གངས་དཀར་སེམས།
ང་ཚོ་ལ་དམིགས་བསལ་གང་ཡང་མེད།
ང་ཚོ་འགྲོ་བ་མིའི་གྲལ་གྱི་མཐའ་མ་ཡིན་པར་ངེས་ཤེས་དགོས།
ང་ཚོའི་ཕ་གཞིས་མ་ཁང་དགྲ་ཡི་ལག་ཏུ་ལྷུང་།
ང་ཚོའི་ཆོས་དང་རིག་གཞུང་གཞན་གྱིས་བཙོན་དུ་བཙུད།
རྒྱུས་ལོན་ཆེ་བའི་དབང་གིས་ཡིན་སྲིད།
ང་ཚོ་གཞན་ལས་གཡོ་རྫུས་ཆེ་བ་བདེན།
དད་པའི་དག་སྣང་ངོ་མ་སྤང་ནས།
གཞན་ལས་རྨོངས་དད་ཆེ་བའང་བདེན།
འཇིག་རྟེན་པའི་ཤེས་རིག་གི་ནང་ནས།
སེམས་བསྐྱེད་དགོས་རྒྱུ་ཁ་བཤད་སྙན་ནའང་།
ལག་ལེན་གསེར་གྱི་ཐིགས་པ་ཏིལ་འབྲུ་ཙམ་ཡིན།
འོན་ཀྱང་དགོད་བྲོ་བ་ཞིག་ལ།
ཉེ་འཁོར་དུ་ད་དུང་ཡང་འགྱོད་བཤག་མེད་པའི།
སྤུན་ཟླའི་མིང་འཛིན་སེར་སྐྱ་ཕོ་མ་སུ་ལ་ཉན་ན།
དེས་སུན་སྣང་སྐྱེད་བྱེད་ཀྱི་བསླབ་བྱ་རྫིག་པོ་རེ་རྒྱག་བཞིན་པ་མཐོང་།
དོན་ངོ་མ་ང་ཚོར་ངེས་ཤེས་དགོས།
ང་ཚོའི་ལུས་ངག་ཡིད་གསུམ་ལ་ནག་ནོག་མང་།
ང་ཚོའི་སེམས་འདི་གཞན་ལས་གྱ་གྱུར་ཆེ།
ང་ཚོའི་འཚོ་བ་འདི་གཞན་ལས་ཉ་ཉོག་མང་།
ང་ཚོའི་རིག་པ་དེ་གཞན་ལས་དུད་ནས་ལུས།
འདོད་ཆགས་རླབས་བཞིན་འཕྱུར་བར་ཞ་ར་ཡིན།
ཞེ་སྡང་རླུང་ལྟར་འཁྱུག་པར་ཚོར་བ་བརླགས།
གཏི་མུག་གྲིབ་ནག་ལོག་འཚོའི་རང་གཤིས་བཙན།
བསྟན་དགྲ་དུག་གསུམ་གཞན་ལས་ངར་བར་ངེས་ཤེས་དགོས།
མཁས་པ་ཡིན་ཟེར་མཁན་ཚོས་རྙོགས་བཤད་པོད་བརྒྱ་བྱས་པའི་ནང་།
མིག་སྔར་དོན་དངོས་ལ་ཕན་པའི་ཚིག་རེ་འགའ་ལས་མེད།
དེས་རྗེས་རབས་ཚོའི་རིན་བྲལ་གསེར་གྱི་དུས་ཚོད་འཕྲོག་བརླགས་མང་པོ་བཏང་།
ཆོས་པའི་གཟུགས་ཚོས་ཆོས་མིན་བྱ་བ་བསྒྲུབས་པ་མང་།
གྲྭ་ལོག་ཚོ་དད་ལོག་མིན་སྲིད་ཀྱང་ཆོས་ཀྱི་འཁྲབ་སྟོན་དང་།
འཇིག་རྟེན་པའི་བཀོད་ཇུས་འོག་ཏུ་ཚུད་མཁན་མང་།
ཀ་མེད་སུམ་བཅུ་ལྷུ་བསྒྲིག་ཤེས་མཁན་གྱི།
ཤེས་ཡོན་ཅན་དུ་འུར་འབོད་བྱས་པ་དག
སེམས་རྒྱ་ཆུང་ལ་བློ་རྒྱ་དོག
ཕྲག་དོགས་ཆེ་ལ་ཁོང་ཁྲོ་རྒོད།
འར་འུར་རླུང་ལ་སྤུར་བའི་བྱ་སྤུ་ལྟར་ཡང་།
སྤོབས་པ་དང་སྙིང་སྟོབས་བལྟུལ་མཁན་ད་དུང་མཐོང་རྒྱུ་དཀོན།
ལས་ཤིག་བྱས་ན་ཁ་ལྕེ་མང་བས་གྲོས་འགོ་མི་འཆམ།
དོན་ཞིག་སྒྲུབ་ན་དྲན་རྒྱུ་མང་བས་མིག་རྒྱང་ཞར་དུ་ལུས།
