དགེ་འདུན་རྒྱ་མཚོ།
༼ཚན་པ་གཉིས་པ༽
ངེད་ཚང་གི་སྟོན་ས་ནི་མཚེར་ཆེན་མདོའི་ཆུ་ཁ་ན་ཡོད། ལོ་རྒྱུན་དུ་ངེད་ཚང་གི་སྟོན་རུ་འབབས་ས་འདི་ཡིན། སྐྱ་ཀོར་ཀོར་གྱི་ཉི་མ་དེ་ཡང་རི་རྩ་ལ་ལྷུང་ལ་ཁད་ཡོད་པའི་སྐབས་ལ་རུ་འདབས་ནས་མི་སྐད་དང་ཁྱི་སྐད་འདྲེས་མ་ཞིག་གྲགས་ཡོང་སོང་། ལྷས་ར་ན་ཡོད་པ་དེ་ཨ་མ་ཡིན། མོས་ནོར་རྡང་བར་ན་འབྲི་མོ་རྣམས་བཞོ་བཞིན་ཡོད། བསོད་བྷེ། ཕྱི་ལ་བུད། འདབས་ན་མི་ཞིག་གིས་འབོད་གིན་ཡོད་གི
འོ། ཡ། གློ་བུར་བའི་འགྲུལ་བ་དེ་ཐོན་པའི་རྐྱེན་གྱིས་ང་ཡང་གློ་བུར་དུ་ཡར་ལངས་ནས་སྔུན་ལ་མི་འབུད་ཐབས་མེད་རེད། ངས་འུར་ཆའི་སྣེ་མོར་དགལ་རྒྱུའི་རྩིད་པ་དེ་ཡང་སླས་ཁོམ་མ་བྱུང་བར་བཀོལ་འདབས་ལ་གཡུགས་པ་དང་ར་སྒོར་བུད་ནས་བལྟས་པ་ཡིན། འོག་ཞོལ་ན་གཡག་ཞོན་ཞིག་གིས་གཡག་ཁ་གཅུས་ཏེ་ཚ་སྣ་བྱེད་ཀྱིན་ང་ལ་སྒུག་ཡོད་འདུག དེ་ནི་གཞན་མ་ཡིན་དེ་ངའི་ངོ་ཤེས་རྙིང་བ་ཞིག་རེད། ཅི་ཞིག་གི་ཆེད་ལ་ཡོང་བ་མི་ཤེས་ཀྱང་བྱིས་པ་དེ་བསམ་ཁོ་ཡིན་པ་ངས་བལྟས་པ་ཙམ་གྱིས་གསལ་བོར་ཤེས་བྱུང་། འོ་མ་བཞོས་པའི་ཤག་སྒྲ་དང་ཨ་མས་སྒྲོལ་མ་གྱེར་བའི་གདངས་དབྱངས་གཉིས་གཞིས་གཅིག་ལ་འདྲེས་པས་ནོར་ལུག་གི་གྲགས་འགུལ་ཡང་ཟིན་གྱིས་མནོན་པར་བྱེད། འབྲི་མོའི་རྔ་རྒྱབ་ནས་ཨ་མའི་མགོ་བོ་ནག་འབུར་རེ་འདུག གཡག་རྒན་སྔོ་རྡོ་ཞིག་ལ་ཞོན་མཁན་གྱི་ཞི་ལི་ཞིག་རེད། དེའི་སྐད་ལ་བལྟས་ན་ཕལ་ཆེར་བསམ་འགྲུབ་ཚེ་རིང་ཡིན་ནི་འདྲ་ཟིག་རེད། ཁྱོས་ལྟོས་ལ། སུ་རེད།
རེད། ཁོ་ནི་བསམ་ཁོ་རེད།
དོན་ངོ་མ་བཤད་ན་ཨ་མས་བསམ་ཁོ་ངོ་ཤེས་པ་མ་ཟད་ཁོའི་སྐད་ཀྱང་ནོར་མི་སྲིད། བསམ་ཁོས་ནམ་རྒྱུན་དང་མི་འདྲ་བར་འགྲུལ་བ་གསར་བ་ལྟར་འདི་ལྟར་ཐག་རིང་ནས་བོས་ཚེ་ངའི་ཨ་མའི་སེམས་ལ་དོགས་པ་འདྲ་མིན་འཆར་ན་ཡང་ཐང་། ཡིན་ན་ཡང་ངས་དེར་ཁ་ཡ་བྱེད་ནི་མ་རེད། ད་དུང་ས་མདོག་