དགེ་འདུན་རྒྱ་མཚོ།
ངས་བསམ་བློ་གཏོང་སྟངས་ནོར་མེད་ན་སེང་ཁྱི་ཁོ་འདི་ནས་ཤི་རྒྱུ་རེད། ངས་ཁོ་ཕྱིར་ཁྱིམ་དུ་ཁུར་ཐུབ་ན་ཡང་ཁོ་གསོན་མི་ཐུབ་ཐག་ཆོད་རེད། ད་ཡིན་ན་ཁོའི་རེ་བ་མི་སྐོང་ཐབས་མེད་རེད། ཁོའི་མགོ་བོ་ངས་པང་དུ་བཟུང་སྟེ་ང་ཡུན་རིང་ངུས་པ་ཡིན། ཁོས་ཀྱང་ལག་གཡས་བརྐྱངས་ཏེ་ངའི་བྲང་ཁ་ལ་ཡང་ཡང་ཕུར་བ་ལྟར་བྱས་བྱུང་། དེ་ནི་ཁོས་ང་ལ་སེམས་ཁྲལ་མ་བྱེད་ཟེར་གྱི་ཡོད་པ་འདྲ། ཁ་ནས་བཤད་མི་ཤེས་ཀྱང་ཁོའི་མིག་མཐའ་ནས་མཆི་མ་ཡུར་ཆུ་ལྟར་བཞུར་སོང་། འགྲམ་པ་ན་ཝུ་བ་སོབ་སོབ་ཞིག་ཕྱིར་སྐྱུག་གིན་འདུག རྒྱུ་མཚན་ཅི་ཡིན་ངས་ག་ལ་ཤེས། ས་རུབ་ནས་རྒྱང་མིག་ཆད་ཚར་བར་དུ་རྟ་རྒན་ང་གཉིས་ཀྱིས་ཁོ་བསྲུངས་ཏེ་གདུང་སེམས་མཉམ་སྐྱེད་བྱས་ནས་བསྡད་པ་ཡིན།
སེམས་འཁྲེང་བ་དང་ཕྱི་མིག་ལྟ་བཞིན་ཕྱིར་མི་ཡོང་ཐབས་མེད་རེད། དགོང་མོ་དེར་ང་ཕྱིར་རང་ཁྱིམ་དུ་འབྱོར་ཟིན་ན་ཡང་ད་དུང་ཕྱིར་འདང་མང་བོ་བརྒྱག་དགོས་ཀྱི་འདུག ངས་སུ་ལ་ཡང་སྐད་ཆ་བཤད་འདོད་མེད་པས་ལག་ཏུ་ཕྲེང་བ་བཟུང་ནས་མ་ཎི་བཏོན་པ་ཡིན། སྐྱག་ཁ་མ་ལ་དེ་འདྲའི་ཚོར་སྣང་ཅང་མེད་པ་འདྲ། མོས་ད་དུང་བསམ་ཁོ་དང་སྒྲོལ་ལེ་ཐོའུ་མའི་སྐོར་འདྲི་བཞིན་ཡོད་ནི་རེད། བསམ་ཁོ་དང་སྒྲོལ་ལེ་ཐོའུ་མའི་བར་གྱི་འབྲེལ་བ་ཅི་ཞིག་ཡིན་མིན་ང་ལ་བརྟིང་འདྲི་བྱས་སོང་། མོའི་དྲི་བ་དེ་ཚོ་གོ་ན་ང་སྐྱུག་རྒྱུ་ཡོང་གིན་འདུག
ཁྱོད་རྫོང་འདྲི་ཞིབ་ལས་ཁུངས་ནས་ཆེད་དུ་འདིར་འདྲི་རྩད་བྱེད་དུ་མངགས་པ་ཡིན་རྒྱུ་མ་རེད། ཤི་བོ་ཕྱི་མའི་ཡུལ་ནས་འདུག་གི་འཇོག་འདོད་ཡོད་ནི་མ་རེད། དེང་སང་གི་བུ་མོ་འདི་ཚོའི་སེམས་ལ་དྲན་རྒྱུ་མང་བ། ཁ་ནས་བཤད་རྒྱུ་མང་བ། ལག་ནས་ལས་རྒྱུ་ཡང་མང་ནི་རེད། ཁ་ཡ་བྱས་ན་མི་འདོད་གི་ཡ། ངོ་མ་བཤད་ནི་ཡིན། དགོང་མོ་དེར་ངའི་མིག་ལམ་ན་ད་དུང་དུར་ཁྲོད་དང་དུར་ཁྲོད་ནང་གི་སེང་ཁྱི་མ་གཏོགས་མེད།
