ལ་དྭགས་བློ་བཟང་འཇམ་དཔལ་ནས་།
སྒོམ་སྡེ་ལྷ་རམས་པ་དང་། ཀློག་མཁན་རྣམས་ལ་ཞུ་བ།
ཉེ་དུས་སྒོམ་སྡེ་ལྷ་རམས་པས་བདག་གི་ཞུས་དག་ཡིག་ནོར་དག་ལ་ཞུས་དག་དང་འབྲེལ་བཀའ་བཀྱོན་ཡང་མཛད། བསམ་ཤེས་ན་བཟོད་པའི་གྲོགས་ལ་ཕན། དངོས་གནས་ཡིག་ནོར་བསལ་བ་དེ་དག་དགའ་བསུའི་ངང་ནས་དང་ལེན་ཞུ་འོས། སྒྲོ་བཏགས་དང་རིགས་པ་དང་འགལ་བའི་གཏམ་དག་ལ་གཏམ་ལན་ཡང་འཇལ་འོས།
གཞན་ལ་ཞུས་དག་གཏོང་བ་ལ་ཞེས་པ་ནས་མང་པོ་འདུག ཅེས་པ་ཤིན་ཏུ་བདེན། ཁོ་པ་རང་ཞེས་པ་ནས་རང་རློམ་ཅན་ཞིག་འདུག་ཅེས་པ་ཚད་མ་ཡིན་ན་བདག་རང་རྨོངས་པའི་དབང་གིས་བྱུང་བ་ལ་དགོངས་དག་ཞུ།
བདག་གི་གླེང་བརྗོད་ལ་ཡིག་ནོར་ཡོད་པ་བཞིན་དུ། ཁྱེད་ཀྱིས་བདག་ལ་བཤད་པའི་བྲིས་ཡིག་འཕྲེང་བརྒྱད་པ་ཙམ་ལའང་ཚིག་རྩུབ་ཡང་སོགས་ཡིག་ནོར་ཕུང་པོའི་གྲངས་ལས་མི་ཉུང་བ་དང་། འོག་གི་བྲིས་དག་ན་ཡང་། ཁྱེད་མི་ཚེ་རྟགས་བསལ་གྱི་རི་ལ་བསྐྱལ་ནས་རྟགས་བསལ་གྱི་དག་ཆའི་རི་དྭགས་ངོ་མ་ཤེས་པར་རྟགས་བསལ་ལ་རྟགས་གསལ་སོགས་མ་དག་པར་བྲིས་པ་བརྟག་ན་མང་དུ་ཡོད་ངེས། ཁྱེད་ཀྱིས་བདག་ལ་འཕངས་པའི་སྐྱོན་ནམ་ཐལ་བ་དེ་དག་ཁྱེད་རང་ལའང་འཇུག་པས་རང་མཚང་དེ་དག་ཁྱེད་ལྷ་རམས་པ་རང་ཕྱོགས་འཐད་པའི་ཕྱོགས་སུ་ལྷུང་གིས་མཐོང་དཀའ་སྟེ།
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
ཁྱེད་ཀྱིས་དགེ་འདུན་རབ་གསལ་ལ་ལན་བྲིས་པ་ན།
གཞུང་ཆེན་མོ་སྤྱི་དང་ལྷག་པར་རྗེའི་གསུང་ལ་འོལ་ཚོད་ཀྱིས་ལོག་བཤད་བྱས་ཏེ་དག་པ་དེ་མ་དག་པ་བཟོས་པ་དེར་རྩ་བ་ནས་བཟོད་ཐུབ་མ་སོང་།
