༧ ཟླ་ ༤ ཚེས་ ༢༢ ཉིན་གཞིས་རྩེ་ས་གནས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བྱ་བྲལ་རིན་པོ་ཆེར། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་མིང་འོག་ལོ་དྲུག་གི་བཙོན་ཁྲིམས་བཅད་ནས་ད་ལྟ་བར། མི་ལོ་ཧྲིལ་པོ་བཅུ་བདུན་འདས་ཀྱང་། ཕྲན་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ལ་ལན་མང་བསྒྲགས་པ་ལྟར། གར་ཡོད་ཁ་ཕྱོགས་ཙམ་གསལ་ཁ་མེད་པའི་གནས་ཚུལ་འདི་ནི། བོད་ཀྱི་གྲགས་ཅན་ཆབ་སྲིད་བཙོན་པ་སུ་ཞིག་ལས་ཀྱང་གནས་སྟངས་ཐ་དད་རེད། རྒྱ་གཞུང་གིས་བྱ་བྲལ་རིན་པོ་ཆེར་གསང་བ་ཕྱིར་གྱར་བྱས་པའི་བསྙོན་འཛུགས་བྱས་ཡོད་ཀྱང་། གསང་བ་གང་ཞིག་ཕྱིར་གྱར་མིན་བྱེ་བྲག་བཀར་ནས་བཤད་མེད་པ་དེ་ནི། ཁོ་པ་ཚོ་རང་གི་ཁྲིམས་ལུགས་ཀྱི་གཞི་རྩར་ཡང་ཁུངས་གཏུག་ཡུལ་མེད་པའི་གསལ་བཤད་བྱས་ཡོད་ལ། བྱ་བྲལ་རིན་པོ་ཆེར་དགག་རྒྱག་གི་དེབ་གཅིག་འགྲེམས་སྤེལ་བྱས་ཡོད་རུང་། དེབ་དེའི་བརྗོད་བྱར་བྱ་བྲལ་རིན་པོ་ཆེས་ཕྱི་གསལ་ནང་གསལ་གྱིས། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་ཐབས་ཀྱི་དགོངས་ཚུལ་དང་མཛད་ཕྱོགས་རྣམས་དམིགས་འབེན་དུ་བཟུང་ཡོད།
བྱ་བྲལ་རིན་པོ་ཆེས་དབུ་ཁྲིད་པའི་འབྲེལ་ཡོད་རྣམས་ཀྱིས་དཀའ་ཁག་ཆེན་པོས་གསེར་གདུང་བཞེངས་རྒྱུས་མཚོན། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་རྫོགས་ཀྱི་ཞུ་སྒོ་རྣམས་ལེགས་པར་བསྒྲུབས་ཏེ། ༸བཀྲས་ལྷུན་རྒྱུན་ཚོགས་སུ་སྔར་རྒྱུན་ལྟར་རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདོན་རྒྱུ་དང་། རིག་གསར་སྐབས་གཏོར་སྐྱོན་བཏང་བའི་༸རྒྱལ་དབང་དགེ་འདུན་གྲུབ་དང་༸པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་གསུང་འབུམ་པོད་བཞི་བཅུ་ཞེ་གསུམ་གྱི་དཔེ་རྒྱུན་བཙལ་འཚོལ་གནང་སྟེ། ཡོངས་གྲགས་མིན་པའི་དཔར་སྐྲུན་འགྲེམས་སྤེལ་ཡང་གནང་ཟིན། འོན་ཀྱང་ཡང་སྲིད་ངོས་འཛིན་ཞུ་སྐབས་རིན་པོ་ཆེར་ཕམ་ཉེས་ཕོག་ཡོད་པ་དེ་ནི། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར། དོན་དངོས་སུ་ཟིང་འཁྲུག་ལངས་མེད་ནའང་། དྲག་གནོན་བྱེད་འདོད་ཡོད་ཚེ་བསྙོན་འཛུགས་དམའ་འབེབས་ཀྱིས་རྡུང་རྡེག་དྲག་པོ་གཏོང་གི་ཡོད། ཅེས་གསུངས་པའི་དོན་ལས་མ་འདས། བྱ་བྲལ་རིན་པོ་ཆེས་སྐད་གྲགས་ཅན་གྱི་གྲུང་ཆིང་བཙོན་ཁང་ཨང་གསུམ་པའི་ནང་ཟས་བཅད་ངོ་རྒོལ་གནང་བ་ཡང་གནད་དོན་དེ་དང་ཐད་ཀར་འབྲེལ་བ་ཡོད་པར་སྙམ།
རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་གཞུང་གིས་དེ་སྔོན་ཁྲིམས་འགལ་མ་ཡིན་པའི་གནས་ཚུལ་ཞིག་ཁྲིམས་འགལ་བཟོས་ཏེ། བྱ་བྲལ་རིན་པོ་ཆེ་སྐུ་ཉིད་ཀྱི་མི་ཚེའི་ནང་གི་དོན་སྙིང་ཆེ་ཤོས་སུ་རློམས་པའི་གནད་དོན་གྱི་ལྡོག་ཕྱོགས་སུ་བཞེངས་དགོས་པའི་བཙན་ཤེད་བྱས་ཡོད། བཙན་ཤེད་བྱེད་མཁན་གྱི་ཐད་ཀའི་མི་སྣ་ཡང་། རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་གཅིག་གི་ཐོག བྱ་བྲལ་རིན་པོ་ཆེ་དང་སྒེར་གྱི་འབྲེལ་བ་ཟབ་པའི་སྐབས་དེའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་འགོ་གཙོ་གཞོན་པ་བསྟན་འཛིན་ཡིན་པ་དང་། ཁོ་པ་གཉིས་ཀྱིས་གྲན་ཌུ་གནམ་ཐང་དུ་བྱ་བྲལ་རིན་པོ་ཆེར། ཏཱ་ལའི་བླ་མས་ཕྱི་རྒྱལ་དུ་བོད་ཀྱི་བྱིས་པ་ཞིག་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ཁྱབ་བསྒྲགས་བྱས་པ་དེར། རིན་པོ་ཆེ་ནས་གནམ་ཐང་འདི་གར་༸ཏཱ་ལའི་བླ་མས་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་ལ་སྣང་མེད་ཀྱིས་༸པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་པ་དེ་ཁྲིམས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་དང་མི་མཐུན་པས། གཏན་ནས་མོས་མཐུན་མེད་པའི་གསར་འགོད་གསལ་བསྒྲགས་སྤེལ་དགོས། ཞེས་ཞུས། དེར་རིན་པོ་ཆེས་ཁྱེད་རྣམས་ཀྱིས་བཀའ་བཏང་བ་དེ་ངས་བསྒྲུབ་ཐུབ་པ་མི་འདུག ༸པཎ་ཆེན་རིན་པོ་ཆེ་ནི་བོད་མི་ཡོངས་ཀྱི་སྐྱབས་མགོན་ཡིན་པས། ཡོངས་གྲགས་ཆགས་ཟིན་པའི་གནས་ཚུལ་ཞིག་ལ་དགག་བྱའི་གསལ་བསྒྲགས་སྤེལ་ན། གཞིས་བྱེས་བོད་མི་རྣམས་སྨོས་ཅི། ཕྱི་རྒྱལ་བས་ཀྱང་ངོས་ལེན་བྱེད་ཀྱི་མ་རེད། ཅེས་ལན་འདེབས་གནང་། དེར་ཁོ་པ་གཉིས་ནས་ཁྱེད་རང་གིས་གནད་དོན་དེ་ཞལ་བཞེས་མ་གནང་ཚེ། བོད་དུ་ཕེབས་ཐབས་བྲལ་བས་མུ་མཐུད་དགོངས་བཞེས་གནང་དགོས། ཞེས་ཞུས་ཀྱང་བྱ་བྲལ་རིན་པོ་ཆེས་སེམས་ཐག་གཙང་བཅད་ཀྱིས་བདེན་དོན་མཐའ་སྐྱོང་གནང་བར་བརྟེན། རྒྱ་གཞུང་གིས་འཛིན་བཟུང་བྱས།
