ཁ་བའི་འབྲོག་མོ།
སེམས་ཀྱི་རི་མོ་དུང་དཀར་གཡས་འཁྱིལ་ཞིག།
འདྲིས་པའི་སེམས་པ་ཁ་དོག་དམར་པོར་བླུད།།
ཡིད་འོང་འཛུམ་ཆུང་སེམས་ཀྱི་དབུས་ནས་བཞད།།
དྲི་མེད་དྭངས་གཙང་ལྡན་པའི་མཛའ་གཅུགས་རྙེད།།
ཆུང་འདྲིས་བྱམས་པའི་སེམས་ཀྱི་འོད་གོར་དེས།།
ང་ལ་བརྩེ་བ་དམར་པོའི་རི་མོ་བྲིས།།
རི་མོའི་འདབ་མ་སྔོ་ཞིང་ལྗང་མདོག་ཅིག།
སིལ་འབྲུ་དམར་པོའི་གསེར་ཏོག་དེ་རུ་སྨིན།།
བརྩེ་བའི་བཞུར་རྒྱུན་ཞི་བདེའི་མཚོ་ལ་བསྲིང་།།
མིག་སེར་གློག་ཞགས་མཚོ་མོའི་ཀློང་ནས་འཁྱུག།
ང་ཡི་སྙིང་ལ་ཐོག་རྒོད་བཙན་པོས་བྲབས།།
ད་དུང་བསླུ་བ་མེད་པའི་འོད་དཀར་ཉིད།།
སྒྲོལ་མའི་ཞལ་གྱིས་གནང་བའི་དངོས་གྲུབ་ཅིག།
བརྩེ་བའི་ཨ་ལོང་མེ་ཏོག་ཕྲེང་བས་བརྒྱན།།
རླུང་བུ་བསིལ་བསིལ་ལྡང་བ་གདོང་ལ་བབ།།
དུངས་པའི་སྦྲང་ཆར་ཟིམ་ཟིམ་སེམས་ལ་བབ།།
དྲན་གདུང་ཆུ་མོ་གངས་རིའི་སྐེད་དུ་དཀྲིས།།
རི་བོའི་འདབས་ཀྱི་གཡུ་ལོ་འཚོས་པས་ན།།
ལྗོན་ཤིང་རྒྱ་རྫོང་ནགས་མའི་མཁར་ཞིག་གྲུབ།།
དེ་ཡི་འདབས་ན་ཙན་དན་དྲི་བསུང་འཐུལ།།
མིག་ལ་མཛེས་ཤིང་སེམས་སུ་བསིལ་བ་དེ།།
དུངས་པ་གསོན་ཞིང་འདབ་ལོ་རྒྱས་པ་ཉིད།།
རི་ཆུ་སྟོང་གིས་ཆོད་པའི་བར་ཐག་ན།།
ངལ་གསོ་ལན་གཅིག་སྟེར་བའི་ས་བོན་ཡོད།།
༠༦།༠༥།༢༠༡༣
ཡང་བསྐྱར་ཅིག་བལྟས་ཡིན་ཡག་གི་བསམ་བྱུང་།