ཟླ་སྨུག་པོ།
—ཡུལ་མགོ་ལོག་ནས་ཡོང་བའི་གཏེར་རྫུན་དང་དེ་ལ་དད་པའི་ཕ་ཡུལ་གྱི་མི་དག་ལ་སྤྲིངས་པ།
སྐྱིད་སྡུག་གི་ཨ་ལོང་གཅིག་ཏུ་དྲངས་པའི་གངས་རིའི་ལྗོངས་ཀྱི་ཕ་ཡུལ་གྱི་སྤུན་ཟླ་རྣམས་སྐུ་ཁམས་བཟང་། ཁྱེད་རྣམས་ཀྱི་སྐུ་ལུས་གསལ་ཐང་ཡིན་པ་གོ་བས་གུས་པ་དགའ་ཚོར་རབ་ཏུ་ཆེ། མ་ཟད་ཁྱེད་ཅག་གིས་གོས་ལྭ་སེར་པོ་ཅན་ཞིག་གི་མདུན་ན་ཐང་སྒར་མར་ཆོས་སྤྱད་དཀའ་སྤྱད་ཀྱི་འབད་པ་ལྷུར་ལེན་གནང་འདུག་པ་མཐོང་བ་དང་ཁྱེད་རྣམས་སྔར་བཞིན་བདེ་གནས་ཡིན་པ་ཤེས་པས་གུས་པ་ལྷག་ཏུ་དགའ། འདི་ནས་གུས་ཀྱང་སེམས་ཁམས་སྔར་དང་ཅུང་མི་འདྲ་བ་ཙམ་ལས་ལུས་ཁམས་སྔར་བཞིན་བདེ་གནས་ཡིན་པས། གུས་ཕྱོགས་སུ་སེམས་ཁྲལ་གཏན་ནས་མཛད་མི་དགོས་ལགས།
སྐབས་དོན་ཞུ་སྙིང་།
ཉིན་འགའི་སྔོན་འུ་ཅིག་གི་ཕ་ཡུལ་དུ་གཏེར་སྟོན་གོས་ལྭ་སེར་པོ་ཅན་ཞིག་ “གཏེར་ཆེན་པོ་གཡུའི་བུམ་པ” ལྟ་བུ་ཞིག་ལེན་དུ་འོངས་འདུག་གསུངས་སོང་ལ། མ་དགོོན་གྱི་མཁན་ལས་གང་མང་དང་དཔྱོད་ལྡན་དུ་བརྩི་བའི་རིག་གནས་པའི་དཔུང་ཁག་ཅིག་ཀྱང་ཁོང་ཕེབས་བསུར་བཅར་འདུག་པར་ཐོས་པས། དགའ་ཚོར་ཆེན་པོས་ཉིན་ཞག་མཛུབ་མོར་བགྲང་སྟེ་བླ་ན་མེད་པའི་གཏེར་རྫས་མཇལ་བཅར་ལ་རྒྱང་རིང་ནས་སྨོན་ལམ་བཏབ་བསྡད་པ་ཡིན། ཡིན་ན་ཡང་དེ་རིང་སྤྱི་དྲོ་སྐད་འཕྲིན་གྱི་བར་གསེང་དག་ན་བརྙན་ཐུང་ཞིག་ཡར་མར་བྲེལ་འཚུབ་ཀྱིས་གཏོང་བཞིན་འདུག་ལ། “གཏེར་རྫུན” དང་ “བསྟན་དགྲ”ཞེས་ཡིག་ངག་གཉིས་ཀྱི་བཀའ་བཀྱོན་ཆར་བ་འབབ་འབབ་བྱེད་ཀྱི་འདུག དེ་ནི་ཁ་རྩང་འུ་རུ་ནང་ཕེབས་པའི་ལྭ་བ་སེར་པོ་ཅན་དང་། སྐྲ་ལོ་རིང་པོ་ཅན་གྱི་གཏེར་སྟོན་དུ་སྙད་པའི་མི་རྒན་དེའི་སྐོར་རེད་ཤག
