བར་ཕུ་ཕུན་ཚོགས།
དུས་ཚོད་ཉི་མས་བསྐྱལ་བ་ན།།
ལུས་པོ་དྲོད་ལ་ཁ་ཡང་དྲོད།།
ལུས་དྲོད་མཁྲིས་པའི་ནད་ལ་འཇིགས།།
ཁ་དྲོད་རྙོག་གྲའི་གཏམ་ལ་འཇིགས།།
ཉི་མ་རིང་བའི་མཚན་མོ་དེར།།
རྨི་ལམ་བཟང་ངན་ཅི་བྱུང་ཡང་།
གཉིད་ཀྱི་ལྡང་མིན་སེམས་འཁྲལ་དེས།།
རྨི་ལམ་ཚེར་མའི་ཕུང་པོར་སྣང་།།
ད་ལྟ་དྲོད་དེ་རིམ་བཞིན་ཡལ།།
མཁའ་ལ་ཆུ་སྤྲིན་རླུང་ཡང་ལྡིང་།།
གངས་མིན་ཆར་མིན་འབབ་བཞིན་དུ།།
སྒོ་དང་སྒེའུ་ཁུང་ཇེ་ཆུང་རེད།།
ཟླ་བ་གཅིག་གི་མར་ངོ་ན།།
ས་གཞི་ཁ་བས་གཡོག་གམ་ཅི།།
གལ་ཏེ་ཁ་བ་མ་འབབ་ཀྱང་།།
བསིལ་རླུང་དྲག་པོ་ལྡང་ངེས་འདུག།
ཉིན་ཞག་དྲུག་ཅུའི་རྗེས་སུ་ནི།།
གངས་རླུང་ལྡང་བར་ཐེ་ཚོམ་མེད།།
དེ་ཚེ་བྱ་སྤུ་ཀོ་ལྷམ་དག།
ཅི་ཙམ་དྲོད་མིན་བལྟ་ངེས་ཡིན།།
ནམ་མཁའ་ཆུ་སྤྲིན་མཐུག་པོས་བསྒྲིབས།།
ས་གཞི་གོས་དཀར་ཁ་བས་བཏུམ།།
གྲང་རླུང་ཇི་ལྟར་ངར་ན་འང་།
ཁ་བའི་འདབ་མ་མཇལ་ངེས་རེད།།
ཁ་བ་རླུང་གིས་བྱང་དུ་འདེད།།
བྱང་ན་ང་ཡི་ཕ་ཡུལ་ཡོད།།
བྱམས་ལྡན་ཕ་མས་སྒུག་ནས་ཡོད།།
ང་ཡང་རླུང་གིས་འཁྱེར་ལ་རེ།།
༄༅། བར་ཕུ་ཕུན་ཚོགས་ལགས་ནས་སྙན་པོ་བྲིས་གནང་འདུག་
ལེགས་སོ་ཞུ། བཀྲིས་བདེ་ལེགས་ཡོད།