ཞེས་པའི་བརྗོད་པ་འདི་ནི། རྣམ་དཔྱོད་ཅན་གྱི་གཏམ་དུ་་མི་སྣང་། བདག་གིས་གཞུང་ཆེན་མོ་དང་ལྷག་པར་རྗེའི་གསུང་ལ་ལོག་བཤད་བྱས་ཏེ་འདི་དག་པོ་མི་འདུག་ཅེས་དཔྱད་པ་ག་ལ་ཞུ་ཐུབ། གཏན་ཏུ་ཞུ་མི་ཐུབ། འོན་ཀྱང་གསུང་དེ་དག་གི་ཡིག་ནོར་དག་ལ་ཡིག་ནོར་མེད་པར་བཟོ་བའི་ཕྱིར་དུ་ལྷག་བསམ་བཟང་པོ་ཁྱེར་ནས་བྱས་པ་ཡིན། དཔེར་ན། ཁྱེད་ཀྱི་གྲྭ་ཚང་གིས་༡༩༩༩ལོར་སྤར་པའི་རྗེའི་གསུང་། དབུ་མ་དགོངས་པ་རབ་གསལ་ན། ཡིག་ནོར་ཇི་ཙམ་འདུག ཡིག་ནོར་བཏང་བས་ལོག་བཤད་དུ་འགྲོ་ན། དེ་དག་ལ་ཁྱེད་བཟོད་ཐུབ་ན། སྒོམ་སྡེ་ལྷ་རམ་པ་ཁྱེད་ཕྱོགས་ལྷུང་དོག་རོང་སྐྱུག་བྲོ་བའི་ནང་ལ་ལྷུང་ནས་ཐར་དཀའ་བ་མ་ཡིན་ནམ།
དེ་ཡང་བདག་གིས་མཛོད་རང་འགྲེལ་སོགས་ཉེ་དུས་སྤར་པའི་གཞུང་བཅུ་ཙམ་ལ་གང་ཐུབ་ཞུས་དག་བྱས་ཡོད་པ་དང་། བདག་གི་ཡིག་ནོར་རྣམས་ལ་དག་སེལ་མཛོད་ཅེས་ཡང་དང་ཡང་དུ་ཞུས་ཡོད། དེ་ལྟར་བྱས་པའི་དགོས་པ་ནི། ཁྱེད་ཀྱིས་སྒྲོ་བཏགས་པ་བཞིན་དུ། རང་ཉིད་ཤེས་རྒྱ་ཅན་དུ་སྟོན་ཆེད་མ་ཡིན་པར་བོད་དཔེ་ཉེ་དུས་སྤར་པ་རྣམས་ན་སྔར་གྱི་མ་དཔེ་རྣམས་ལ་བལྟོས་ཏེ་ཧ་ཅང་གི་ཡིག་ནོར་མང་བར་མཐོང་བས། གློག་ཀླད་དུ་བཅུག་པའི་བཀའ་བསྟན་གསུང་འབུམ་ཡིག་ནོར་རྣམས་སླར་གསོ་ཐུབ་ན་ཅི་མ་རུང་བསམས་ཏེ། ང་རང་ལ་བྱ་དགོས་པ་ལས་གཞན་མང་པོ་ཡོད་ཀྱང་། བྱ་བ་འདི་བོད་རིག་གཞུང་སྐད་ལ་ཞབས་ཏོག་ཞུ་བའི་ཚུལ་དུ་བསམ་སྟེ། གསར་བསྐྲུན་དཔེ་ཆ་དག་ནས་ཡི་ནོར་རྣམས་བཏུས། དེ་དག་ལ་གཞུང་དཔེ་གཞན་དག་ཡང་བལྟས་ནས་ཞུས་དག་ཞུས་བགྱིས། འོན་ཀྱང་། བློ་གྲོས་དམན་པ་བདག་ལྟ་བུས་བྱས་པ་ལ་མ་ནོར་བ་ག་ལ་སྲིད། གཟོ་བོར་གནས་པའི་མཁྱེན་ལྡན་བོད་རིག་གཞུང་སྐད་སྲུང་འདོད་ཅན་རྣམས་ཀྱིས་ཡིག་ནོར་བཅོས་རྣམས་གཏན་འབེབས་གྲུབ་པ་ན། ཁུངས་སོ་སོར་བསྐུར་ཏེ། གློག་ཀླད་དུ། མ་དཔེ་ཡོད་པ་ལ་ཡིག་ནོར་རྣམས་ལ་དག་བཅོས་མཛོད་ཅེས་ཞུ་ངེས་ལགས།