ཕྱི་ཉིན་ཞོགས་པའི་སྐྱ་རེངས་འཐེན་པ་དང་ང་ཕྱི་ལ་བུད་པ་དུས་མཉམ་ཡིན། ཨ་མྱེས་རྫ་རྒན་ལབ་ཙེ་ཡོད་སར་ཐོན་དུས་ཀྱང་ང་ར་བཟི་བ་ཞིག་དང་ཨ་ན་མ་ན་རེད། འཁྱ་འཁྱོར་གྱིས་གོམ་པ་སྔུན་ལ་སྤོ་བཞིན་རི་མགོར་འགོས་པ་ཡིན་མོད། ང་ཅི་ལྟར་ཡར་ར་ལངས་ནས་སྐེ་རགས་བསྡམས་པ་དང་རྟ་ལ་ཞོན་པ་སོགས་ཞིབ་འདང་བརྒྱབ་ཀྱང་ད་དུང་ཡང་ཡིད་ལ་འཁོར་གྱི་མི་འདུག ངས་རྫུན་བཤད་དགོས་དོན་མེད། གཅིག་བྱས་ན་ཞོགས་པ་དེར་ངས་ནངས་ཇ་ཡང་འཐུང་མེད་ན་ཐང་། ངས་ངོ་མ་བརྗེད་སོང་ནི་རེད།
ད་སོ་མ་ས་ལ་བཞག་པའི་ཉི་འོད་དང་སྡོངས་པའི་སྨུག་པ་བན་བུན་དེས་དུར་ཁྲོད་ནང་དང་རི་ངོས་སུ་བསངས་དུད་འཕྱུར་བ་ལྟར་བྱེད། ང་དུར་ཁྲོད་ལ་བསླེབས་དུས་ཕྱིས་བོ་ཆགས་འདུག འགོར་དྲག་པ་དེ་ངའི་འགྱོད་གདུང་གི་རྨང་གཞི་དུ་ཡང་གྱུར། མདང་དགོང་ང་སོང་བའི་རྗེས་ལ་སེང་ཁྱི་ཡང་བུད་སོང་ཟིག ཨ་ཤི་རེ་ཁོ། ཁོས་རང་གི་ཕུང་བོ་དུར་ཁྲོད་ནང་བསྐྱུར་ནས་གཏན་ཏུ་འཇིག་རྟེན་འདི་དང་ཁ་བྲལ་སོང་ཟིག་ཡ། སྐྱ་རེངས་ཉག་ཁ་ནས་ཚུར་སྤྲོ་བའི་ཉི་གཞོན་དེ་མིག་ལ་གཟན་པ་ཞིག་ཡིན་ཡང་ཞོགས་པའི་རྡོག་ལམ་ན་འོད་དུ་འཚེར་བའི་བསིལ་བ་དཀར་བོས་ད་དུང་ཕྱོགས་ཀུན་ཏུ་ཁྱབ་ནས་སྐྱ་སྒར་རེ་འདུག འཇིག་རྟེན་འདིར་ང་གཅིག་པུར་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ལྟ་བུའི་སྣང་བ་སྟེར། སེང་ཕྲུག ཁྱོད་ཀྱིས་ང་ཕྱིར་ཡོང་ཚར་བར་དུ་མི་སྒུག་དོན་ཅི་ཡིན་ནམ།
སྐྱོ་སྣང་གི་མིག་ཆུ་དེ་ཚོ་ཤེལ་དཀར་གྱི་ཕྲེང་ཐག་ཆད་པ་ལྟར་འཐོར་ནས་ཁོ་ལ་སྐྱེལ་མ་བྱས་པ་དང་། ལྷན་ཅིག་ངའི་སེམས་གྱི་གཏིང་རིམ་ནས་ན་ཟུག་གསར་བ་ཞིག་ལངས་ཡོང་གིན་འདུག་པས་བཟོད་ཐབས་བྲལ། ཁོས་ང་ལ་སྒུག་ལོང་མ་བྱུང་བ་བདེན་མོད། ངས་འཁང་ར་བྱེད་རྒྱུ་ཡིན་པ་ཁོས་དྲན་མི་སྲིད་པ་ག་ལ་ཡིན།