ལོག་མེད་པས་གཡག་རྒན་སྔོར་རྡོ་དང་བསམ་ཁོ་གཉིས་ཕྱིར་འགྲོ་རྩིས་ཡོད་པ་འདྲ། དེ་འདྲའི་བྲེལ་བ་ལངས་དགོས་དོན་ཅང་ཨེ་ཡོད་སྙམ། རུ་སྐོར་འདི་ན་གཡག་རྒན་སྔོ་རོ་གཅིག་མ་གཏོགས་མེད། གཡག་ཁུ་ཡུ་དེར་ཞོན་ནས་ཁོས་ནམ་རྒྱུན་རི་ཁ་ཉུལ་ནས་ནོར་ལུག་འཚོ་བཞིན་ཡོད་པ་སྡེ་མི་རྒན་གཞོན་བར་གསུམ་ཚང་མས་རིག་ཡོད་ནི་རེད། ལུང་བཟང་ནས་གཡག་ལ་བཞོན་ནས་འདིར་ཡོང་ན་ལམ་བར་ནས་ཆུ་ཚོད་ཕྱེད་ཀ་འགོར་སྲིད། ཁོ་བསམ་གཟས་ནས་འདིར་ཡོང་དོན་ཅི་ཡིན་ངས་མི་ཤེས། གཅིག་བྱས་ན་རུ་ཉུལ་བརྒྱག་གི་ཡོད་བ་ཡིན་ན་ཡང་ཐང་། གང་ལྟར་ང་མ་སོང་ན་ཁོ་མི་ཡོང་ཐག་ཆོད་རེད།
ཝེ། ཤོག ཡར་མི་ཡོང་ང་། ཐག་རིང་ནས་ཀི་བཏབ་ནས་ཅི་བྱེད།
མི་ཡོང་། ཁོམ་ན་རོགས་ཟིག་བྱོས།
ཆི་ཟིག་རེད། ཤོད།
འཇོ་ན་མི་འདོད་ན་མ་སོང་ན་ཆོག
མ་བཤད་ན་མི་ཤེས་གི
ཅང་མི་འགོར།
ས་རུབ་སོང་ན་ཕྱིར་ཡོང་ཤེས་ནི་མ་རེད།
ངས་བཤད་ཞོར་དང་མཉམ་དུ་རྐང་གང་མགྱོགས་ཀྱིས་ཁོའི་ཁད་ལ་རྒྱུག་པ་ཡིན། ངེད་གཉིས་ཀྱི་སྐད་མགོ་ཅུང་མཐོ་བས་ངའི་ཨ་མས་ཐོས་ཡོད་ཀྱང་སྲིད། གཅིག་བྱས་ན་ངེད་གཉིས་གྲོགས་པོ་རྙིང་བ་ཡིན་པས་མོས་དེ་ཙམ་དོ་སྣང་བྱེད་ཀྱི་མེད་ན་ཡང་ཐང་། ཁོའི་རྣམ་འགྱུར་ལ་བལྟས་ན་གཡག་གོང་ནས་མར་འབབས་རྩིས་མི་འདུག སྐེ་སོ་འཁྱོག་ནས་སྐར་ཆེན་ལྟ་བུས་མིག་ཟུང་གིས་ང་གཅིག་པུར་ཅར་རེ་གདའ་ཡོད་པས། ཕལ་ཆེར་ང་རྒྱལ་གྱིས་བཟི་པ་ལྟར་སྣང་། ཁེངས་རློན་ཅན་གྱི་ཞི་ལི་འདི་ཁ་གྲགས་རྒྱུར་དེ་ཙམ་མི་དགའ། གཞན་གྱིས་བཤད་ན་བསམ་ཁོས་བསམ་ཤེས་པ་ནས་བཟུང་ལྐུག་པ་ཞིག་ཏུ་གྱུར་སོང་ཟེར།