དེ་ཡང་ཞུས་དག་བྱས་པ་རྣམས་ན་རུང་བ་གང་ཡིན་ལོན། མི་རུང་བ་གང་ཡིན་དོར། ཅེས་པ་མ་གཏོགས་རྒྱལ་པོས་བཀའ་འབེབས་པ་ལྟ་བུ་ཞིག་སུས་བྱེད་མི་བྱེད་སྒོམ་སྡེ་ཁྱེད་ཀྱིས་བདག་གི་ཡིག་ནོར་དག་ལ་དགག་པ་རྣམས་ཇི་ཙམ་བདེན་ནམ་མི་བདེན་བལྟ་ཆོག བཀའ་དྲིན་ཆེ་ཞེས་ཞུ་བ་ཡ་རབས་ཀྱི་ལུགས་སོ།
སྒོམ་སྡེ་ལྷ་རམས་པས་ཞུས་དག་མཛད་པ་ནས། གཅིག་རང་གཅིག་གནང་བཀག་ཅན་ཞིག་འདུག དེ་ནི། ཚེ་རངས་པ་ཞེས་པ་ཚེ་རིངས་པ། ཞེས་པ་དེ་ངས་ཡིག་ནོར་བྱས་འདུག དེ་ཡང་དཧ་རྨ་ས་ལ་སྤར་མ་གཞིར་བཞག་ནས་རྩ་བའི་ལེགས་སྦྱར་ལ་མ་བལྟས་པའི་སྐྱོན་དུ་མཐོང་ངོ་།
ཁྱེད་ཀྱི་དགག་པ་༡ ནས་༡༣ བར་དུ་ངལ་བ་དོན་མེད་པར་ཕྱིན་འདུག བོད་དཔེ་ཤོག་རིང་དང་། དཔེ་ཐུང་གང་ཡིན་གྱི་ཡིག་འཕྲེང་རྣམས་མུ་མཐུད་ཡོད་པར་ཉིས་ཤད་དགོས་ཀྱང་། འདིར་རབ་བྱེད་རྣམས་སོ་སོར་བཅད་ཡོད་པས་ཤད་གཅིག་གིས་ཆོག་པར་བགྱིས། དེ་ཡང་མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཆོས་ཀྱི་ཚིགས་སུ་བཅད་པ་ན། རྒྱལ་བྱེད་ཚལ་དུའོ། ཞེས་སོགས་སྲོལ་ཕྱེས་པ་ལྟར་བདག་གིས་ཀྱང་དེ་དང་མཐུན་པར་བྱས་པ་ཙམ་དུ་མ་ཟད་འདི་མཛེས་ཆོས་སུ་འགྱུར་རམ་མི་འགྱུར་མ་མ་གཏོགས་དོན་ལ་གནོད་པ་གང་ཡང་མེད་དོ།
ཁོ་བོའི་འབད་པ་ནི་ཡི་གེའི་དག་ཆ་རྣམས་གནའ་བོའི་དག་ཆ་རྣམས་དང་མཐུན་པར་སྒྲུབ་པ་ཡིན་ལ། ཡི་གེ་དག་ཆ་དེ་རྣམས་ལ་གདམ་ང་མེད་པ་གཅིག་ཏུ་གནས་ཐུབ་པ་ཞིག་བྱུང་ན་སློབ་གསར་པ་ཀུན་ལ་འདི་ཡིན་ནམ་ཡང་ན་འདི་ཡིན་ཞེས་འཐོམ་མི་འོང་བ་ལ་ཕན། དག་ཆ་གཅིག་གཏན་ལ་འབེབས་དགོས་ཀྱི་གཉིས་མི་རུང་། རྟ་གཅིག་ལ་སྒ་གཉིས་མི་ཉན་ཞེས་པའི་ཁ་རྒྱུན་ལྟར་རོ།
གལ་ཏེ་སྔ་སྲོལ་དང་ངེས་པར་དུ་བསྟུན་དགོས་ན། ཁྱེད་ཀྱི་གླེང་བརྗོད་དུ། རྫོགས་ཚིག་གཏན་ནས་མེད་པ་དེ། རྫོགས་ན་སླར་བསྡུ་སྦྱར་དགོས་ཞེས་པའི་གཞུང་དང་འགལ་བ་མ་ཡིན་ནམ། རྣམ་དཔྱོད་ཀྱིས་བསམ་དགོས་སོ།