དེས་རྐྱེན་གྱིས་ཁོ་འགྲོ་ཁར་ང་ལ་ཁ་ཆེམས་ཞིག་བཞག་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། དེ་ནི་བསོད་བྷེ་ལགས། དགོངས་པ་མ་ཚོམ་རོགས། ངས་ཁྱོད་ལ་སྒུག་ཐུབ་མ་སོང་། སྐྱེ་བ་སྔ་ཕྱི་ཡོད་ཀྱང་འཆིབར་སྔ་ཕྱི་མེད་ཐལ། ཚེ་ཕྱི་མའི་ཡུལ་ནས་སྒུག་ནས་འདུག གཞུག་ནས་མཇལ་ཡོང་ཟེར་བ་དེ་རེད། ནམ་ཞིག་དུར་སའི་མཐའ་ན་ལངས་པའི་རྫ་ཁའི་སྤྱང་མ་ཚོས་ཁ་གྲགས་པ་དང་ཁྱོད་ལ་དཔང་པོ་བྱེད་ངེས་ཡིན།
ཉི་འོད་ཀྱི་དྲོད་འཇམ་ཕྱོགས་ཀུན་ལ་ཁྱབ་ན་ཡང་བསིལ་རླུང་ཡང་མོ་ཞིག་གིས་ཁོའི་རྒྱབ་ཀྱི་སྤུ་ཉག་རེ་རེ་བཞིན་བསྔོགས་ནས་གྲངས་བཤར་བྱེད། ལང་ཚོ་དར་ལ་བབས་པའི་སྔོན་ཆད་ཀྱི་སེང་ཁྱི་ཡི་སྤུ་སྡུག་དེ་ཚོ་ད་ཆ་རྒས་ཀྱང་ཁོག་པའི་རྟ་རྒན་ཞིག་གི་རྔོག་མ་དང་འདྲ་བོ་འདུག ད་དུང་ངའི་སེམས་ན་རྟས་མི་བསྲུན་པའི་འགྱོད་པ་ཞིག་འདུག ངས་འདི་སུ་ལ་བཤད་དགོས་པ་རེད་དམ། ངའི་མི་ཚེ་ནང་གི་གྲོགས་པོ་ཡག་ཤོས་གཉིས་ཀ་ས་འདི་ལནས་འགྲོ་སོང་། ལུས་པོ་ས་འདི་ལ་འཐིམ་སོང་།
ངས་པུས་མོ་གཉིས་ཀ་གཤིབས་ནས་ས་ལ་བཙུགས་པ་དང་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ནས་མཆོག་གསུམ་ལ་སྐྱབས་འཇུག་ཞུས་པ་ཡིན། ཁོ་གཉིས་དག་པའི་ཞིང་ནས་སྐྱེས་པ་དང་ཕྱི་མར་སླར་ཡང་ཐུག་ཐུབ་པའི་སྨོན་ལམ་བཏབ་པ་ཡིན། ད་དུང་ཚེ་ཕྱི་མའི་ཡུལ་ནས་སྒྲོལ་ལེ་ཐོའུ་མ་ལ་ཡང་ཐུག་ཐུབ་ཡོད་མེད་དྲིས་པ་ཡིན། སྒུག་ཀྱང་ལན་མེད་པས་ཕྱིར་མི་ཡོང་ཀ་མེད་རེད། ངའི་སེམས་ནང་སྟོང་བ་ཞིག་རེད། རི་ཁའི་ལྷགས་རླུང་དེས་ཀྱང་རྒྱབ་ནས་བདས་པས་ལུས་པོ་འདི་སྦྲིད་ནས་རང་ལ་མི་དབང་བའི་སྣང་བ་སྟེར། འཁྱ་འཁྱོར་གྱིས་གོམ་པ་རེ་རེ་སྤོ་མཚམས་སུ་རྐང་བ་འདྲེད་ནས་ཐང་ལ་འགྱེལ་ལ་ཁད་བྱེད།