དེ་རྗེས་རྒྱ་ནག་དབུས་གཞུང་གིས་ཡང་སྲིད་རྩད་གཅོད་ཚོགས་ཆུང་བཅོས་སྒྲིག་སོགས་ཀྱི་ཆེད། པེ་ཅིང་དུ་ཛ་དྲག་གི་བོད་ཀྱི་མཐོ་རིམ་བླ་སྤྲུལ་ཡོངས་ཀྱི་ཚོགས་འདུ་ཞིག་བསྐོངས་པའི་ཐོག་སྲིད་འཛིན་ཅང་ཙེ་མིན་གྱིས། ཁྱོད་ཚོས་རྒྱལ་ཁབ་དང་མི་མང་གིས་གཟིགས་མཐོང་དང་རེ་བ་ཆུད་ཟོས་ཀྱིས་དྲིན་ལན་ལོག་འཇལ་བྱེད་མཁན་མི་ངན་བྱ་བྲལ་གྱི་རྗེས་སུ་འབྲང་རྒྱུ་མེད། ཅེས་སོགས་ཀྱི་གཏམ་བཤད་སྤེལ་ཡོད། བྱ་བྲལ་རིན་པོ་ཆེ་འཛིན་བཟུང་བྱས་པ་དེས་བོད་ནང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཏེ། ཐ་ན་རྒྱུན་དུ་རྒྱལ་གཅེས་སུ་མིང་བཏགས་པའི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ཐོག་ཀྱང་། ཚོགས་མི་མང་ཆེ་བས་བྱ་བྲལ་རིན་པོ་ཆེའི་མཛད་ཕྱོགས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་པོར་བཏོན་པ་དང་། གྲགས་ཅན་གྱི་རྒྱལ་གཅེས་པར་གྲགས་པའི་མི་སྣ་ལྷ་སྨོན་བསོད་ནམས་ལྷུན་གྲུབ་སོགས་ཚོགས་མི་འགའ་ཞིག་གིས་དངོས་སུ་བྱ་བྲལ་རིན་པོ་ཆེའི་དགོངས་བཞེད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ།
དེར་བརྟེན། རྒྱ་གཞུང་སྐབས་ཅིག་རིང་བྱ་དཀའ་བྱེད་གཏད་དུ་གྱུར་ཏེ། བོད་ལྗོངས་ཆབ་སྲིད་གྲོས་ཚོགས་ཐེངས་བཅུ་གཅིག་པའི་རྒྱུན་ལས་ཚོགས་འདུའི་ཐོག་གི་གཏམ་བཤད་ནང་། ཆབ་སྲིད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མ་འོངས་པར་རྒྱལ་གཅེས་རིང་ལུགས་པའི་མིང་དོན་དང་མཚུངས་པའི་ལས་ཀ་ཞིག་ངེས་པར་བྱེད་དགོས་ཀྱི་རེད། ད་ལྟའི་འགག་རྩའི་དུས་སྐབས་འདིར་མི་ཚང་མའི་ངོས་ནས་སོ་སོ་རང་ཉིད་གུང་ཁྲན་ཏང་གི་ལངས་ཕྱོགས་སུ་ལངས་ཀྱི་ཡོད་དམ། ཡང་ན་ཏཱ་ལའི་བླ་མའི་ཕྱོགས་སུ་ལངས་ཀྱི་ཡོད་མིན་དེ་གསལ་པོར་མཚོན་ཐུབ་པ་དགོས། ཞེས་སོགས་བཙན་གཤེད་དང་རྣོ་ངར་ཆེ་བའི་གཏམ་བཤད་སྤེལ་ཡོད་པ་དང་། སྐབས་དེའི་སྣང་ཚུལ་མི་སྣ་ཞིག་གིས་བརྗོད་དོན། ཚོགས་འདུའི་ཐོག་སྤེལ་བའི་གཏམ་བཤད་ཀྱི་ནང་དོན་དང་། ཚིག་སྦྱོར་སོགས་ལ་བལྟས་ན་དེ་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་དམར་སྲུང་དམག་གི་དགག་པའི་ཡིག་ཆེན་ཚགས་པར་ལྟ་བུ་འདུག་པ། དེ་དག་ནི་འདས་པའི་ལོ་ངོ་བཅུ་ཕྲག་ནང་མཐོང་དཀའ་བ་ཞིག་རེད། ཅེས་གསུངས་འདུག་པ་ལྟར། ང་ཚོས་དབྱེ་ཞིབ་མཛད་ན་རང་ཉིད་བློས་གཏོང་བའི་བྱ་བྲལ་རིན་པོ་ཆེའི་རླབས་ཆེན་གྱི་མཛད་པ་དེས་དུས་དེ་ནས་བཟུང་། བོད་ཀྱི་གནས་སྟངས་དུམ་མཚམས་གསར་པ་ཞིག་གི་ངོ་བོར་འཕོས་ཏེ། ལྡོག་ཕྱོགས་ནས་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་སོགས་ཀྱི་སྲིད་ཇུས་ཀྱང་ལག་བསྟར་བྱས།
བྱ་བྲལ་རིན་པོ་ཆེའི་སྐོར་ད་བར་ང་ཚོས་ཐོས་པར་གཞིགས་ན། འཛིན་བཟུང་བྱས་པའི་རྗེས་ཀྱི་དུས་ཡུན་གང་འཚམས་ནས་རིག་གསར་སྐབས་མའོ་ཁ་གཏད་དུ་ལངས་པའི་རྒྱ་ནག་གི་གྲགས་ཅན་བཙོན་པ་ཞིག་བཅུག་ཡུལ། སྐད་གྲགས་ཅན་གྱི་གྲུང་ཆིང་བཙོན་ཁང་ཨང་གསུམ་པ་ཞེས་པའི་ནང་། རིན་པོ་ཆེས་ཟས་བཅད་ངོ་རྒོལ་གནང་གི་ཡོད་པ་དང་། རྒྱ་གཞུང་གིས་བྱ་བྲལ་རིན་པོ་ཆེའི་བློ་འགུག་ཐབས་སྣ་ཚོགས་བྱས་ཏེ་དུས་ཡུན་རིང་པོར་ཁྲིམས་ཐག་བཅད་ཐུབ་མེད་ཚུལ། སྤྱི་ལོ་ ༢༠༠༤ ལོ་མཇུག་ལྷ་ས་གྲོང་ཁྱེར་བོད་ལྗོངས་དམག་ཁུལ་ཁང་ཞེས་པའི་ནང་བཀག་ཉར་བྱས་ཡོད་པ། སྤྱི་ལོ་ ༢༠༠༧ ལོར་པེ་ཅིང་གི་ཉེ་འགྲམ་ཞིག་ཏུ་བཀག་ཉར་འོག་གནས་ཡོད་པ། སྔ་ལོ་སྐུ་འདས་ཟིན་པའི་གནས་ཚུལ་ཞིག་བཅས་ཐོན་ཡོད་རུང་། ཡང་སྙིང་ཁོང་འཆི་གསོན་གང་ཡིན་དང་། གསོན་པོར་བཞུགས་ཡོད་ཚེ་གང་དུ་བཞུགས་དང་། དེའི་དཔང་རྟགས་གང་ཞིག་ཡོད་དམ། ཞེས་པའི་དྲི་བ་འདིར་ལན་འདེབས་ཤིག་མ་བྱུང་བར། བོད་མིའི་སྒྲིག་འཛུགས་དང་ཚོགས་པ་རྣམས་ཀྱིས་ཟླ་བ་འདི་ནས་འགོ་བཙུགས་ཏེ་ལས་འགུལ་སྤེལ་དགོས་པ་ནི། ཕྱིས་དྲགས་པའི་གནད་དོན་ཞིག་ལས་སྔ་དྲགས་པའི་སྐྱོན་གནད་ཅིག་ཏུ་འགྱུར་མེད་དོ།
འདི་ལྟ་བུའི་མཛད་རྗེས་ཅན་གྱི་མི་སྣ་ངོ་སྤྲད་ཀྱང་ངོ་མི་འཕྲོད་མི་རིགས་འདིས་ད་དུང་མི་རབས་མང་པོར་མྱངས་དགོས་རྒྱུ་རེད། དེ་ནས་རྩ་ཡལ་དུ་འགྲོ་གི་རེད།
དེང་གི་རྩོམ་འབྲི་བ་དང་ཀློག་པ་པོ་དག་ནི་འ་འུར་ཅན་གྱི་རྩོམ་འཆལ་བོ་དག་ལ་མཆན་བུ་ཐན་ཐུན་རེ་འགོད་པ་ལས། འདི་དང་འདི་ལྟ་བུའི་ལེགས་རྩོམ་རིགས་ནི་ཀློག་མཁན་མེད་ཅིང་མཆན་བུ་འདེབས་མཁན་ནི་དེ་བས་མི་འདུག