༡༤ ཁོ་བོས་སྒྲ་ཟུར་ཆག་པ་དང་སྒྲ་གདངས་གཞན་དུ་གྱུར་པའི་ཚིག་རྣམས་འཐད་པ་མ་ཡིན་པ་འོག་ན་བསྟན་པར་འགྱུར་རོ།
༡༥ ༡༦ བྱ་ཚིག་ཅིག་གི་རྗེས་སུ་ན་ཡིག་ཡོད་པ་ཡིན་ན། བྱ་ཚིག་དེ་ངེས་པར་འདས་ཚིག་དགོས་པ་ཧ་ཅང་ཐལ་ཏེ། དེ་འདྲ་ལ་སྐབས་ཐོབ་ཀྱིས་དུས་གསུམ་གང་ཡང་རུང་བ་མཐོང་། ད་ལྟ་བ། དཔེར་ན། ཁྱེད་ལ་དངུལ་ཡོད་ན། ང་ལ་གཡོར་དང་། ཞེས་དང་། སྔོན་གྱི་སྐ་བ་དཔལ་བརྩེགས་ཀྱི་གསུང་ན། རྗེས་སུ་དཔོག་པར་བྱེད་ན། ཞེས་དང་། ཡུལ་དུ་བྱེད་ན་ནི་དོན་གཞན་ཡིན་པར་འགྱུར་རོ། རྒྱུད་གཞན་གྲུབ་པ་༡༩༩༧ཤོག་༣༧ དང་༤༤ཝ་ན་སྤར་མ་ །ཞེས་སོགས་མང་ངོ་། །མ་འོངས་པ་ནི། བསྒོམ་ན་བྲམ་ཟེ་གཟི་དང་ལྡན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ནའོ། ཞེས་པ་ལྟ་བའོ།
༡༧ བསྟན་དར་ལྷ་རམས་པས་ཇི་ལྟར་བྲིས་པ་བཀོད་པ་དེ་ལ་ཁྱེད་ཀྱིས་དུ་ཡིག་དེ་ན་ཡིག་ཏུ་བསྒྱུར་པ་དང་། བྱུང་ཞིང་ཞེས་པ་འབྱུང་ཞིང་ཞེས་ད་ལྟ་བའམ་མ་འོངས་པའི་ཚིག་སྦྱར་བ་རང་ཉིད་སྙིང་ཁམས་ཆེ་བར་བསྟན་པ་མ་ཡིན་ནམ། མཁས་དབང་དེ་ཉིད་ཀྱི་ཚིག་བརྗོད་འདི།གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ ༩༩ ཡི་གེ་བཤད་པ་མཁས་པའི་ཁ་རྒྱན། ཤོག་གྲངས་ ༥༧༥
༡༨ ཁོ་བོས་གོའོ།
༡༩ གོང་གི་ ༡༥ ༡༦ སྐབས་དང་འདྲའོ།
༢༠ ས་མཐར་དམིགས་བསལ་ཤེས་ཀྱི་ཚབ་ལ་ཞེས་དགོས་པ་དེ་ཕྱིས་སུ་དར་བར་མངོན། བསྟན་འགྱུར་གྱི་དཔེ་ཆ་མང་པོ་ན་ནི་དམིགས་བསལ་མེད་པར་མཐའ་གཅིག་ཏུ་ཤེས་ཞེས་བྲིས་པ་ཁྱེད་གཟིགས་རྒྱ་ཆེ་བས་མཐོང་ཡོད་ངེས། འོན་ཀྱང་དིང་སང་སུ་ཡང་དེ་འདྲ་འབྲི་མཁན་མེད། ཡོད་ན་སྟོན་དང་། ཁོ་བོས་ཀྱང་དེ་བཞིན་དུ་འབྲི་བར་འགྱུར་རོ།
༢༡ འཕྲེང་ཞེས་པའི་སྔོན་འཇུག་འ་ཡིག་ལེགས་པར་མ་འབོད་པའི་དབང་གིས་མང་པོས་ཕྲེང་ཞེས་པ་མ་དག་རྒྱུན་འབྱམས་སུ་སོང་བ་རྣམས་གདམ་ངར་བྱས་ཀྱི། སྔར་གྱི་ཆོས་སྐད་ལ་བརྩི་དགོས་ན། ཕྲེང་ཞེས་པ་མ་ཡིན། འཕྲེང་ཞེས་པ་ཉིད་ཁས་བླང་དགོས་སོ༏