དེ་ནས་བཟུང་ཉི་མ་རེ་རེ་བཞིན་ཁོ་གཉིས་ལ་ལྟ་རུ་སོང་བ་ཡིན། ད་དུང་ངས་ཚ་གསུར་ཕུལ་ནས་ཕྱོགས་བཞིར་དྲི་བསུང་གིས་ཁྱབ་དུ་བཅུག་པ་ཡིན། རྒྱུ་མཚན་ནི་ཕྱི་མའི་ཡུལ་གྱི་ལམ་བྲོ་ཉན་པ་དང་ནམ་ཡང་ཁོ་ཚོས་བཀྲེས་སྐོམ་མྱོང་མི་དགོས་པའི་ཆེད་དུ་ཡིན། གཤོག་པ་གཉིས་བརྐྱངས་ཏེ་ཆེའི་མཐོ་ས་ན་འཕུར་བའི་བྱ་རྒོད་སྐོར་ཅིག་ལྡིང་སྐོར་གྱི་གར་ལ་བྲེལ་བས་མར་འབབ་རྩིས་མེད་ན་ཡང་། ཅི་ཞིག་ལ་འཁོན་འགྲས་བྱེད་པ་ལྟར་སྐྱ་ཀ་དེ་ཚོས་སྐད་ངན་སྒྲོག་པ་རྒྱུན་མི་ཆད། གོ་བོ་མགོ་དཀར་ཅིག་གིས་ཀྱང་རྒྱང་རིང་ནས་ལྐོག་ལྟ་བྱེད་པ་ལས་ཉེ་སར་བཅར་མི་ཕོད་།
སེང་ཁྱིའི་འདས་དོན་ངས་སུ་ལ་ཡང་བཤད་མེད་ལ་ཨ་མ་ཀླུ་མོ་འཚོ་ལ་ཡང་བཤད་རོགས་མ་ཆོད། མོས་ཤེས་ན་ནི་མེ་ཡི་སྟེང་དུ་བུད་ཤིང་བསྣན་པ་ལྟར་སེམས་པ་ཡོངས་རྫོགས་སྐད་ཅིག་ལ་བསྲེགས་ངེས་རེད། གནས་ལུགས་ཏེ་ངས་སྔར་ནས་ཤེས་ཡོད། དེ་ནས་བཟུང་སྟེ་ངས་རྟ་ཡང་བཞག་ཏེ་ལྐོག་ཏུ་རྩམ་པ་འཁྱེར་ནས་ཁོ་གསུམ་ལ་ཚ་གསུར་ཕུལ་བཞིན་ཡོད། ད་དུང་སྒྲོལ་ལེ་ཐོའུ་མ་དང་ཁོ་གཉིས་ཀྱི་མོག་མོག་གི་འཇིག་རྟེན་དེར་རྒྱང་ལྟ་བྱས་ཏེ་ལྡོག་སྣེ་རེ་ཨེ་མཐོང་གི་བལྟས་པ་ཡིན།
བསམ་ཁོ་ཡ་བསམ་ཁོ། ཁྱོད་ལ་ཅི་འདྲའི་གསང་བ་མང་བོ་ཞིག ད་ཁྱོད་ལ་འདི་ལས་གསང་བ་གཞན་ཅང་ཨེ་ཡོད། གཅན་ཚའི་རྩ་ཐང་གི་མཛེས་མ་ཚོས་ཁྱོད་ལ་ཟུར་མིག་བསྟན་ན་ཡང་ཁྱོད་ཀྱིས་ཡ་ལན་བྱིན་མ་མྱོང་། ཁྱོད་ཀྱི་མིག་ནང་གི་མཛེས་མ་ནི་སྒྲོལ་ལེ་ཐོའུ་མ་གཅིག་པུ་རེད་དམ། འཇིག་རྟེན་ན་སྒྲོལ་ལེ་ཐོའུ་མ་ལས་མཛེས་མ་ཞིག་མེད་སོང་ནི་ཨེ་རེད། བསམ་ཁོ་ཡ། ངའི་དྲི་བ་ལ་ལན་ཅིག་རྒྱོབས་དང་།