དྲང་མོ་གསུང་དང་། མ་གཞི་མི་རྒན་དེ་ཡོང་དོན་ཅི་རེད། མི་རྒན་དེའི་སྐེད་རླིག་མཚམས་ཀྱི་ཆུ་རྡོ་སྔོ་ཡིག་དེ་ཅི་རེད། ཅི་ཞིག་གི་སླད་དུ་ཆུ་རྡོ་དེ་རྐེད་པར་བཀྲིས་ཏེ་ཁ་བཏགས་སྣ་ཚོགས་ཀྱིས་གཡོལ་ཐབས་བྱས་པ་རེད། གལ་སྲིད་ཕ་ཡུལ་མི་མང་གི་ལམ་བུ་ལ་སེམས་ཁྲལ་དང་། སངས་རྒྱས་བསྟན་པའི་མདུན་ལམ་ལ་ཐུགས་ཁུར་ཡོད་མཁན་ཞིག་ཡིན་ན། གནད་དོན་འདི་ཕྱི་གསལ་ནང་གསལ་དང་། ཁྲམ་པ་ལངས་ཤོར་པ་དེ་གཏན་དུ་འགྲེང་ས་མེད་པ་ཞིག་ཅིས་ཀྱང་བཟོ་དགོས་པ་མ་ཟད། ཉམ་ཆུང་དད་ལྡན་མང་ཚོགས་ཀྱི་ཕྱག་ནས་གཡོ་འཕྲུལ་གྱིས་བླངས་པའི་དངུལ་རྣམས་ཕྱིར་སློག་ཞུ་དགོས། དེ་ལས་ཀྱང་མི་ཚད་དེ་མི་རྒན་དེས་བསྟན་པའི་རྐང་འདྲེན་རྫབ་ཆེན་བྱས་སྟབས། སངས་རྒྱས་པ་ཡོངས་ལ་ལྷ་དགོངས་དྭངས་གསལ་ཡོང་བའི་འགྱོད་ཕྱག་དང་། འུ་ཅག་གི་ཡུལ་དགོན་གཉིས་ལ་ཅི་བྱས་ཆོག་ཆོག་གི་ཧམ་སེམས་ཆེན་པོ་བཅངས་པས་ཉེས་ཅན་པ་དེར་ཆད་པ་ནན་མོ་གཅོད་དགོས།
གནད་དོན་འདི་བོད་བྱིངས་ཀྱི་གནས་བབ་ལ་འབྲེལ་བ་ཆགས་ཡོད་པ་མ་ཟད། ངེས་དོན་གྱི་གཏེར་བདག་ཆེན་མོ་རྣམས་ཀྱི་མཛད་སྤྱོད་དང་ཡང་འབྲེལ་བ་ཆགས་ཡོད་པས། ཇི་སྲིད་གནས་ཚུལ་འདི་གསལ་གསལ་ཏིག་ཏིག་ཅིག་མ་བཟོས་པ་དེ་སྲིད་དུ། ངེས་པ་དོན་གྱི་གཏེར་སྟོན་ཆེན་མོ་རྣམས་ལ་ལོག་ལྟ་སྐུར་འདེབས་ཀྱི་རྒྱུ་རུ་འགྲོ་ཉེན་བདོག་པས། འདི་གའི་འབྲེལ་ཡོད་ལས་གནས་པ་རྣམས་ཀྱིས་འཛམ་གླིང་མི་མང་གི་མདུན་ནས་ཤ་སྨེན་ལོགས་སུ་ཅིས་ཀྱང་མཛད་བཞེས་གནང་དགོས། འདི་ནི་གཡག་རྒན་ཞིག་བརྐུས་ཏེ་དགེ་བཅུའི་ཁྲིམས་དང་འགལ་བའི་ཉེས་པ་དང་བསྡུར་ས་གཏན་ནས་མེད་སྟེ། གཡག་རྒན་གཅིག་གི་ཉེས་པ་ཙམ་ལས་འཁྲུལ་གཞི་རྫབ་ཆེན་དེ་འདྲ་ཞིག་བཟོ་དོགས་མི་དགོས་པས་ཡིན། ད་དུང་བཤད་མ་ཚར་བའི་སྐད་ཆ་མང་པོ་ཞིག་མགྲིན་པ་ནས་འཚང་ཁ་ཤིག་སེ་ཡོད་མོད། གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་ཏེ་ཡང་སྙིང་འདི་ནས་མཇུག་སྒྲིལ་བར་བྱས།
མཐའ་དོན་ཞུ་སྙིང་།