ང་ཚོའི་བོད་ཡིག་དྲ་ངོས་ཀྱི་བསམ་ཚུལ་མང་ཤོས་ཀྱི་རྩོམ་ཡིག་དག་ལ་གཟིགས་དང་། ཀློག་མཁན་བསལ་ཚུལ་ཤོད་མཁན། བགྲོ་གླེང་བྱེད་མཁན་ག་ཙམ་འདུག རྩོམ་ཡིག་འདི་ལྟ་བུ་ཀློག་མཁན་དང་བསམ་ཚུལ་འབྲི་མཁན་གཅིག་ཀྱང་མི་འདུག་པ་སྐྱོ་ཨང་།
ངས་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཇལ་བའི་མཐའ་མ་དེ། ༡༩༩༣ ཟླ་་༥ ནང་རེད། ང་གཟིམ་ཤག་ཏུ་བཅར་བ་ཡིན་དེ་དུས་ཁོང་ཐབ་ཚང་ནང་མོག་མོག་བཟོས་ནས་འདུག ཁོང་ང་ཚོའི་ལུང་པའི་བླ་མ་ཡིན་པས་ཡུལ་མི་ཚང་མས་མཇལ་ཁར་བཅར་གྱི་རེད། ནམ་རྒྱུན་ནས་ཐུགས་ཆུང་ལ་གྲ྄་པ་སྐྱུས་མ་བཞིན་བཞུགས་པ་ལས་རྫིག་པོ་གནང་མཁན་དེ་འདྲ་མ་རེད། མ་ཟད་ཁོང་རང་གཟིམ་ཁང་འབྲོག་པ་ཡིན་པ་དང་། གཅེན་པོར་བུ་ཕྲུག་མང་བས་ཤིན་ཏུ་སྐྱོ་བོ་ཡོད་ཀྱང་གཟིགས་རྟོགས་གང་ཡང་གནང་མེད།
གཅན་བཟོད་རྒྱམ་ལགས། སྐྱོ་དགོས་དོན་ཡོད་ནི་མ་རེད།
སྤྱིར་སེང་རྡོར་གྱི་སྙན་ངག་དག་ཀློག་སྤྲོ་བོ་འདུག ཡིན་ནའང་འདིར་འཛོམས་པའི་དཔྱད་མཆན་པ་དག་གནས་སྟངས་རེའི་ཁྲོད་ངང་གིས་སེམས་འཚུབ་ནས་འཚང་ཡོང་མཁན་དག་རེད།། སྙག་ངག་གི་མཛེས་སྡུག་ཁྲོད་བག་ལ་ཉལ་མཁན་དག་མ་རེད། དེ་ན་རང་ཉིད་རྩོམ་རིག་གི་མཛེས་དཔྱོད་ཁྲོད་སྟིམས་རྒྱུ་ཡིན་ནམ། རང་ཉིད་ཀྱི་འཚོ་གནས་དང་བསྟུན་པའི་སྐབས་དོན་གླེང་ན་ཡག་གི་རེད་དམ།
མ་གཞི་ནས་ཅི་ཞིག་ཀློག་ན་ད་གཟོད་རྩོམ་ཡིག་ཡག་པོ་ཀློག་སོང་ལབ་ན་འགྲིག་གི་རེད། འདི་ཙམ་གྱིས།
གཅན་བཟོད་རྒྱམ་འབོད་པ་ལ་དགོངས་དག་ཞུ། བདག་གི་དབང་རྩ་ལྷོད་ནས་རྗེས་འདེད་གཏོང་ཡུལ་ནོར་འདུག་པས་མ་ཟད། རྩོམ་གཞན་ཀློག་རྗེས་མཆན་འདེབས་དུས་རྩོམ་བྱང་གཞན་གྱི་སྟེང་ལག་སྡེབས་ཤོར་ནས་མཆན་བཏབས་འདུག་ན། དགོངས་སེལ་ཡོང་བ་ཞུ་ཞུ།
བླ་མ་ཁོང་ལྟ་བུ་དཀོན་པོ་རེད་ཁོང་ལ་བློ་སྟོབས་ཡོད་པ་ཡིན་ནས་ད་གང་དྲག །
སྐྱབས་རྗེ་བྱ་བྲལ་བྱམས་པ་འཕྲིན་ལས་མཆོག་བཙོན་འཇུག་མ་བྱས་གོང་ལ་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཞུགས་འཐུས་མི་དང་།བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན།བོད་ལྗོངས་སྲིད་གྲོས་ཀྲུའུ་གཞི།གཞིས་རྩེ་སྲིད་གྲོས་ཀྱི་ཀྲུའུ་གཞི།གཞིས་རྩེ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།བཀྲས་ལྷུན་དགོན་པའི་གཙོ་འཛིན་དང་།བོད་གངས་རྒྱན་དར་སྤེལ་སྤྱི་ཁྱབ་དོན་གཉེར་ཁང་