དགེ་འདུན་རྒྱ་མཚོ།
ཉིན་གསུམ་འགོར་བའི་ཕྱི་དྲོ་དེར་ང་དང་སྒྲོལ་ལེ་ཐོའུ་མ་གཉིས་ལམ་ཁ་ནས་ངོ་ཐུག་བརྒྱབ་པ་ཡིན། མོས་བསམ་ཁོའི་འདས་རྐྱེན་ཅི་ཡིན་སྐོར་ང་ལ་ཞིབ་འདྲི་བྱས་པ་མ་ཟད་རྒྱབ་ལྗོངས་ཅི་ཡིན་ལ་དོགས་འདྲི་ཡང་མང་བོ་བྱས་སོང་། ཉིན་དེར་ངས་མོ་ལ་ཅི་ཞིག་བཤད་དགོས་པ་མ་ཤེས་ཐལ། རྫ་བེ་རྫུབ་བེ་མང་བོ་ཞིག་བཤད་པ་ཡིན། དྲང་མོར་བཤད་ཀྱང་མོས་ཡིད་ཆེ་བྱེད་རྒྱུ་ཡིན་མིན་མི་ཤེས། ཕྱིར་ཡོང་བའི་ལམ་བར་ནས་ངས་ཕྱིར་འདང་བརྒྱབ་སྟེ་བསམ་བློ་བཏང་བ་ཡིན། མ་བསམ་ས་ནས་ངེད་གཉིས་གློ་བུར་དུ་གདོང་ཐུག་བརྒྱག་དགོས་དོན་ཅི་ཡིན་ནམ། འདི་ལྟར་མཉམ་དུ་འཕྲད་པ་ནི་ལྟས་དབང་ཞིག་གཏན་ནས་ཡིན་མི་སྲིད། ཡིན་ན་ཡང་སྐབས་དེར་རྒྱུན་མཚན་ཆེན་པོ་ཞིག་ཡོད་པར་ངས་ངོས་འཛིན་བྱས་ཐུབ་མེད། ཉིན་དེར་ང་ཡང་འཚབ་བ་འཚུབ་བེ་ཞིག་ཏུ་གྱུར་སོང་།
སྐྱེ་བ་གཅིག་ལ་མི་ལུས་གཅིག་ཡིན། གཉེན་སྒྲིག་ཡང་ཡང་བྱེད་མི་ཐུབ། བཟའ་ཚང་ལ་འགྲིག་མཐུན་བྱོས། ངས་ལྟ་སྟངས་ནོར་མེད་ན་རྐྱལ་ཁ་མ་བུད་མེད་དགའ་ཟིག་རེད། ཁྱོད་ཀྱི་ལས་བཟང་གི་ཡ། ཆུང་མ་དེ་འདྲ་ལག་ལ་ཡོང་རྒྱུ་དཀའ་མོ་རེད། ཁྱོད་དགའ་ནི་བྱོས། མོ་ཁྱོད་དང་ཁ་འབྲལ་འདོད་ཡོད་ནི་མ་རེད། དེས་རྐྱེན་གྱིས་ཁྱོད་གཉིས་ཀྱི་བར་ན་ཁ་རྩོད་མང་ནི་རེད། ད་ནས་བཟུང་མོའི་བཟའ་འཁོན་དེ་ཚོ་བརྩེ་དུང་གི་རྣམ་པ་དང་འདུ་ཤེས་ཞིག་ལ་བསྒྱུར་རོགས། དེ་མིན་ན་མོའི་རིན་ཐང་བྲལ་བའི་བརྩེ་དུང་དེ་ཁྱོད་ཀྱིས་ས་ལ་བསྲེས་རྒྱུ་ཡིན་པ་འདྲ། ངས་ངོ་མ་བཤད་ནི་ཡིན། སྣོད་དང་ཀ་ཅ་བརྩེགས་ན་ཁྲོག་སྒྲ་དང་། མྱི་དང་བཟའ་ཚང་ཐུག་ན་ཁ་རྩོད་ཤོར་ནི་རེད། དྲང་མོར་བཤད་ན་དེ་ནི་ཆོས་ཉིད་ཅིག་རེད། ཡོང་སྲིད་པ་ཞིག་རེད།
ཧ་ཧ། ཁྱོད་སྐྱག་ཁ་མའི་རྩིབ་ནས་ཀ་ལང་ལང་རེད་ལ། དེ་རིང་ཁྱོད་ལ་ཅི་མ་ཉན་ནི་རེད།
