ཨ་དམར་པོ།
གནམ་གྱི་བླ་སྲོག་བཙན་པོ་གཉའ་སྟེགས་ནས་བྱོན་ཏེ།།
ཚོ་དྲུག་འགྲོ་བའི་ནམ་མཁའ་འོད་ཟེར་ཀྱིས་ཁྱབ་པའི།།
སྤྲིན་དཀར་བང་རིམ་བརྟོལ་བའི་བླ་མཁར་གྱི་མཛེས་སྡུག།།
འདས་དོན་རྗེས་དྲན་ཤིག་གི་དྲན་ཤིང་ལས་ཡལ་བ།།
བྲག་དཀར་མགོན་པོའི་གནས་རི་སྤྲེལ་སྲིན་གྱི་ཁྱིམ་གཞིས།།
ལྕགས་རི་རིང་མོའི་མཁར་རྫོང་དམར་པོ་ཡི་ཕོ་བྲང་།།
ཐ་དད་མཚན་མ་བརླག་པའི་ཕྱོགས་བྲལ་གྱི་འདུ་ཤེས།།
ལུགས་མེད་རླུང་བུ་ལྡོམ་པོའི་རྒྱུ་ཕྱོགས་ལ་འཁྱུད་པ།།
དབྱངས་གསལ་སོ་བཞིའི་གྲེ་འགྱུར་གངས་སེང་གི་ངར་སྐད།།
གོ་ལའི་དབྱངས་རྟར་བསྔགས་པའི་སྐྲ་སེར་གྱི་གླུ་སྐད།།
རང་མདངས་རུས་ལས་ཤོར་བའི་རྟགས་མེད་ཀྱི་ང་རོ།།
རི་རྩེ་དར་ལྕོག་གཡབ་མོའི་རང་གཤིས་ལ་འཁུ་བ།།
ནང་སེམས་སྤྱོད་པའི་བཟོ་བཀོད་སངས་རྒྱས་ཀྱི་བཀའ་དགོངས།།
ཆོས་བརྒྱད་སྣང་བའི་བཅའ་ཁྲིམས་འཇིག་རྟེན་གྱི་གནས་ལུགས།།
ལྟ་བའི་བླ་སྲོག་ཞན་པའི་འཆར་ཡན་གྱི་སྤྱོད་པ།།
འཁྲབ་ཁྲིད་མཁན་པོ་རེ་ཡི་རྡོག་སྣེ་ན་བྲེལ་པ།།
དབུ་ལམ་ཟབ་མོའི་གདམས་ངག་ལྷ་ཆེན་གྱི་ལུང་བསྟན།།
རང་བཙན་གཙང་མའི་ཨུག་སྐད་གཞོན་ནུ་ཡི་ཁུ་ཚུར།།
དཀར་ནག་འདམ་ག་མེད་པའི་ཡིད་གཉིས་ཀྱི་བདག་པོ།།
ཇུས་འདོན་ཝ་མོ་རེ་ཡི་ཕྱག་འོག་ན་འདུར་བ།།
སྡང་དགྲའི་གཡུལ་གྱིས་བཅོམ་པའི་འཁོན་འཛིན་གྱི་སྤོབས་པ།།
རིགས་ཞེན་བརྩེ་བ་བསྲིངས་པའི་བདག་འཛིན་གྱི་ལ་རྒྱ།།
ཕུགས་རྒྱང་མདུན་ལྗོངས་དབེན་པའི་དམུས་ལོང་གི་འཕྱོན་མ།།
ལང་ག་མཁྲེགས་པོ་རེ་ཡི་རྩེ་མོ་ན་འཁུན་པ།།
རང་ཁྱིམ་གྲུ་བཞིའི་ཕུགས་ཀྱི་བདེན་པ་ཡི་ཨུ་ཚུགས།།
སྣ་བ་ཁ་རུ་འཐེན་པའི་བཙན་ཐབས་ཀྱི་འཕོ་བ།།
སྨིག་རྒྱུ་ཆུ་བོར་འཁྲུལ་བའི་ལྟར་སྣང་གི་ལྟ་བ།།
བྱེ་མའི་ཁང་བུ་ལྟ་བུའི་མཛེས་སྡུག་ལ་བརྐམ་པ།།
རྐུབ་ཤ་སྟེགས་ལ་འབྱར་བ་ཁྲེལ་གཞུང་གི་ངང་ཚུལ།།
ཁྱིམ་གཞིས་ནུབ་ལ་སྤོར་བ་ཁྲེལ་མེད་ཀྱི་ལུགས་སྲོལ།།
རྫུ་ཆོས་གདོང་ལ་བསྣམས་པའི་མཆུ་པགས་ཀྱི་གཏམ་རྒྱུད།།
སྨག་ནག་ལག་བསྙོབ་བྱེད་པའི་ངང་ཚུལ་ལ་དུང་བ།།
རིགས་ཀྱི་ཚེ་སྲོག་སྤོམ་པོ་དར་སྐུད་ལས་ཕྲ་བ།།
ཕུ་ནུའི་རེ་སྨོན་རྡོག་ཁྲེས་རི་རབ་ལས་ལྕི་བ།།
བཅད་ཤེས་བློ་ཁམས་དོར་བའི་བློ་རིག་གི་མཁན་པོ།།
སྒྲོ་ལོ་སྔོན་པོའི་སྒྱུ་མའི་བསླུ་བྲིད་ལ་འཐོམས་པ།།
རྙིང་ན་རྙིང་དུ་དྲགས་པའི་རྡོ་ཆས་ཀྱི་དོ་ཤལ།།
གསར་ན་གསར་དུ་རློམ་པའི་བ་གླང་གི་དགའ་མ།།
གནས་ལུགས་ཚད་མས་གཞལ་བའི་ལྟ་གྲུབ་ཀྱིས་སྟོང་ན།།
འཕུར་ལ་ཟིན་མཚམས་མེད་པ་རླུང་ཁ་ཡི་ཤིང་བལ།།
རེད་ཡ། ཚིག་གི་ཟིན་ཐབས་ལ་དོན་གྱི་བརྗིད་བརྣན་པས། ངས་དེ་ག་རང་ཤར་མར་ལན་གཅིག་བཀླག་དགོས་བྱུང་། བཀའ་དྲིན་ཆེ།
ཡོན་ཏན་ཞིག་བརྗོད་ཀྱིན་མེད་པ་འདྲ།
ངན་རྨེ་ཞིག་འབྲི་འི་ཡོད་པ་འདྲ།
འོར་ཀློག་ནི་ཐང་འགར་མ་བྱས་ན།
གོ་བ་ནི་ལོན་པ་དཀའ་ཙམ་འདུག།
སྙན་ངག་འདིའི་བརྗོད་བྱ་དང་རྗོད་བྱ་ཚིག་གང་ཐད་ནས་བཟང་གི
ཆོག་གི་་