༢༢ འདི་ཡང་གོང་གི་གནས་ལུགས་དང་འདྲའོ༏
༢༣ བོད་རྒྱ་ཚིག་མཛོད་ཆེན་མོ་ན་ཡོད་ཚད་ཚང་མ་མཐའ་གཅིག་ཏུ་ཚད་ལྡན་མ་ཡིན་པ་ནི༏ ཁོ་བོས་༡༩༩༣ལོར་ བོད་རྗེ་མི་མངས་ལ་ཕུལ་པའི་སྤྲིང་ཡིག་ཅེས་པ་ལྗང་གཞོན་༡༩༩༧འདོན་ཐེངས་༩ ཤོག་༤༦ ན་གསལ། གལ་ཏེ་ཚིག་མཛོད་དེ་ན་ཡོད་པ་ཚང་མ་ཚད་ལྡན་ཡིན་དགོས་ན། སྩོལ་གྱི་འདས་ཚིག་ལ་བསྩལ་ཅེས་པ་དེ་བཀའ་བསྟན་རྒྱ་གཞུང་བོད་གཞུང་དཔེ་ཆ་རྣམས་སུ་སྩལ་ཅེས་ཡོད་པ་དེ་རྩ་མེད་དུ་འགྲོ་བ་མི་འདུག་གམ།
༢༤ སེ་ར་བྱེས་ལ་སེ་ར་བྱེ་ཞེས་ཡིག་ནོར་བྱུང་བ་དེ་ནི། གནའ་བོའི་འབོད་ཚུལ་ལ་སྣང་བ་མ་བྱས་པས་དིང་སང་གི་འབོད་ཚུལ་གྱི་ཤིས་ངན་པའི་ཤན་བདག་ལ་ཞུགས་པའི་འབྲས་བུར་འདུག བདག་གི་གྲོང་ཡུལ་པས་བྱེས་ཤེས་པ་གནའ་བོའི་དུས་བཞིན་འབོད་པས། དེ་བཞིན་བོས་པ་ཡིན་ན། འདི་འདྲའི་ཡིག་ནོར་མི་སྲིད་ཀྱང་། ཁྱེད་རྣམས་ཀྱིས་རྗེས་འཇུག་མེད་པར་འབོད་པ་དེ་ཁོ་བོའི་ཡིག་ནོར་གྱི་རྒྱུར་གྱུར། དེས་ན་ཡི་གེ་དག་པར་འདོད་ན་ངེད་ཅག་གིས་གནའ་བོའི་འབོད་ཚུལ་ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་བྱ་དགོས། བདག་གིས་ཨ་རི་བོད་ཀྱི་རིག་གཞུང་སྐད་ཀྱི་སློབ་གཉེར་ཕོ་མོ་ཀུན་ལ་གནའ་བོའི་ཀློག་ཚུལ་བཞིན་སློབ་པར་བྱེད་པ་དེ་ཡིས་དེ་དག་གི་ཡི་གེ་དག་པོ་འབྱུང་བ་ལ་ཕན་པ་ཧ་ཅང་ཆེའོ།
དེས་ན་རང་རེའི་བོད་ཀྱི་ཕྲུ་གུ་ཀུན་ལ་སྤྱིར་བཏང་གི་སྦྱོར་ཀློག་རིང་པོ་ཞིག་ཡོད་པ་དེའི་ཚབ་དེ་ལ་གནའ་བོའི་ཀློག་ཚུལ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་ལྟར་བྱེད་ཐུབ་ན་ཡི་གེ་དག་པོ་འབྱུང་བ་ལ་ཧ་ཅང་ཕན་པ་ཆེའོ།