སྐྱག་ཁ་མ་ཟེར་ནི་མ་རེད། རྐྱལ་ཁ་མ་རེད། རང་གི་ཆུང་མའི་ཁ་ཆེ་བ་ཡང་ཤེས་མེད་གི་ཡ། ཅི་ཞིག་གི་བཟའ་ཚང་ཡིན་ནི་རེད། མོའི་ཁ་ཆེན་པོ་ཡོད་པའི་རྐྱེན་གྱིས་ཆུང་དུས་སློབ་གྲོགས་ཚོས་མོའི་མིང་ལ་རྐྱལ་ཁ་མ་བཏགས་པ་རེད། ཡ་ད་དེ་བཤད་ནས་ཅི་བྱེད། གནངས་ཉིན་ཟོག་རྫི་ནས་ཐུག་ཡ།
སྐད་ཆ་དེ་སྐྱག་ཁ་མ་ངེད་གཉིས་ཁ་རྩོད་བརྒྱག་བཞིན་པའི་སྐབས་ཀྱི་དགོང་མོ་དེར་བསམ་ཁོ་ཡོང་བ་དང་ཁ་ཐུག་ཁེལ། ངས་ཁོ་ཕྱིར་སྐྱེལ་བའི་ལམ་ཁར་ང་ལ་བཤད་པའི་སྐད་ཆ་རེད། ཁོའི་སྐད་ཆ་དེ་ནི་ང་ལ་བསླབ་བྱ་དང་སློབ་གསོ་བཏང་བ་ཞིག་ཡིན་པ་ངས་ཀྱང་ལོས་ཤེས། ཡིན་ན་ཡང་སྐབས་དེར་ངའི་སེམས་ལ་དོགས་པ་གཞན་ཞིག་ཡོད། ཁོའི་སེམས་ན་ང་དང་སྒྲོལ་ལེ་ཐོའུ་མ་གཉིས་ཀྱི་བར་ན་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དེ་རེད། མི་སུ་ཡིན་ཡང་དེ་འདྲའི་དོགས་པ་ཡོང་སྲིད་པ་རེད། དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མིན། ང་ནི་སྒྲོལ་ལེ་ཐོའུ་མ་ལ་དགའ་བ་བདེན་ན་ཡང་དོན་ལ་འབྲེལ་བ་ཅི་ཡང་མེད། མཐའ་ན་སྐད་ཆ་ཚིག་གསུམ་ཙམ་ཡང་བཤད་མ་མྱོང་། ངས་མནའ་སྐྱེལ་ནས་བཤད་ཐུབ།
ཁ་རྩང་དེ་རིང་ངས་བསམ་བློ་བཏང་ན་ཁོས་ང་ལ་གནས་ཚུལ་ཞིག་གསང་ཡོད། དེས་རྐྱེན་གྱིས་ཁོ་དང་སྒྲོལ་ལེ་ཐོའུ་མ་གཉིས་ཀྱི་སྐོར་ང་ལ་བཤད་ཐུབ་མེད་ལ། ཁོ་གཉིས་ཀྱི་རེ་བ
་སྟོང་ཟད་དུ་གྱུར་དོན་ཡང་དེ་ཡིན། ཁོ་གཉིས་ཀྱི་འབྲེལ་བའི་སྐོར་ནས་ཚིག་གཅིག་ཀྱང་ང་ལ་བཤད་མ་མྱོང་། རྒྱུ་མཚན་ནི་ཁོས་ང་ལ་རློམ་ཐུབ་ཀྱི་ཡོད་ནི་མ་རེད། བསམ་ཁོ་ཡ་བསམ་ཁོ། མི་ཁོག་མིས་མི་ལོན།། རྡོ་ཁོག་ཆུས་མི་ལོན།། དོན་མེད་ལ་ཐུག་པ་ཕྱེ་ཉོག་འདྲ་བོ་འདི་གཡོ་མཁན་སྐྱག་ཁ་མ་དེ་ཡིན། མོས་བསམ་ཁོ་ལ་ཅི་ཞིག་བཤད་ཡོད་མིན་མི་ཤེས་ཐལ།