གི་སྤྱི་ཁྱབ་པ་བཅས་ཀྱི་མཚན་གནས་ཡོད་པ་མ་ཟད།རྒྱ་གཞུང་གིས་ཀྱང་ཁོང་ལ་ཆེ་མཐོང་ཡོད་མདོག་གི་ཁོང་བསླུ་ཐབས་སུ་བོད་ནང་འགོ་ཁྲིད་སུ་གང་ལ་མེད་པའི་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་རིན་ཐང་ལྡན་པའི་རླངས་འཁོར་དང་།རྒྱས་བསྐྲུན་ལྡན་པའི་བཞུགས་ཁང་།མ་བྱན།སྐུ་སྲུང་བ་བཅས་ཀྱི་ཐོབ་ཐང་ཆེན་པོ་ཕུལ་ཡང་།རིན་པོ་ཆེ་མཆོག་གིས་དེ་དག་ཚང་མར་རྩ་རྩེའི་ཟིལ་པའམ་སྲང་མདོའི་གད་སྙིགས་བཞིན་སྣང་མེད་དུ་སྐྱུར་ནས།༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུས་པའི་བརྒྱུད་རིམ་ནང་ཡོངས་སུ་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གི་ཐུགས་དགོངས་བཞིན་བསྒྲུབས་ནས།ཡང་སྲིད་ངོས་འཛིན་གྱི་ལས་བསྡོམས་རྫུན་མ་རྣམས་རྒྱ་གཞུང་ལ་སྤྲད་པ་དང་།༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཡང་སྲིད་ངོས་འཛིན་ཞུས་པའི་བརྒྱུད་རིམ་གནས་ཚུལ་ངོ་མ་རྣམས་དུས་ནས་དུས་སུ་འབུལ་གྱི་ཡོད།
མདོར་ན་ཁོང་ནི་བོད་ཀྱི་ལོ་རྒྱུས་ནང་བདག་པས་གཞན་གཅེས་པར་འཛིན་མཁན་གྱི་ངོ་གནོང་མི་དགོས་པའི་མཐོ་རིམ་བླ་སྤྲུལ་ཞིག་དང་།བོད་གཞུང་དང་།༧གོང་ས་མཆོག་༧པཎ་ཆེན་རིན་པ་ཆེ།བོད་མི་མང་བཅས་ལ་བློ་སྙིང་བྲང་གསུམ་བསྟན་མཁན་རླབས་ཆེན་གྱི་རྒྱས་གཅེས་པ་ཞིག་རེད།
བློ་བཟང་བཀྲིས་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལྟ་བར་གཞུང་འབྲེལ་གང་གི་ཐོག་ནས་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་བྱ་བྲ་རིན་པོ་ཆེའི་སྐོར་ལ་གང་ཡང་སྤེལ་མ་སོང་། བློ་ཕམ་ཅུང་བྱུང་སོང།
ཡིན་ནའང་ཁྱེད་ཀྱི་རིན་པོ་ཆེའི་སྐོར་ལ་རྩོམ་ཡིག་སྤུས་ལེགས་འདི་འདྲ་སྤེལ་བར་ཧ་ཅང་གི་དགའ་བོ་བྱུང་སོང།
རླབས་ཆེན་གྱི་མི་སྣ་རིན་པོ་ཆེ་ཁོང་བྱས་རྗེས་ཤེས་ནས་ཁོང་གི་སྐོར་རྩོམ་ཡིག་སྤེལ་བར་གུས་པས་སྙིང་ནས་ཐུགས་རྗེ་ཆེ་ཞེས་བློ་བཟང་བཀྲ་ཤིས་ལགས་སུ་ཞུ་རྒྱུ་ཡིན། འོན་ཀྱང་ཁོང་གུང་བྲན་གྱིས་བཙོན་དུ་བཅུག་རྗེས་ཕན་ནུས་མེད་པས་ཁོང་བཀྲོང་ཀྱང་བཀྲོང་ག་རེ་བྱས་ཀྱང་ང་ཚོར་ཁྱད་པར་མིན་འདུག་ན་མ་འོང་པར་རྩོམ་བྲིས་མ་བྲིས་དགོངས་བསམ་ཞེས་རོགས་ཞུ་རྒྱུ་ཡིན།།
ནོར་བཅོས་(ཁོང་གི་)