བོད་ལྗོངས་ཕྱི་ནང་མཐའ་མཚམས་དག་ན་གནའ་བོའི་ལུགས་ལྟར་འདོན་པ་ད་ལྟ་ཡང་འདུག ༢༠༠༦ ལོར་བདག་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ལ་དྭགས་དང་། སྦལ་ཏི་སྐད་ཀྱི་འབོད་སྟངས་འགའ་ཞུས་པ་ན། མདོ་སྨད་འབྲོག་ཡུལ་ན་ཡོད་དམ། གང་ན་ཡོད་ནན་ཏན་མ་ངེས། སྐྲ་ལ་གནའ་བོའི་འབོད་ཚུལ་བཞིན། སཀར་ ཞེས་འབོད་ཅེས་ཨ་ལག་དོར་ཞིས་གསུངས། ཡང་ཁྲིན་ཏུའུ་རུ་ཁམས་ཕྱོགས་ཀྱི་སློབ་གྲྭ་པ་འགའ་དང་སྐད་ཆ་བྱས་པས་གྲོ་མ་ལ་གནའ་བོའི་ཀློག་ཚུལ་བཞིན་ གརཨོ་མ་ ཞེས་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་དུ་འབོད། དེ་བཞིན་འབྲས་ལྗོངས། ལ་དྭགས་གཤམ་ཕྱོགས། པ་ཀི་སྟན་ན་ཡོད་པའི་སྦལ་ཏི་དག་གི་སྐད་ལ་གནའ་བོའི་འབོད་ཚུལ་ཚིག་མང་པོ་འདུག ལ་དྭགས་པ་མང་པོས་ཡི་གེ་སྒྲ་དག་པ་འབྱུང་བ་ལ་སྦལ་ཏི་སྐད་དེ་ཕན་ཐོགས་འདུག་ཅེས་གླེང་ངོ་།
༢༥ ནས་ ༢༨ མདའ་ཚན་པ་ཨང་གྲངས་༡༢་པས་ཁྱེད་ཀྱི་སྐྱོན་བརྗོད་ལ་ལན་ ཐེབས་ཀྱང་། ཅུང་ཙམ་གླེང་བར་སྤྲོ་སྟེ། ཁྱེད་གཟིགས་རྒྱ་ཆེ་བས་བཀའ་བསྟན་དཔེ་ཆ་སྤར་མ་དག་ན། བསྐུངས་ཡིག་དིང་སང་གི་འཕྲུལ་འཁོར་པས་བྲིས་པ་དང་འབྲི་བཞིན་པ་མང་པོ་འདུག་གམ། དིང་སང་ངེད་ཀྱིས་མདོ་སྡེ་བསྐལ་བཟང་ཀློག་པ་དེ་ན་ནི། གས་ལ་ཏ་ལོག་བྲིས་པ་གཅིག་ཀྱང་མ་མཐོང་། དེ་བཞིན་བཀའ་འགྱུར་དང་བསྟན་འགྱུར་དག་གི་དཔེ་གཞུང་རྣམས་ན་གས་ཏ་ལོག་བྲིས་པ་མེད་པ་ལྟ་བུ་ཡིན།
བསྐུངས་ཡིག་ལ་གཙང་བཀྲ་ཤིས་ལྷུན་པོར་བསྡུས་ཡིག་ཟེར། བདག་གི་དཔེ་ཆའི་དགེ་རྒན་དམ་པས་བསྡུས་ཡིག་ནི་དག་ཡིག་གི་དགྲ་ཡིན་ཞེས་གསུངས་པ་དྲན། བསྡུས་ཡིག་མ་སྦྱངས་པ་ཞིག་གིས་དེ་དག་ཀློག་མི་ཐུབ་པའི་དཀའ་ངལ་ཡང་མཐོང་། དེས་ན་བཀྲ་ཤིས་ལ་བཀྲིས་དང་། བཀའ་དྲིན་ལ་བཀྲིན་སོགས་བསྡུས་ཡིག་མ་འབྲི་ན་ཕན་པ་ཆེ། གས་ལ་ཏ་ལོག་བྲིས་པ་དེ་བོད་ཡིག་སློབ་གསར་པས་ཀློག་མི་ཐུབ་པ་མང་དུ་མཐོང་། དེས་ན་བོད་ཡིག་སྤར་ཁང་དག་གིས་གས་ལ་ཏ་ལོག་གཏན་འབྲི་བར་མ་མཛད་ཅེས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན།