ངས་ཕྱིར་འཁོར་ནས་སྒྲོལ་ལེ་ཐོའུ་མ་ལ་བལྟས་པ་ན་མོའི་གྲིབ་མ་ཙམ་ཡང་རིག་རྒྱུ་མེད། ངས་བསམ་ཚུལ་འགའ་ཤས་བཤད་དགོས་བསམ་ཡང་ད་རྗེས་ཆོད་ནི་མ་རེད། རེ་དོགས་ཀྱི་འཇིག་རྟེན་འདི་ནམ་ཡང་བྱིས་པའི་རྩེད་མོ་རྩེ་ར་ཞིག་དང་འདྲ།
གཞུག་ནས་ཞིབ་ཏུ་བསམ་བློ་བཏང་ན་ད་གཟོད་སྒྲོལ་ལེ་ཐོའུ་མས་གོ་སྐབས་དང་བསྟུན་ནས་ང་བཙལ་ནས་ཡོང་བ་དང་། རྐང་བཙུགས་ནས་འདྲི་རྩད་བྱས་པ་རེད་ལ་ལམ་ཕྲད་ལྟ་བུར་བཅོས་པ་ཞིག་ཡིན་མིན་ལ་དོགས་པ་མེད། མོ་ནི་སྤྱང་གྲུང་འཛོམས་པའི་ཨ་ཆེ་ཞིག་ཡིན། མོ་ང་ཚོའི་རུ་སྐོར་ལ་ཡོང་དགོས་དོན་དང་མོས་ཅི་ཕྱིར་རྩད་གཅོད་བྱེད་དགོས་དོན་སོགས་མི་མང་བོ་ཞིག་གིས་རྗེས་ནས་མ་གཏོགས་ཤེས་མེད།
སེང་ཁྱི་གྲོང་ཁྱེར་ལ་སོང་ནས་སྐྱིད་སྡུག་ཅི་ཞིག་མྱངས་ཡོད་པ་ཁོས་ཁ་གྲགས་ན་མ་གཏོགས་སུས་ཀྱང་འགྲེལ་བཤད་བརྒྱག་མི་ཐུབ། ཁོའི་གཟུགས་ཕུང་སྐམ་ཚུལ་ལ་དཔག་ན་ལྟོག་སྐོམ་ཚད་མེད་མྱངས་ཡོད་པའི་བཟོ་ལྟ་ཡོད་མོད་ཀྱང་ཁོ་ཕྱིར་རང་ཡུལ་ལ་སླེབས་པའི་དགའ་ཚོར་དེ་གང་གིས་ཀྱང་མཚོན་མི་ཐུབ་པ་འདྲ།
སེང་ཁྱི་ནི་ད་གཟོད་ལུས་པོ་ཡང་ཟོར་ཅན་ཞིག་ཏུ་གྱུར་ཡོད་འདུག ཐབས་སྐྱོ་བ་ཞིག་ལ་ཁོའི་མིག་ལམ་ན་བསམ་ཁོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། ཁོས་ཕལ་ཆེར་གནས་ཚུལ་མང་བོ་ཞིག་ཤེས་ཀྱིན་ཡོད་པ་འདྲ། ཕྱི་ནང་གི་འགྲུལ་བ་མི་སུ་འདྲ་ཞིག་ཡོང་ན་ཡང་ཁོས་དེ་ལ་ཁ་ཡ་མི་བྱེད་ལ་སྐད་ཅོར་ནི་དེ་བས་ཀྱང་མི་བརྒྱག
ཁོས་ཅི་ཞིག་འཚོལ་བ་ལྟར་བྱེད་ལ་ཅི་ཞིག་ལ་རེ་སྒུག་བྱེད་པ་ལྟར་སྒུག་ཡོད། ཐ་ན་ཁོས་ལྟོ་ཡང་མི་འཐུང་བར་སེམས་སྡུག་གི་ནང་དུ་ལྷུང་ནས་ཡོད། དེ་ལྟར་བདུན་ཕྲག་གཅིག་ཀྱང་མ་འགོར་བར་ཆར་བ་ཟམ་མ་ཟིམ་མེ་ཞིག་བབས་པའི་དགོང་མོ་དེར་ཁོ་སླར་ཡང་གར་སོང་ཆ་མེད་དུ་གྱུར། བྱིས་པ་སྐོར་ཅིག་གིས་བཤད་ན་ཁོ་ཨ་མྱེས་རབ་ཡངས་ཚང་གི་སྒོ་ནང་ལ་ཡོང་ནས་དྲི་མ་སྣུམ་གིན་འདུག་ཟེར། དེ་ནས་བཟུང་སྟེ་སུས་ཀྱང་མཐོང་མྱོང་མེད་པ་འདྲ། སེང་ཁྱི་སླར་ཡང་བོར་བརླགས་སུ་ཕྱིན་པ་དེས་ཨ་མ་ཀླུ་མོ་འཚོ་ལ་ཡང་སྡུག་བསྔལ་འཕར་མ་ཞིག་བྱིན་སོང་།