ཉིན་གང་བོར་དུར་ཁྲོད་ནས་བསྡད་དེ་ཁོ་ཚོར་འདུག་རོགས་བྱས་པ་ཡིན། ང་ཁོ་ཚོའི་འགྲོ་རོགས་མ་ཉན་ན་ཡང་སྐྱོ་རོགས་ལོས་ཉན། ཉིན་མོའི་ཉི་འོད་ཀྱིས་གདུངས་པ་དང་མཚན་མོའི་གྲང་ལྷགས་ཀྱིས་བཅོམ་ནས་སེང་ཁྱིའི་སྤུ་མདོག་གི་གྱ་ཁ་ཡང་ཉམས་ནས་མདོག་མེད་ཞིག་ཏུ་གྱུར་བ་མ་ཟད་རིམ་གྱིས་འོག་ནས་རུལ་བ་དང་གོང་ནས་སྐམ་པས་གཡག་རོ་ལྟ་བུའི་སྟོབས་ཆེན་གྱི་བེམ་རོ་དེ་ཡང་ད་གཟོད་ཝ་རོ་ལྟར་ཉམ་ཆུང་བར་གྱུར་སོང་།
ཁོའི་ཕུང་བོ་ས་ལ་མ་ཐིམ་གྱི་བར་དུ་ངས་སྲུང་བའི་དམ་བཅའ་བཞག་པ་ཡིན། ཁོ་གཉིས་ཀྱི་རྣམ་ཤེས་གང་དུ་ཡོད་མེད་ངས་མི་ཤེས། སེང་ཁྱིའི་སྤུ་ཉག་རེ་རེ་བཞིན་རླུང་གིས་འཁུར་ནས་ཕྱོགས་བཞིར་བྲོས། སྟོན་མཇུག་གི་ཁ་བ་དང་ནམ་ཟླ་འཁྱགས་པས་ཙག་ལྡོམ་དེ་ཚོས་སུ་ལ་ཡང་སྙིང་རྗེ་སྒོམ་མི་སྲིད། ཉི་མ་དང་མཚན་མོ། མཚན་མོ་དང་ཉི་མ། སྔ་དྲོ་དང་ཕྱི་དྲོ། ཆུ་ཚོད་དང་སྐར་ཆ། མཛུབ་མོ་ནང་ལ་བཀུག་ནས་རིང་ཞིག་ཐལ།
བདུན་ཕྲག་འགའི་རྗེས་སུ་ཤུལ་ཏུ་ལུས་པ་ནི་ཁྲག་དྲོན་གྱིས་སྦངས་མྱོང་བའི་ས་སྐྱ་ཀོག་དེ་དང་རླུང་གིས་བརྡལ་པའི་སྤུ་ཡི་ཉག་མ་འགའ་ལས་ཅི་ཡང་ལྷག་མེད། ངས་དུར་ས་ནས་ས་ནག་སྦར་མོ་གང་བླངས་ཏེ་རུམ་ལ་བཅུག་པ་དང་ཐ་ཐོར་གྱི་རྔོག་མ་དག་བཏུས་ཏེ་སྙིང་ཁར་བསྡམས། མགོ་བོ་བཏེགས་ཏེ་ལྷོ་ངོས་ཀྱི་མཁའ་དབྱིངས་ལ་བལྟས་ཏེ་ཁྲམ་ཁྲུམ་གྱི་མིག་ཆུ་མང་བོ་དང་བཅས་གདུང་འབོད་གྱེར་བ་ཡིན། འཇིག་རྟེན་གྱི་འཚོ་བ་ནི་ཅི་འདྲའི་མངར་ལ་སྐྱུར་བ་ཞིག་རེད་ཨང་།
ད་དུང་ཆེ་མཐོ་ས་ན་འཕུར་བསྐྱོད་བྱེད་བཞིན་པའི་བྱ་གླག་མང་བོས་གཤོག་འགྱུར་ངོམ་བཞིན་ལྡིང་བསྐོར་ལ་བྲེལ་བ་མཐོང་། ལུས་པོ་འཇིག་རྟེན་འདི་དང་གྱེས་ན་ཡང་ཞེ་འཁྲེང་བའི་སེམས་པ་དམར་བོ་དང་རྣམ་ཤེས་ཕྲ་མོ་དེ་ནམ་ཡང་ང་དང་ཁ་འབྲལ་རྒྱུ་མིན་པ་ང་ལ་ཡིད་ཆེས་ཡོད། དེ་ནས་ངས་གྱེས་ཕྱག་གཅིག་དང་བཅས་རེ་ཞིག་ཁ་བྲལ་བའི་དགོངས་པ་ཞུས་པ་ཡིན།