ཨ་ལ་ལ། གངས་ཅན་པ།
ལས་ངན་པའི་ཁ་བ་ཅན།
ཀྱེ་མ་ཀྱེ་ཧུད། བོད་པ་ཚོ།
ད་དུང་འདི་འདྲས་ལོ་ཟླ་རྫོགས་ས་རེད།
བཟང་པོ་ཡིན་ཟེར་ནས་འུར་བརྗོད་ལས།
མཚན་སྙན་དེ་ཡུལ་གྱར་བའི་བོད་པ་ཚོར་མི་འཚམ།
ཡ་རབ་ཡིན་ཟེར་བའི་གྲིབ་འོག་ཡིབ་སྡོད་པའི་མ་རབ་དེ།
ཡུལ་གྱར་བའི་དྲན་འཕྲུལ་ཚོར་ཏག་ཏག་རན་ཞིང་འོས།
ཁ་ལྕེ་བརྡར་ནས་ཆུ་ཡི་ཝུ་བ་བསགས།
འཇོན་པའི་མི་ཡི་རྐང་པའི་མཐིལ་ནས་འཐེན།
བཟང་པོ་ཉམས་ཆུང་ཚོར་མཐོང་ཆུང་བྱེད་རྒྱུ་དགའ།
རྒྱུ་ཞིག་ཡོད་ན་ངོ་སོ་རྣམ་ཐོས་སྲས་ལས་ལྷག་པའི་དྲེགས་པ་ཆེ།
ཁྲོམ་པའི་སྦལ་པ་ཚོའི་མཐོང་རྒྱ་ལག་མཐིལ་ཙམ་དེ་རེད།
གཞན་མིའི་ཡོན་ཏན་སྦྱོང་དུས་སྙིགས་དོར་བཅུད་ལེན་མེད།
ཉ་དང་ཉུང་བ་བསྲེས་ནས་རང་ལུགས་ཚང་མ་གཏོར།
སྲིད་དང་ཇུས་ལ་འཇུག་པའི་བློ་སྟོབས་དམན།
ཁ་དང་གྲོད་པ་བགྲང་ཞིང་དུད་འགྲོའི་ལས་ཀྱིས་མི་ཚེ་རྫོགས།
སྤྱོད་པ་དག་སྣང་མེད་པས་ཕྱི་ཚུལ་འཛིན་རྒྱུར་དགའ།
ངོ་སོར་གཡམ་རྒྱུགས་ཙམ་ལས་དོན་དམ་དཔྱད་པར་ཉུང་།
རྨང་གི་སེམས་ཤུགས་ཆག་པ་མིན་ནའང་།
ཕུག་ལ་སྤོབས་པ་ཉམས་པ་མིན་ནའང་།
མ་འོངས་པར་རེ་ལྟོས་བྲལ་བ་མིན་ནའང་།
རེ་སྨོན་གྱི་ཤུགས་ཚད་ཆུང་བ་མིན་ནའང་།
མིག་གིས་མཐོང་རྒྱུ་མང་ཆེར་སྟོང་བསམ་རེད།
སེམས་ལ་མྱོང་རྒྱུ་སྡུག་སྡིག་པའི་ཁུར་པོ་ཇེ་ལྕི་རེད།
ཕ་གཞིས་མ་ཁང་ཕ་མ་སྤུན་མཆེད་དྲན་རྒྱུ་ཇེ་མང་རེད།
སོས་དལ་བྲལ་བའི་ལོ་ཟླའི་གློག་ཞག་ཇེ་བཙན་རེད།
གཞན་ཡུལ་མཛེས་ལྗོངས་ལྷ་ཡུལ་ལྟར་སྣང་ཡང་།
སེམས་མཐུན་དག་གི་དགོད་སྒྲ་བར་དབྱིངས་ལྷུམ་སུ་ཐིམས།
རིགས་རུས་སྤུན་ཟླ་མིང་འཁུར་ཅན་ཚོས་ཀྱང་།
ཧུར་པོ་ཇི་ཙམ་བྱས་ཀྱང་ད་དུང་རྗེས་ལུས་ཡིན།
བྲེལ་འཚུབ་དང་ནི་ཁུ་སིམས་བར་གྱི་སྟངས་ཀ་ནས།
མིག་གཉིས་བཙུམ་ཞིང་མགོ་བོ་གྱར་ནས་ཨ་སྔོན་གནམ་ལ་ཕྱོགས།
རླུང་བུ་བསིལ་བས་དལ་བས་ངོ་ལ་རེག་པར་ཐེངས་གཅིག་མྱོང་།
སྡུག་ངལ་དཀྱིལ་དུ་བདེ་སྐྱིད་ལྡན་པའི་རེ་འདུན་མ་ལུས་སྨོན།
མི་ལུས་རིན་ཆེན་གསེར་གྱི་དུས་ལ་འབོད་ནའང་།
ཆོས་དང་འཇིག་རྟེན་གཉིས་ཀ་ད་དུང་སྟོང་པ་ཉིད་དུ་གྱུར་ནས་འདུག