མོས་ང་ལ་སེང་ཁྱི་བཙལ་རོགས། མྱུར་དུ་ཕྱིར་ཨེ་རྙེད་ལྟོས། རུ་སྐོར་གཞན་ལ་ཡང་སྐད་རེ་ཞོག་དང། ཁོ་མཐོང་ན་ཟ་མ་ཞིག་སྟེར་རོགས་ཟེར། ངས་མོའི་སྔུན་ནས་སེང་ཁྱི་བཙལ་ནས་རྙེད་ཐབས་བྱེད་རྒྱུའི་ཁས་ལེན་བྱས་པ་ཡིན། ངས་དེ་ལྟར་བྱེད་དོན་ནི་ཨ་མ་ཀླུ་མོ་འཚོའི་སེམས་གསོ་ཆེད་གཅིག་པུ་མིན་པར་སེང་ཁྱི་དང་ངེད་གཉིས་མཛའ་བརྩེ་མཚོན་ཕྱིར་ཡང་ཡིན། ངེད་གཉིས་ཆུང་དུས་ནས་ངོ་ཤེས་དང་གྲོགས་པོ་རྙིང་བ་ཡིན། གོས་གསར་བ་དང་གྲོགས་རྙིང་བ་བཟང་བའི་བཤད་སྲོལ་དེར་ང་ཡིད་ཆེ་ཡོད།
ཕྱི་ཉིན་གྱི་ཞོགས་པ་དེར་ངས་རྒྱབ་ཁུག་གི་ནང་དུ་ལྟོ་ཆས་འགའ་བླུགས་རྗེས་རྟ་རྒན་ཁམ་པ་ལ་ཞོན་ནས་རི་ཁར་ཉུལ། དེ་དུས་ངའི་སེམས་ལ་འཆར་སྣང་སྣ་ཚོགས་ཞིག་འཁོར། གཅིག་བྱས་ན་ཁོ་ལུང་བ་གཡས་གཡོན་འདི་བ་ཞིག་ན་ཤི་ཡོད་ཀྱང་སྲིད། གལ་ཏེ་རོ་རྙེད་ན་པགས་པ་ཡིན་ཡང་བཤུས་ནས་ཨ་མ་ཀླུ་མོ་འཚོ་ལ་བསྟན་དགོས་བསམ་བྱུང་། སེམས་ཅན་གང་ཞིག་ཡིན་ཡང་བཙལ་དགོས་ཚེ་རྙེད་རྒྱུ་དཀའ་མོ་ཡིན་པའི་གནས་ལུགས་དེ་ངས་ཀྱང་སྔར་ནས་ཤེས་ཀྱི་ཡོད། འོན་ཀྱང་དང་པོར་ཕྱོགས་གང་དུ་བཙལ་དགོས་པ་དང་ས་ཆ་གང་ལ་སོང་ན་དགའ་བ་ཡིན་ཐག་གཅོད་ཐུབ་ཀྱི་མི་འདུག
ངའི་སེམས་ལ་དོགས་པ་གཞན་ཞིག་འཆར་བ་ནི་དབྱར་ས་རེད། ཁོ་དབྱར་ས་ལ་འགྲོ་མི་སྲིད་པ་མིན། སྐད་ཆ་འདི་སྐྱག་ཁ་མས་དགོང་མོ་ཉལ་ཁར་ང་ལ་བཤད་ནི་རེད། མཚམས་རེར་མོའི་སྐད་ཆ་ལ་ཡང་བདེན་པའི་ཆ་གཅིག་ཡོད། གང་ལྟར་ང་ལ་གདེང་ཚོད་ཅི་ཡང་མེད། ངས་བློ་རྩེ་གཉིས་འགལ་གྱི་ངང་ནས་དབྱར་སར་ཁ་ཕྱོགས། དབྱར་ས་ལ་སླེབས་དུས་ད་དུང་རྫ་ཁའི་གོལ་ཡག་སྐོར་ཅིག་གིས་སྐད་སྙན་འབྱིན་པ་རྒྱུན་མི་ཆད་པར་ཐོས་ཀྱིན་འདུག ཞོགས་པ་ནམ་མ་ལངས་གོང་ནས་ངས་མེ་མདའ་ཞིག་ཀྱང་ཁུར་ནས་ལམ་ལ་ཆས་པ་ཡིན། དབྱར་སར་འབྱོར་དུས་ཉི་མ་ཡང་ལྷོད་ལ་བབས་འདུག