བརྒྱུད་རིམ་འདིའི་ཁྲོད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དགོས་ས་གཅིག་ཡོད། དེ་ནི་བརྙན་ཐུང་འདི་སྒྲ་དག་སྒྲོས་གཙང་ཞིག་བླངས་ཏེ་ལྷག་བསམ་ཆེན་པོས་གང་སར་འགྲེམས་སྤེལ་གནང་མཁན་ཁོང་རེད། མ་གཞི་བལྟས་ཚོད་ལ་སྐབས་དེར་བརྙན་ལེན་པ་༼ཁ་པར་དཔར་ཆས་ཅན༽ ཧ་ཅང་མང་པོ་འདུག་མོད། ཁོང་ལྟ་བུའི་ལྷག་བསམ་གྱི་སྤྱང་གྲུང་ལྡན་པའི་མི་ཞིག་ཕལ་ཆེར་སྐབས་དེར་མེད་པ་འདྲ། གལ་སྲིད་ཁོང་གིས་བརྙན་ཐུང་འདི་བླངས་མེད་ཚེ་ཁྲམ་པ་དེ་ཞེ་བློ་ཚིམ་པ་ཞིག་བྱུང་ཡོད་ཤག་རེད་ལ། དད་ལྡན་མང་ཚོགས་ཀྱི་མགོ་བོ་ཡང་བསྐྱར་ཐེངས་གཅིག་རྨོངས་བཅུག་ཡོད་ཤག་རེད། དེ་འདྲ་སོང་ཙང་བརྙན་ལེན་པ་ཁོང་ལ་བསྐྱར་དུ་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་སྙིང་སྤྲོ་སོང་།།
སྤྱི་ལོ་༢༠༡༦ ཟླ་༤ ཚེས་༡༤ དགོང་མོར་བྲིས།
་་་་་་་་་་མི་རྒན་དེས་བསྟན་པའི་རྐང་འདྲེན་རྫབ་ཆེན་བྱས་སྟབས། སངས་རྒྱས་པ་ཡོངས་ལ་ལྷ་དགོངས་དྭངས་གསལ་ཡོང་བའི་འགྱོད་ཕྱག་དང་། འུ་ཅག་གི་ཡུལ་དགོན་གཉིས་ལ་ཅི་བྱས་ཆོག་ཆོག་གི་ཧམ་སེམས་ཆེན་པོ་བཅངས་པས་ཉེས་ཅན་པ་དེར་ཆད་པ་ནན་མོ་གཅོད་དགོས་་་་་་་་་་་
རྙན་ཐུང་དེ་བལྟ་རྒྱུ་ཞིག་བྱུང་ན།
རྩོམ་ཡིག་གི་ཁ་བྱང་འདི་ཧ་ཅང་རྫིག་པོ་ཞིག་བཏགས་འདུག(རླིག་རྩའི་གཏེར་རྡོ་དང་དད་པ་ཞ་ར) ཧཧཧ
རྒྱ་རྐུན་དམར་པོས་གཏེར་ཁ་ས་གཏིང་་ནས་བླངས་ཏེ།།
སྣོད་ཀྱི་འཇིག་རྟེན་ནོར་མེད་ཁོག་སྟོངས་རྒྱ་ཡིས་བཟོས།།
བོད་རྐུན་སེར་བོས་གཏེར་རྡོ་ཁུག་མ་ནས་བླངས་ཏེ།།
རྨོངས་དད་ཅན་ཚོའི་ཁུག་མ་སྟོངས་པ་རང་གིས་བཟོས།།
ཅ་དངོས་རྫུན་མ་ཙི་ནའི་ཡུལ་ནས་དར།།
གཏེར་བཏོན་རྫུན་མ་གངས་རིའི་ཡུལ་ནས་དར།།
དཔོན་པོ་རྫུན་མ་ཙི་ནའི་ཡུལ་ནས་དར།།
སྤྲུལ་སྐུ་རྫུན་མ་གངས་རིའི་ཡུལ་ནས་དར།།
ཟ་འཐུང་རྫུན་མ་ཙི་ནའི་ཡུལ་ནས་དར།།
གྲྭ་བཙུན་རྫུན་མ་གངས་རིའི་ཡུལ་ནས་དར།།
དཔོན་པོ་རྐུན་མ་ཙི་ནའི་ཡུལ་ནས་དར།།
སྤྲུལ་རྫུན་རྐུན་མ་གངས་རིའི་ཡུལ་ནས་དར།།
མི་ཡིས་མི་རྐུན་ཙི་ནའི་ཡུལ་ནས་དར།།
གཡག་རྐུན་རྟ་རྐུན་གངས་རིའི་ཡུལ་ནས་དར།།