ང་ཨ་མ་ཀླུ་མོ་འཚོ་ལ་མ་ཐུག་པར་ཉི་མ་མང་བོ་བུད་སོང་། རྐང་བ་ཡོད་ཀྱང་འགྲོ་དཀའ་བར་གྱུར་ཡོད། བསམ་ཁོ་འདས་ནས་དགུང་ཞག་ཚང་བ་ལ་ཉིན་གསུམ་ལས་མེད། ངས་མོ་ལ་ཅི་ཞིག་བཤད་དགོས་བ་མི་ཤེས། ཁྱིམ་དེ་ན་མོ་གཅིག་པུ་ཡིན། ཉིན་མོ་འཁྱོལ་ན་ཡང་མཚན་མོ་མི་འཁྱོལ། ཆུད་ཚོད་དང་སྐར་ཆ་ཙམ་ཡང་བགྲོད་དཀའ་བའི་ཚོད་ཡིན། མོས་ང་མཐོང་བ་དང་ང་ལ་སྟེར་བ་ནི་མིག་ཆུ་ཕོར་བ་གང་ཡིན། རྐྱལ་བའི་ནང་དུ་ཆུ་བསགས་པ་ལྟར་མོའི་སྐྱི་པགས་ནང་ཡོངས་རྫོགས་མིག་ཆུ་ཡིན། ད་ངས་མོ་རིག་ན་མི་འདོད་གི་ཡ། འཇིག་རྟེན་ནི་འདི་འདྲའི་ཆ་མི་སྙོམས་པ་ཞིག་ཡིན་དོན་ཅི་ཡིན་ནམ།
ཁ་ནས་དགོད་སྒྲ་རྫོགས་པ་དང་གདོང་ནས་འཛུམ་མདངས་ཡལ་བ་མོ་གཅིག་པུ་ག་ལ་ཡིན། མོའི་མི་ཚེ་ལ་རིན་ཐང་མེད་ལ་འཚོ་བ་ལ་དོན་སྙིང་ཞིག་གང་ནས་ཡོད། དེ་ངས་ཀྱང་ཤེས་ཡོད། མོའི་ལས་དབང་ལ་བསམ་ན་སྙིང་ཡང་རྗེ་གི་འདུག་མོད། ཞིབ་ཏུ་བསམ་ན་ང་མོའི་སྟེང་དུ་སྙིང་ལང་གི་འདུག ངོ་མ་བཤད་ནི་ཡིན། དེས་རྐྱེན་གྱིས་ནམ་རྒྱུན་ངས་ཁུ་ཡུག་ལ་ཁའི་བྲག་མགོ་ནས་མོ་ལ་ལྐོག་ལྟ་བྱེད་ཀྱིན་ཡོད།
དེ་རིང་ཡང་ངས་ཁུ་བྱུག་ལ་ཁའི་བྲག་མགོ་ནས་ཁོ་ཚང་ལ་འདི་ལྟར་བལྟས་ནས་བསྡད་ཡོད། ཅི་ལྟར་བལྟས་ན་ཡང་སྒོ་ལམ་ནས་ནག་འབུར་རེ་མི་ཞིག་གི་གྲིབ་མ་ཙམ་ཡང་རིག་རྒྱུ་མི་འདུག་ལ་སྦྲ་ནག་གི་ཁ་ཚབ་རླུང་གིས་བསྐྱོད་པ་ལས་དུ་པ་རྩྭའི་འཇག་མ་ཙམ་ཡང་མཐོང་རྒྱུ་མེད། ཡིན་ན་ཡང་ངས་ད་དུང་སྔར་བཞིན་ཅི་ཞིག་ལ་སྒུག་ཀྱང་ཅི་ཞིག་ལ་བལྟས་ནས་མི་འདུག་ཐབས་མེད་རེད།
སྨྲས་པ།
རྔམ་བརྗིད་རི་བོ་གར་གྱིས་འགྱིང་བའི་སྲས་ཆེན་རྫ་ཡི་མདུན་ངོས་སུ།།