ང་དང་བོ་འགྲོ་ས་དེ་བསམ་ཁོ་ཚང་གི་འཚེར་ས་ཡིན། ས་དེར་རྡོ་ནག་རིལ་ལི་འགའ་དང་ལྕི་བ་སྦུངས་པའི་ཤུལ་ཙམ་ལས་ཅི་ཡང་མཐོང་རྒྱུ་མེད། ཤུལ་དེར་ལངས་ནས་ངས་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱང་ལྟ་བྱས་པ་ཡིན།
ཅི་ཡང་མེད་ལ་ཅི་ཡང་སྟོང་བའི་ས་ཆ་དེའི་རི་ལུང་ལ་ཁ་དོག་མེད་ལ། དབེན་ཐང་ཐང་གི་དགོན་པ་ཞིག་དང་དགོན་པ་ཞིག་གཏོར་བའི་འཇིག་ཤུལ་ལྟར་མངོན། དེ་དག་ནི་ངས་མིག་གིས་གཏན་ནས་མཐོང་འདོད་མེད། ངའི་སེམས་ཀྱི་རི་ངོས་ན་མངོན་བཞིན་པ་འདི་ནི་ང་དང་བསམ་ཁོ། སེང་ཕྲུག་བཅས་རེད། དབྱར་ཁ་དེར་ངེད་གསུམ་རྩེད་མོ་རྩེ་བ་ཡིན། གད་མོ་དགོད་ཀྱིན་ཕར་རྒྱུག་ཚུར་རྒྱུག་ཀྱིས་བྲེལ་ཡོད།
དེ་དུས་ཁོ་བོ་ལོ་བཅུ་ཐམས་པ་ཡིན། ཆར་བ་བབས་ཤུལ་དང་ཉི་འོད་ཕོག་མ་ཐག་པའི་རྩྭ་ཐང་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། སླར་ཡང་ཆར་བ་བབས་པས་ངེད་ཚོ་ཕྱིར་བྲོས་ཡོང་བ་ཡིན། འདི་ནི་བཅོས་མ་མ་ཡིན་པའི་ངའི་ཡིད་ངོས་ན་རྟག་ཏུ་བཀྲ་བའི་སྣང་བརྙན་གསོན་པོ་ཞིག་ཡིན།
ཕྱི་དྲན་གྱི་ཀློང་ནས་ངས་རང་གི་མིག་ཆུ་དེ་འཕྱི་བཞིན་ཕྱིར་འཁོར། གཡོན་ཕྱོགས་ཀྱི་རི་ཉག་དེའི་གདོང་ན་སྦྱང་ཐོ་ལྟ་བུ་ཞིག་ནག་ཡོར་རེ་འདུག དེ་ནི་གོལ་ཚང་རྫ་འོག་གི་རི་སྣ་དེ་རེད། ནག་ཡོར་བ་ཞིག་རིག་འདུག་པ་འདི་ནི་སེང་ཁྱི་ཡིན་ན་ཡང་ཐང་། གཅིག་བྱས་ན་སྤྱང་ཀི་ཞིག་ཡིན་ཡང་སྲིད། ངོ་མ་བཤད་དཀའ་ནི་ཞིག་རེད།