མི་ཡི་ནང་ཁྲོལ་ཚོང་པ་ཙི་ནའི་ཡུལ་ནས་དར།།
གཡག་ལུག་ནང་ཁྲོལ་ཚོང་པ་གངས་རིའི་ཡུལ་ནས་དར།།
ཁྱི་ཤ་ཟ་མཁན་ཙི་ནའི་ཡུལ་ནས་དར།།
གཡག་ཤ་ཟ་མཁན་གངས་རིའི་ཡུལ་ནས་དར།།
མི་ཤ་ཟ་མཁན་ཙི་ནའི་ཡུལ་ནས་དར།།
ལུག་ཤ་ཟ་མཁན་གངས་རིའི་ཡུལ་ནས་དར།།
འབྲས་སྐྱ་ཟ་མཁན་ཙི་ནའི་ཡུལ་ནས་དར།།
རྩམ་སྐྱ་ཟ་མཁན་གངས་རིའི་ཡུལ་ནས་དར།།
ཕག་འོ་འཐུང་མཁན་ཙི་ནའི་ཡུལ་ནས་དར།།
འབྲི་འོ་འཐུང་མཁན་གངས་རིའི་ཡུལ་ནས་དར།།
རྫུན་གྱི་གོང་བུ་སྒྲིགས་པའི་རྒྱལ་ཁམས་སུ།།
གཅིག་གིས་མགོ་བོ་གཅིག་གིས་སྐོར་ཞོར་དུ།།
རྫུན་རྐུན་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས།།
གཅིག་ལས་གཅིག་མགྱོགས་བཙོན་ཁང་ཕྱོགས་སུ་རྒྱུགས།།
གཏེར་བཏོན་ངོ་མ་ནི་རྒྱ་མི་དེ་ཚོ་རེད། དེ་ཚོས། གསེར་དངུལ་ཟངས་ལྕགས་འབོར་ཆེན་བཏོན་ནས། རང་ཡུལ་འོད་ཀྱིས་བརྒྱངས། གཞན་ཡུལ་ཐལ་བས་གྲིབས་ཟེར་བ་བཞིན་རང་སྐྱིད་གཞན་སྨོན་རེད། རྒྱ་དེ་ཚོ་ངོ་མ་ཕ་བཟང་གི་བུ་རེད།
ང་ཚོ་བོད་པ་ཚོ་ས་ནས་རྡོ་རྐང་གཅིག་བཏོན་ནས་དེ་རྩ་ཆེན་ཡིན་ཟེར། བོད་མི་ལྐུགས་པ་ཚོ་དེར་ཡིད་དབང་ཤོར་སྟངས་དེར་ལྟ་སྐབས། ངོ་མ་ང་ཚོ་མི་རིགས་རྗེས་ལུད་པ་ཞིག་ཡིན་པ་གསལ་པོ་ཆགས་སོང་།
དེ་བས་ཐབས་སྐྱོ་བ་ཞིག་ལ། ས་ནས་རྡོ་མ་རྙེད་པར། ཁུག་མའི་ནང་ལ་རྡོ་རྐང་གཅིག་ཁྱེར་ནས། དེ་ནས་འདོན་ཁུལ་བྱེད་དགོས་པའི་དུས་ཚོད་ཤར་བ་འདི་ལ་ངོ་ཤོར་དགོས་པ་རེད། དེ་ལ་མི་དམངས་ཀྱིས་དད་པ་སྐྱེས་པ་འདིར་སེམས་ཤུགས་ཆགས་སོང་།
དལ་འབྱོར་མི་ལུས་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད།
མདོ་སྨད་མགོ་ལོག་ལ་བསྟན་བཤིག་མང་པོ་འདུག ཞབས་འདྲེན་རེད།
དགེ་རྒན་བཀའ་དྲིན་ཁོང་འདིར་འདུག https://www.youtube.com/watch?v=_UFb0r9_64I སྔོན་མ་བོད་ཡུལ་དུ་བོད་མི་མགོ་བསྐོར་གཏོང་མཁན་འདི་འདྲ་ག་ཚོད་ཅིག་གདན་འདྲེན་ཞུས་སམ། །