༢༩ གཉིས་ཀ་ལ་ཉིས་ག་ཞེས་ཁྱེད་ཀྱིས་བྲིས་འདུག་པས། ལེགས་པར་བལྟས་མེད་པར་མངོན། འདིར་ཤོག་གྲངས་༩པར་གཉིས་གར་ཞེས་པ་གཉིས་དང་གཉིས་ག་ཞེས་གསུམ་ལ་སྔར་གྱི་ལོ་ཙ་ཆོས་སྐད་གཞིར་བཟུང་སྟེ། གཉི་གར་དང་། གཉི་ག་ཞེས་ཞུས་དག་བྱས།
མཛོད་རང་འགྲེལ་དང་། དབུ་མ་འཇུག་པའི་རང་འགྲེལ་སོགས་བཀའ་བསྟན་ན་གཉི་ག་ཞེས་སྣང་ཡང། དིང་སང་ཚང་མས་གཉིས་ཀ་ཞེས་འབྲི། བདག་རང་ཡང་དེ་ལྟར་ཡིན། འོན་ཀྱང་འདིར་གཉིས་ཀ་ལ་གཉི་ག་ཞེས་ཞུས་དག་བྱས་པ་ནི་གཞུང་དཔེ་དེ་ཉིད་ཀྱི་སྐད་ཡིག་དང་བསྟུན་ནས་བྱས་སོ།
༣༠ འདིར་ཚེ་མ་ཞེས་པར་མ་སྔོན་འཇུག་ཆད་པར་ཁྱེད་ཀྱིས་མཚེ་མ་ཞེས་ཚིག་དག་པར་མཛད་པ་ལ་བཀའ་དྲིན་ཆེ།
༣༡ གླགས་ན་ཞེས་པར་ལྷག་ན། ཁྱེད་རང་ཉིད་མཐོང་རྒྱ་ཆེ་བར་བསྟན་པ་དང་། བདག་གིས་མ་བྱས་པ་ལ་བྱས་སོ་ཞེས་སྒྲོ་བཏགས་པ་ཡང་མཆིས་སོ། །སྟབས་ལེགས་ཀྱིས་མཛོད་རྩ་དང་། དེའི་རང་འགྲེལ་ལེགས་སྦྱར་རྙེད་པས། ཞུས་དག་བྱེད་དུས་ལེགས་སྦྱར་མ་དཔེ་ལའང་མཉམ་བསྡུར་གྱིས་ཚིག་རྣམས་གོ་བས། བོད་རྒྱ་ཚིག་མཛོད་ལ་ལྟ་དགོས་མ་བྱུང་། དེར་མ་བལྟས་པ་ལ་བལྟས་སོ་ཞེས་འོལ་ཚོད་ཁྱེད་ཀྱིས་བྱས་པ་ང་ལ་བྱས་སོ་ཞེ་མགོ་གཡོགས་པ་མ་ཡིན་ནམ།
གླགས་སམ་ལྷག་གི་ལེགས་སྦྱར་སྐད་དོད་ ཨ་དཧི འམ་ཡང་ན་ ཨ་དཧི་ཀ་ཞེས་པ་ཡིན། ཚིག་འདི་བོད་སྐད་དུ་ཚང་མས་ལྷག་ཅེས་བསྒྱུར་པ། ལྷག་བསམ་དང་། ལྷག་པའི་བསླབ་པ་དང་། ལྷག་པར་འཕེལ་ཞེས་སོགས་ཡོངས་གྲགས་ཡིན། དེ་བཞིན་སྒྱུར་བ་པོ་མཛོད་རང་འགྲེལ་སྒྱུར་བ་པོ་སྐ་བ་དཔལ་བརྩེགས་དབུ་མ་རིན་ཆེན་འཕྲེང་བའི་ཡང་སྒྱུར་བ་པོ་ཡིན། དེ་ན་ལྷག་པའི་སྐད་དོད་ཨ་དཧི་ཀ་ཞེས་པ་ལྷག་པར་ཞེས་བསྒྱུར་ཏེ།