རི་སྤྱང་སྔོན་མོ་ཚོར་མཚོན་ན་འགྲོ་སའི་གནས་དང་འདུག་སའི་ས་འདི་ཡིན་ཟེར་བ་ཞིག་ཡོད་ནི་མ་རེད། གཅིག་བྱས་ན་སེང་ཁྱི་མིན་ན་ཡང་ཐང་། ཁོས་ཅི་བྱེད་ལ་ངས་བལྟས་ནས་བསྡད་པ་ཡིན། བལྟས་ཀྱིན་བལྟས་ཀྱིན་ངའི་མིག་ནི་རབ་རིབ་དུ་གྱུར། སྐབས་རེར་འགུལ་བཞིན་ཡོད་པའི་སྣང་བ་སྟེར་ལ་སྐབས་རེར་ཡལ་ནས་ཅི་ཡང་མི་སྣང་། མདུན་གྱི་ས་ལ་བལྟས་པ་དང་མིག་བཙིམ་ནས་ཅུང་ཟད་བསྡད་རྗེས་སླར་ཡང་བལྟས་ན་སྔར་བཞིན་ནག་ཡོར་རེ་དེ་མཐོང་ཐུབ། ཆུ་བུར་གྱི་མིག་འདིས་ང་ཡིད་ཐང་ཆད་དུ་བཅུག་པ་ཉུང་ཉུང་མིན། ལྟ་བ་མང་དྲག་པས་མཐར་ཅི་ཡང་མཐོང་མི་ཐུབ་པ་ཞིག་ཏུ་འགྱུར་འགྲོ་གིན་འདུག་པས་ང་ལ་ཐབས་ཤེས་མེད་པར་གྱུར།
ངས་རྟ་རྒན་རྡོ་ལ་བཏགས་པ་དང་ཐང་ནས་རྩྭ་དང་ལྕི་བ་སྐམ་པོ་བཏུས་ནས་མེ་ཁ་བསོས་བ་ཡིན། དུ་བ་ལོང་ལོང་དུ་འཕྱུར་བ་དང་མཉམ་དུ་ཁོ་མར་ངའི་ཕྱོགས་སུ་བསྙེགས་ཡོང་གིན་འདུག ཁོ་ཕལ་ཆེར་ཅི་ཞིག་ལ་འཁྲུལ་ཡོད་པ་འདྲ། ང་དང་བསམ་ཁོ་གཉིས་ནོར་བ་ཡིན་ན་ཡང་ཐང་། ང་དགའ་ཚོར་གྱིས་ཡར་ལངས་ཏེ་ཁ་ནས་འབོད་སྒྲ་ཤོར་གྲབས་བྱེད། སེང་ཁྱི་ཡིན་པ་ལ་ཐེ་ཚོམ་མེད། རི་ངོས་ནས་མར་འབབ་དུས་གཡག་སོ་བཞི་ཞིག་འདྲོགས་པ་དང་འདྲ་བར་ཡོམ་ཡོམ་དུ་རྒྱུ།
ང་ས་ལ་ཉལ་བ་དང་མགོ་ལ་ཕུ་རུང་གིས་བཀབ་ནས་ཁོ་ལ་ལྐོག་ལྟ་བྱས་བསྡད་པ་ཡིན། གོམ་པ་བརྒྱ་ཕྲག་འགའ་ཤས་ཀྱི་མཚམས་ནས་ཁོས་ང་སུ་ཡིན་ཕལ་ཆེར་ཤེས་པ་འདྲ། དེ་ནས་ཚུར་མི་ཡོང་བར་གཡས་ཕྱོགས་སུ་བསྐྱོགས་ནས་འགྲོ་སོང་།
ཚུལ་དེ་མཐོང་ནས་ང་མྱུར་དུ་ཡར་ལངས་ནས་སེང་ཕྲུག་ཞེས་བོས་པ་ཡིན། ངའི་སྐད་གོ་བ་ནས་ཁོས་གོམ་པ་ཇེ་དལ་དུ་བཏང་སོང་། ང་ལ་ཚུར་ཡང་ཡང་ལྟ་གིན་འདུག སྐབས་དེ་དང་བསྟུན་ནས་ང་ཁོའི་ཕྱོགས་སུ་རྒྱུག་པ་ཡིན། ཁོ་ལ་དགོས་པ་དེ་ང་མིན་པ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་ངའི་སེམས་ལ་ངའི་ལག་གི་ལྟོ་ཟས་འདི་ཁོ་ལ་སྟེར་ཐུབ་ན་ཅི་མ་རུང་བསམ་སོང་། ངའི་སེམས་ན་དེ་མ་གཏོགས་ཅི་ཡང་དྲན་མ་སོང་། འོན་ཀྱང་ངའི་བསམ་ཐོག་ལ་ཡོང་མ་སོང་། ངས་ཟ་མ་དེ་ཁོ་ལ་བསྟན་ཡང་ཁོས་ཟ་འདོད་མི་བྱེད། ངེད་གཉིས་ཀྱི་བར་ཐག་ཇེ་ཉེར་བཏང་ཚེ་ཁོ་བྲོས་འགྲོ་གིན་འདུག