ཁ་ལྷོ་ལ་འཁོར་བའི་བྱང་རིའི་རྩེ་ལ་ཕོག་པའི་ཉི་ཟེར་ཅུང་ཟད་ལྷག་ཡོད་པ་ལ་བལྟས་ན་ད་དུང་ས་རུབ་པ་ལ་ཅུང་འགོར་རྒྱུ་ཡིན་པར་ཚོད་དཔག་བྱེད་ཐུབ། ངས་གང་དུ་འགྲོ་དགོས་མིན་དང་ཐག་རིང་བོ་ཡོད་མེད་དྲིས་ཚེ། ཁྱི་ཕྲུག་ཞིག་གི་ཆེད་དུ་ཁོའི་ཨ་ཞང་ཚང་ལ་འགྲོ་དགོས་ཚུལ་སོགས་བརྒྱུད་རིམ་མང་བོ་ཞིག་བཤད་བྱུང་། ཁོས་གཤོབ་བཤད་མི་ཤེས། ཁོས་ང་ལ་རྫུན་མི་བཤད་པ་ང་ལ་ཡིད་ཆེས་ཡོད། མཚམས་དེར་ངས་འཚབ་བ་འཚུབ་བེར་ཕྱི་མིག་ཅིག་བལྟས་ཀྱང་སྒོ་ལམ་ནས་ཨ་མའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད།
ཨ་ཕ་མེད་ཤུལ་ནས་དབང་ཆ་ཚང་མ་ཨ་མའི་ལག་ན་ཡོད། ངའི་ཨ་མ་བཙན་པོ་ཞིག་ཀྱང་ཡིན། ཡིན་ན་ཡང་ང་མོ་ལ་སྐྲག་གི་མ་རེད། མོས་བཤད་པ་དང་གཅར་བ་གཉིས་ལ་ང་གོམས་སོང་ནི་རེད། ངའི་ཨ་ཕས་མཚམས་རེར་མ་གཏོགས་གཅར་རྡུང་མི་བྱེད། རྡུང་ཚེ་ལག་ནས་རོ་མི་ལོན།
བསམ་ཁོ་སྙིང་རྗེ། ཁོས་དོན་མེད་ལ་ང་གཏམས་ནི་མ་རེད། དེ་ལ་གྲོས་བརྡུར་བྱེད་དགོས་དོན་ཅང་ཡོད་ནི་མ་རེད། ཁོའི་སྐད་ཆ་དེ་ཚོ་ངའི་སེམས་ལ་བབས་པ་དང་ང་འཐད་པ་བྱུང་། གང་ཡིན་ཟེར་ན། སྡེ་བའི་ཁྱི་ཁ་བཙན་པ་དང་བྱིས་པ་ཚོ་མ་རབས་ཡོད་པ་ངས་ཀྱང་ལོས་ཤེས། དགོད་བྲོ་བ་ཞིག་ལ་ཁོ་ནི་ཕོ་རྒོལ་གསར་བུ་ཚོ་ལས་བྱིས་པ་ཚོར་སྐྲག་ནི་རེད། དེ་བཤད་ན་སུའི་རྣ་ལ་འཇོ་ནི་རེད། ཁ་ལས་ཀླུང་རྟ་རྒུད་པའི་ཉི་མ་དོན་དག་འདྲ་འབྱུང་ན་ཐང་། དེས་རྐྱེན་གྱིས་ངས་ཁོ་ལ་རོགས་མ་བྱས་ན་སུས་བྱེད་དམ། ཁོའི་ང་འབོད་དོན་ནི་ངའི་སེམས་ན་ཕྲ་ལམ་མེར་ཡོད། ཡིན་ཡང་ངས་ཁོ་ལ་ལན་ཅི་ཡང་བཏབ་མེད། ལག་པས་རྣམ་འགྱུར་བསྟན་པ་ནི་ཁྱོད་སྡོད་ད་ང་རེམ་མ་ཡོང་བའི་བརྡ་ཡིན།
ཨ་མ། བསམ་ཁོ་རེད། ང་ཁོ་ལ་རོགས་བྱེད་དུ་འཇོ་དགོས། ཅང་མི་འགོར། ལུང་བ་ཁ་ཡངས་ནང་ལ། ང་རེམ་པར་ཡོང་ང་། ཕྱིར་རྒྱུག་ཡོང་བའི་ཞོར་དུ། སྦ་ནག་གི་འདབས་ལ་མ་སླེབ་མཚམས་ནས་ངས་དེ་ལྟར་སྐད་ཤུགས་ཆེན་པོས་སྐད་ལན་བསྐུར་བ་ཡིན། ཨ་མས་གོ་མེད་ན་ཡང་ཐང་། གོ་མེད་ཀྱང་བསྐྱར་བཤད་ཀྱི་ཁོམ་ལོང་ང་ལ་མེད། གོ་ཡོད་ཀྱང་རུང་མེད་ཀྱང་རུང་ལན་ལ་སྒུག་འདོད་ནི་དེ་བས་མེད། མོས་ཅི་ཟེར་ལ་ངས་ཁ་ཡ་བྱེད་ནི་མ་རེད། སྐད་དེ་རླུང་ལ་བསྐུར་བ་དང་ཁ་ཕྱིར་འཁོར་ནས་གཡག་ཐོ་རྣ་ལོ་བཟུང་བ་ཡིན། རྣ་ལོ་ནི་ང་ཐག་རིང་ལ་འགྲོ་བྱེད་ཀྱི་རྐང་བ་གསོན་པོ་དེ་ཡིན། མྱུར་དུ་ཞོན་ནས་ལམ་ལ་ཆས་པ་ཡིན།
