གསལ་ལེ་རྒྱལ།
རྣམ་དཔྱོད་ནི་ནང་སེམས་ཀྱི་མཛེས་སྡུག་ཅིག་ཡིན།
དེ་ནི་རང་རང་གིས་བསྐྲུན་པར་བཤད།
ཕྱི་གཟུགས་ཀྱི་མཛེས་སྡུག་ཀྱང་མཛེས་སྡུག་ཡིན།
དེ་ནི་ལྷན་སྐྱེས་ཀྱིས་གྲུབ་པར་བཤད།
ཡིན་ཡང་ཡོད་ཚད་རླུང་གིས་འཁུར་ཆོག་ཆོག་ཡིན།
རླུང་ནི་ཕྱོགས་གང་ནས་ཡོང་བ་མི་ཤེས་པའི་རང་ཉིད་བརླག་བྱེད་ཅིག་ཡིན།
དེ་ལ་མི་ལ་ལས་རླུང་སྤུ་གྲི་ཟེར་ལ།
ཡང་ལ་ལས་མི་ཁ་ཟེར།
གང་ལྟར་རང་ཉིད་ཀྱི་མཛེས་སྡུག་ལ་བདག་གཅེས་བྱེད་ན།
རླུང་ལ་སེམས་ཆུང་བྱོས།
ངའི་ངོ་ཤེས་ཚོའི་ནང་ནའང་རླུང་གིས་ཁུར་སོང་བ་མང་བོ་ཡོད།
ང་ཡང་ཅིག་ཅིག་མིན་ན་རླུང་གིས་ཁུར་སོང་།
ཨ་ཨ། ཁ་སང་དེ་རིང་རླུང་གཡུག་ག
༡༡/༡༢/༢༠༢༠ ཕ་རེ་སི་ནས།
རྩོམ་ཐུང་ཡག་མོ་ཞིག་་་་
ཡག་གི
རླུང་གི་སྤུ་གྲིའི་སྐོར་ལ། སྒྲུང་སྙན་པོ་ཞིག་ནི། འཕགས་པ་ལྷ་དང་མུ་སྟེགས་ཐུབ་དཀའ་ནག་པོ་གཉིས་བསྟན་པ་རྒྱན་དུ་བཙུགས་ནས། མུ་སྟེགས་ཕམ་ནས། ཁོང་ནང་པར་འཇུག་མི་འདོད་ནས། ནམ་མཁར་འཕུར་བའི་རྗེས་སུ་འཕགས་པ་ལྷ་ཡང་ཁོ་བཟུང་ཕྱིར་ནམ་མཁར་འཕུར་བས། མཐར་ས་ཡི་གོ་ལའི་འཐེན་ཤུགས་རྫོགས་མཚམས་སློབ་དཔོན་འཕགས་པས། ད་ད་དུང་ཡར་འཕུར་ནས་བྲོས་ན། རླུང་གི་སྤུ་གྲིས་ཁྱོད་རྩ་མེད་འགྲོ་བས་ཡར་མ་འགྲོ་ཟེར་བ་ལ། ཁོས་ཀྱང་རང་གི་རལ་པ་བཅད་ནས་ཡར་བཏང་དུས་གར་སོང་ཆ་མེད་དུ་སོང་བར་གསུངས་པའི་སྒྲུང་འདི་ནི། ང་ཆུང་དུས་ནས་ད་ལྟའི་བར་སྒྲུང་སྙན་ཤོས་དང་། ཚན་རིག་དང་མཐུན་ཤོས་ཤིག་ཏུ་བརྩི་བཞིན་ཡོད།