ཁོས་ང་ལ་ཕྱི་ཕྱག་ཡང་ཡང་བྱེད་ཚུལ་ལ་བལྟས་ན་ང་ལ་སྙིང་གཏམ་དང་སེམས་ཀྱི་སྡུག་བསྔལ་མང་བོ་ཞིག་བཤད་རྒྱུ་ཡོད་པ་སྨོས་མ་དགོས། དེ་ན་ངས་ཁོ་ལ་ཅི་ཞིག་བཤད་དགོས་པ་རེད་དམ། ངས་ཁོ་ལ་གནོད་སྐྱེལ་རྒྱུ་མིན་པ་ཁོས་སྔར་ནས་ཤེས་ཡོད་ངེས། བསམ་ཁོ་ལ་ཅི་བྱུང་ཁོས་ང་ལ་ཏན་ཏན་འདྲི་རྒྱུ་ཡིན་ཡང་སྲིད། ངས་བཤད་ཀྱང་ཁོས་གོ་ཐུབ་རྒྱུ་དཀའ་མོ་རེད།
རྗེས་འདེད་ཡང་ཡང་བྱས་པའི་མཐའ་མ་དེར་ཁོ་རི་ངོས་ལ་གྱེན་དུ་འགྲོ་སོང་། ངའི་རྟ་ནི་ཁོའི་རྗེས་དེད་ནས་འགྲོ་ཐུབ་ཀྱི་མ་རེད། ངས་ལྟོ་ཆས་ཤ་སོགས་ཡོད་པ་དེ་ཁོའི་མཐོང་ས་ནས་ས་ལ་གཡུགས་ནས་ཡོང་བ་ཡིན། ཁོས་མཐོང་ཡོད་ན་ཡང་ཁ་ཡ་བྱས་མ་སོང་། ང་ནི་ཐབས་ཟད་ནས་ཕྱིར་མི་ལོག་ཀ་མེད་རེད།
ཐག་རིང་དུ་སླེབས་ནས་ཕྱི་མིག་ལྟ་དུས་ཁོ་ཡར་རི་སྐེད་ལ་བསླེབས་ཟིན་པ་མ་ཟད། ཕྲད་ལམ་ཕྲ་མོ་ཞིག་དེད་ནས་སྤྱང་ལུང་གི་ཕྱོགས་ལ་ཁ་གཏད་ནས་བུད་སོང་།
ས་ཆ་དེ་ནི་བསམ་ཁོ་དང་ཁོ་གཉིས་ཀྱིས་དབྱར་ཁར་ཟོག་འཚོ་ས་རེད་ལ། ས་ཆ་དེར་ང་ལས་ཁོ་རྒྱུས་ཡོད་ཡིན་ངེས་རེད། ངས་སེང་ཁྱི་དང་བསམ་ཁོ་གཉིས་ཀྱི་ལས་དབང་ལ་བསམ་བློ་གཏོང་བཞིན་ཕྱིར་ཁྱིམ་དུ་བསླེབས། ད་དུང་མིག་ལམ་ན་ཤར་བ་ནི་སེང་ཁྱི་ཡིས་ང་ལ་བསྟན་པའི་རྣམ་འགྱུར་དག་རེད། ལམ་བར་ནས་ཅི་ལྟར་ཡོང་བ་རྟ་རྒན་གྱི་སེམས་ན་ཡོད་སྲིད་ཀྱང་ངས་ནི་ཅི་ཡང་དྲན་གྱིན་མི་འདུག
ང་ཕྱིར་ཁྱིམ་དུ་བསླེབས་པའི་དགོང་མོ་དེར་སྐྱག་ཁ་མ་ནམ་རྒྱུན་དང་མི་འདྲ་བར་འཚབ་བ་འཚུབ་བེ་ཞིག་རེད། མོས་སྒྲོལ་ལེ་ཐོའུ་མ་རང་ཤི་བརྒྱབ་པའི་སྐད་ཆ་དེ་ཁ་ནང་ལ་མ་ཤོང་བར་བཤད་སོང་།