ང་འཚབ་བ་འཚུབ་བེར་གྱུར་དོན་ཡང་བསམ་ཁོས་སྒུག་པ་གཅིག་པའི་ཆེད་མིན་པར་ཨ་མས་ཕྱིར་བོས་ཨེ་ཡོང་བསམ་ནས་སྐྲག་པས་ཡིན། ངའི་ཨ་མས་ནམ་རྒྱུན་དུ་ང་གཅིག་པུར་མིག་གིས་བལྟས་བསྡད་ཡོད་ནི་ཟིག་ལ་རིག་གི་རེད། ཉིན་མ་གཅིག་ལ་ངས་གཡག་དུ་བཏང་བའི་གྲངས་ཀ་ཡང་མོས་ཤེས་ཡོད་ནི་རེད། སྡིགས་པ་དང་རྡུང་བ་ལ་གྲངས་ཀ་མེད། ངའི་ཨ་མ་ཡང་ཨ་མ་ཀླུ་འཚོ་ལྟར་ཁ་ཡང་མོ་དང་ལག་པ་ལྷོད་མོ་ཞིག་ཡིན་ན་ཅི་མ་རུང་།
ཝེ། ཁྱོད་གཉིས་གང་ཟིག་ལ་འཇོ་རྒྱུ། ཐག་རིང་ལ་མ་འཇོ། རུ་ཉུལ་རྒྱག་མི་ཉན། ཁྱི་ཁ་ནས་སེམས་ཆུང་བྱོས། ཨ་ཕ་ཕྱིར་ཡོང་ན་ངས་བཤད་ན་ཐང་། ཝེ། བསོད་བྷེ། ཨ་རོགས་གཉིས། ཨེ་གོ་ཐལ།
ཨ་མས་ངེད་གཉིས་ཀྱི་རྗེས་ལ་ཉེན་བརྡའི་མདེའུ་ཆར་བ་ལྟར་ཕབ་ཀྱིན་ཡོད་པ་སྨོས་མ་དགོས་པ་རེད། དགུང་མོ་དེར་སུ་ཞིག་ར་མདའ་ལ་རྒྱུག་ཡོང་ན་ཡང་ངེད་གཉིས་ཕྱིར་ཟློག་ཐུབ་ཀྱི་མ་རེད། ཨ་མས་ཅི་ཞིག་བཤད་རྒྱུ་ཡིན་པ་ངས་ཚོད་དཔག་བྱེད་མི་ཐུབ་པ་ཅི་ཡོད། མོའི་སྐད་ཆ་ནི་ནམ་རྒྱུན་གྱི་བསླབ་བྱ་རྙིང་བ་ཤ་སྟག་ཡིན། ཚིག་དེ་དག་ངའི་ཁ་ནས་ཀྱང་ཆུ་བཞུར་བ་བཞིན་སྐྱོར་ཐུབ། ཡིན་ཡང་ངེད་གཉིས་ཀས་ལན་ཅི་ཡང་བཏབ་མེད། སྐྱི་བསེར་གྱི་རླུང་བུ་ལྡང་བས་སྣང་བ་རྒྱ་ཡུན་ལ་བསྐུར་ཚེ་རང་ཉིད་འཇིག་རྟེན་འདིར་ཡོང་དགོས་དོན་དང་འཇིག་རྟེན་འདིའི་རིན་ཐང་ད་གཟོད་གཞི་ནས་ཤེས་ཐུབ། སྟོན་མཇུག་གི་གཡག་རྒན་ཚོའི་གོང་ཁ་ན་བྱིས་པ་ཚོ་ལུག་གི་བལ་ལས་ཀྱང་ཡང་ཟེར། ངོ་མ་དེ་རིང་གཡག་ཐོ་གཉིས་ཀ་རྟ་ལས་མགྱོགས་པ་དང་གོམ་ཁ་རླུང་ལས་ཡང་བའི་སྣང་བ་སྟེར། ངོ་མ་སྐྱིད་གི་རེ།
ཁྱོད་དེ་འདྲ་ཟིག་དགའ་དགོས་དོན་ཅི་ཡིན།