མུ་མཐའ་བྲལ་བའི་སྤང་གཤོངས་སྔོན་མོ་ཐགས་སུ་སྐྲུན་པའི་ཐང་ཆེན་ཡོད།།
འབྲི་གཡག་ལུག་གི་ཕ་ས་དེ་རུ་རྫི་གླུ་རིང་མོའི་འགྱུར་ཁུག་སྙན།།
ཤ་འཁོན་རྩོད་པའི་ཨག་འགྱུར་དེ་ཡང་རྣ་བའི་ལམ་དུ་ཡང་ཡང་ལྷུང་།།
ནགས་ཀླུང་རལ་བ་གྱེན་དུ་གསིགས་པའི་ས་འཛིན་བགྲད་པའི་གར་དག་ལ། །
དུས་ཀྱི་ཁ་བ་རླུང་གིས་སྤུར་དུས་རི་ལུང་མ་ལུས་གོས་དཀར་བཀླུབས།།
མྱ་ངན་ཐང་གི་རྟ་ཕོ་འདུར་བཞིན་དཔྱིད་ཀྱི་དཔལ་མོ་བསུ་བའི་དུས་།།
ལས་ཀྱི་འཁུར་བོ་རྒྱབ་དུ་སྐྱུར་ཏེ་སེམས་ཀྱི་ངལ་གསོ་ཐེངས་གཅིག་བསྟེན།།
ལ་ཁའི་ཆིག་ལབ་ཅེས་པའི་སྒྲུང་གཏམ་ཚན་པ་བཅོ་ལྔ་ཅན་ཡོངས་སུ་རྫོགས་སོ།།།།
འགྲམ་པ་ན་ཝུ་བ་སོབ་སོབ་ཞིག་ཕྱིར་སྐྱུག་གིན་འདུག། ཧ་ཧ། མང་པོ་ཀློག་གི་མིན།
འགྲམ་པ་ན་སྐྱུག་ས་ཞིག་ཡོད་པ་འདྲ།
སྐྱུག་པ་ལ་སྐྱུག་ཐུབ་པའི་ཤུགས་ཤིག་དགོས་པ་རེད་ཐལ།
ལྦུ་བ་སོབ་སོབ་སྐྱུག་ཐུབ་ནིའི་སེམས་ཅན་ཞིག་གླིང་བཞི་གླིང་བརྒྱད་དུ་རྙེད་ཡ་མི་འདུག་གོ། ཧ་ཧ།
དགད་དགད་ནས་རྒྱུ་མ་ཡང་ན་སོང་། ཧ་ཧ།
དགེ་འདུན་ཡང་ངུ་ཡང་ང། ཁྱོད་ཅིག་ཡང་རྒྱོ་མང་སོང་ཟིག་ཡ། ཧ་ཧ།
བདག་གིས་བྲིས་པའི་ལ་ཁའི་ཆིག་ལབ་ཚན་པ་བཅོ་ལྔ་ཅན་འདི་ཁ་བརྡ་ཚང་གི་དྲྭ་ལམ་དུ་བཀོད་ཐུབ་པ་བྱུང་བས་ཁ་བརྡ་ཚང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཚན་པ་འགའི་མཇུག་ནས་དུམ་བུ་རེ་ཆད་ནས་བཀོད་ཐུབ་མ་སོང་། བསྐུར་བ་དང་བཀོད་པ་གང་གི་རྐྱེན་ཡིན་གསལ་བོ་ཤེས་མ་སོང་། གང་ལྟར་ཚར་བ་རེད། བདག་ལ་རྩོམ་ཡིག་འབྲི་བའི་ཤེས་ཚད་དང་ཉམས་མྱོང་ཞན་པས་ཀློག་པ་པོའི་འདོད་བློ་ཅི་བཞིན་སྐོང་ཐུབ་མ་སོང་།
ད་དུང་ཡང་མུ་མཐུད་ནས་འབྲི་བ་དང་ཡར་རྒྱས་ལ་གཏོང་བའི་འདོད་བློ་ཡོད། ཁོས་པོས་ཞན་ཆ་ལ་སྐྱོན་བརྗོད་དང་ལམ་སྟོན་གནང་པར་འབོད་སྐུལ་ཞུ་བཞིན་ཡོད།