ངས་དེ་ལ་ཉན་དགོས་དོན་གཏན་ནས་མེད། ང་ཐང་ཆད་སོང་། དེ་མོ་རང་གི་དོན་དག་རེད། ཁྱོད་ཀྱིས་སེམས་ཁྲལ་བྱས་ནས་ཅི་བྱེད།
ཁྱོད་ཉན་འདོད་མེད་ན་ཡང་སྡེ་བའི་མི་ཚོས་དོན་མེད་ལ་བསྐྱུར་ནི་མ་རེད།
ཧིན། མ་སྐྱུར་བར་ཅི་ཞིག་བྱེད་རྒྱུ་རེད།
མིའི་སྒྲུང་དེ་བཤད་བཤད་ནས་ཁྱི་སྒྲུང་ཞིག་ཏུ་གྱུར་སོང་།
ད་ཁྱི་སྒྱུང་དེ་ཡང་འདྲེ་སྒྲུང་ཞིག་ཏུ་འགྱུར་མི་སྲིད་པ་མིན།
ཁྱི་སྒྲུང་དང་འདྲེ་སྒྲུང་འབྲི་བ་ལས་ལྷ་སྒྲུང་ཞིག་བྲིས་ན་མ་རེད་པས།
དགེ་རྒྱམ་ལགས།
རེད་རེད།
ལྷ་སྒྲུང་བྲིས་ན་ཆོག་གི
ངས་འབྲི་འདོད་པ་ནི་ལྷ་སྒྲུང་མིན། གཙོ་བོ་དེ་ནི་ལྷ་མ་ཡིན་གྱི་སྐོར་འབྲི་ན་འདོད་ཡོད། ཁྱད་པར་དུ་ཁྱེད་དང་ཁྱེད་ཀྱི་ལས་གྲོགས་ལྷ་མ་ཡིན་ཚོའི་སྐོར་འབྲི་ན་འདོད་ཡོད།
ཁྱེད་ཀྱི་བསླབ་སྡོམ་སུ་ལ་ཕུལ་བའི་ལྷ་མ་ཡིན་དང་ཁྱོད་གཉིས་ཀྱི་ཐོག་མའི་བརྩེ་དུང་གི་སྐོར་ཡང་འབྲི་ན་འདོད་ཡོད། ད་དུང་ཁྱོད་ཀྱི་མཐའ་ན་ཡོད་པའི་ཐེའུ་རང་དེ་ཚོའི་སྐོར་ཡང་འབྲི་ན་འདོད་ཡོད་ཡ།
ས་སྒོ་ཇོ་ལོག་ལགས།
སྒྲུང་གི་ས་བོན་དང་མཐུན་འགྱུར་མང་ཙམ་གནང་རོགས་གནང་།
འོ་རེད།
ངས་བརྗེད་གྲབས་འདུག
ཁྱོད་ཀྱི་དགའ་རོགས་མི་མ་ཡིན་དེ་དང་ཚེ་གྲོགས་བླ་རྒན་ལག་ཏོ་གཉིས་ཀྱི་སྐོར་ཡང་མ་ཤི་ན་འབྲི་ཨེ་ཐུབ་བལྟ་གི་ཡིན།
ཧ་ཧ་ཧ་ཧ།
སྔར་ལས་ཇེ་ཡག་དང་སེམས་ཚོར་ཆེ་རུ་འགྲོ་བའི་སྣང་བ་སྟེར། རྒན་ལགས། ཐུགས་རྗེ་ཆེ་ཞུ་ཡ་ཡིན།
སྒྲུང་རྩོམ་འདི་བྲིས་ནོ་ངོ་མ་སྙན་གི འབྲི་ཐབས་འཇིགས་ཀི་འདོད། ཡིད་ཕངས་པ་ཞིག་ལ་ངས་འདི་དང་འདིའི་སྔོན་མ་གཉིས་མ་གཏོགས་ཀློག་མི་འདུག སྤྱིར་བཏང་ཉིན་འགའ་རེའི་མཚམས་ནས་ཚན་པ་རེ་བྱས་ཏེ་ཆལ་ལེ་ཆོལ་ལེ་ཀློག་རྒྱུར་ང་ཅུང་ཉོབ་ཀྱིན་ཡོད། ཁྱོད་ཀྱིས་ཆ་ཚང་བྲིས་ཚར་བ་དང་སྡེབས་གཅིག་ལ་འདིར་འགོད་རྒྱུའི་རེ་བ་ཡོད། དེ་དུས་ཡིད་ཚིམ་པ་ཞིག་ཀློག་གི་ཡིན།