དེ་རིང་ངས་ལས་ཀ་གལ་ཆེན་ཟིག་སྒྲུབ་རྒྱུ་ཡིན།
ངོ་མ་དགའ་ཡང་དགའ་ལ། སྐྱིད་ཀྱང་སྐྱིད་པ་ཞིག་རེད། ངས་གླུ་སྐད་དར་དིར་ཞིག་བླངས་པ་ལ་བསམ་ཁོས་ང་ལ་བལྟས་ནས་འཛུམ་གྱིན་གདའ། ཁག་ཡོད་ནི་མ་རེད། ངའི་གླུ་ཚིག་ལ་མགོ་སྔ་ཅང་མེད།
འོ་་་ཡེ། དགོངས་ཨ་སྔོན་བང་རིམ་དགུ་བརྩེགས་རེད། ངོ་མ་བཤད་ན་དེའི་ཚིག་གཞུག་མ་ངས་མི་ཤེས།
མཚེར་ཆེན་གྱི་སུམ་མདོ་ནས་བུད་པ་དང་མཉམ་དུ་ཐང་སྔོ་རོད་གྱི་སྣེ་ནས་བཟུང་ཡོད། ཐང་ཆེ་རྒྱུ་མེད་ཀྱང་ན་གཞོངས་ཆེ་ས་ཞིག་ཡིན། རྟ་སྒ་ཉག་ཁའི་ཕར་ནང་ཅོག་ཤུར་ནང་རེད། གོང་ཁ་དེ་ནས་མར་བབས་དུས་རྒན་མོ་ཚོའི་མཚན་མ་ལྟ་བུའི་ལུང་བ་ཞིག་རིག་འདུག་ལ། དེའི་མཐིལ་ན་ཁྱིམ་ཚང་གཉིས་མཐོང་བའི་གཅིག་ནི་ཁོའི་ཨ་ཞང་ཚང་མིན་ན་སུ་ཡིན།
སྒྲུང་གཏམ་འདིའི་བྱུང་རིམ་དང་མི་སྣ་དག་ལས་གང་ཤེས་སམ།
སྐད་ཆ་བཤད་མི་ཐུབ་པའི་དུད་འགྲོའི་རིགས་ཀྱི་བརྩེ་བ་ཇི་ལྟར་ཟབ་མིན་ལ་མིའི་རིགས་ཀྱིས་དཔྱད་འཇོག་དང་ཅི་ལྟར་གཟབ་དགོས་མིན་སོགས་མངོན་པར་མཚོན་ནུས།
སྒྲུང་གཏམ་འདིའི་ངོས་དང་ཟུར་གང་ལ་བལྟས་ཀྱང་ཚང་དགོས་པའི་སྒྲུང་གཏམ་ཞིག་གི་གྲུབ་ཆ་ཡོངས་སུ་ཚང་འདུག་པས་རྩོམ་པ་པོ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
བཀླགས་ཟིན།
སྙན་པོ་འདུག
མུ་མཐུད་ནས་འབྲི་རོགས་གནང་།
འགྲུལ་པ་དང་། འགྲུལ་བ་གཉིས་ལ་ཁྱད་ཅིག་ཡོད་དགོས་སྙམ་མོ།།
ཀརྡོ་གཉེར་ཕྱག་པས་གསུངས་པ་བདེན་པ་རེད།
འགྲུལ་པ་དང་། འགྲུལ་བ་གཉིས་ལ་ཁྱད་ཅིག་ཏན་ཏན་ཡོད་རེད།
ངས་བསམ་བློ་གཏོང་ས་དེ་ཁ་སྐད་དང་བརྗོད་བདེ་འབྲི་ཐབས་ལ་འབད་ཀྱིན་ཡོད།
ཁོ་བོ་ནམ་ཡང་མི་ཁོམ་པའི་གནས་དགུ་ལ་ཞིག་ལ་ལྷུང་ཡོད་པས་དག་བཅོས་ཡག་པོ་བྱེད་ལོང་མི་འདུག
མིག་གིས་ཀྱང་ཡག་པོ་མནོན་གྱིས་མི་འདུག
གྲོགས་པོ་ཚོས་ཚིག་དོན་ཕྱོགས་ཡོངས་ནས་རོགས་རམ་གནང་བའི་རེ་བ་ལྕི།