དེ་ལྟར་མཁས་པས་ཐེག་ཆེན་ལ། །ཁོང་ཁྲོ་བ་ནི་ཟད་བྱ་ཞིང་།
རྫོགས་པའི་བྱང་ཆུབ་བསྒྲུབ་བྱའི་ཕྱིར། །ལྷག་པར་རབ་ཏུ་དད་པར་བྱ།། ༩༧ །།
དབུ་མ་རིན་ཆེན་འཕྲེང་བ། ལྷ་ས་ཞོལ་སྤར་མར་གཞིར་བཟུང་སྟེ། ལྷ་ལུང་པ་བློ་བཟང་ཕུན་ཚོགས་ཀྱིས་རྒྱ་གར་ལྡི་ལིར་སྤར་རྩ་བྱས་ཏེ། ༡༩༧༠ ལོར་སྤར་པའོ།
ཁྱེད་ཀྱི་ཞེ་འདོད་ལ་བདག་གི་ཞུས་དག་བྱས་པ་ཚར་གཅད་ཕྱིར་དུ། གླགས་དང་ལྷག་སོགས་མིང་གི་རྣམ་གྲངས་སོ་ཞེས་བཀོད་ཀྱང་། སྙིང་རྗེ། དེ་ཉིད་ཁྱེད་ལ་ཕན་མེད་པར་ང་ལ་ཕན་ཏེ། གླགས་ཞེས་པ་མང་བའི་དོན་ལ་འཇུག་པ་དིང་སང་ལས་སླ་བར་གོ་མི་ཐུབ། ཀུན་གྱིས་གོ་བའི་ཕྱིར་དུ། གླགས་ཞེས་པར་ལྷག་ཅེས་ཞུས་དག་བྱས་པ་འོས་ཤིང་འཚམས་པ་ཞིག་མ་ཡིན་ནམ། གླགས་དང་ལྷག་གཉིས་ལ་སྒྲ་གདངས་རགས་པ་མཚུངས་པས་ཕྱིས་སུ་ཡིག་མཁན་གྱིས་ལྷག་ཅེས་པ་གླགས་ཞེས་པ་མ་དག་རྒྱུན་འབྱམས་སུ་སོང་བར་སེམས་སོ།
སློབ་དཔོན་འདུན་བཟང་གིས་མཛད་པའི་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ན། རྒྱ་ནག་བསྐྲུན་བསྟན་འགྱུར་ དེབ་ ༧༩ ཤོག་ ༡༢༠༣། ཁོ་བོས་ཞུས་དག་བྱས་པ་ཇི་ལྟ་བ་བཞིན་ཡོད་པ་ད་ལྟ་རྗེས་སུ་མཐོང་བ། བདག་གི་ཞུས་དག་ལ་འཕྱས་འདོགས་པ་པོ་ལ་གཟིགས་ཞེས་དགོད་དགོས་པར་མཐོང་སྟེ།
འགོག་དང་ལམ་མཐོང་སྤང་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ།
༣༢ ཁྱེད་ཀྱིས་ཟེར་སྟངས་ལ་དཔགས་ན་ཇི་ཙམ་ཁྱེད་བོད་རྒྱ་ཚིག་མཛོད་ལ་བརྟེན་དགོས་པ། རྒྱ་གཞུང་དག་ཀློག་པ་ན་དེ་ཙམ་ཁོ་བོ་ཚིག་མཛོད་དེ་ལ་བརྟེན་དགོས་པ་མ་ཡིན་པ་གོང་དུ་བཤད་པ་བཞིན་ཡིན། རྒྱ་དཔེ་དང་བོད་དཔེ་གཉིས་བསྡུར་ཏེ་ཀློག་པ་ན་དོན་ཇི་ལྟ་བར་རྟོགས་དཀའ་ཡང་། ཚིག་ཙམ་གོ་བ་ལ་དཀའ་བ་མེད་པས་ཚིག་མཛོད་ལ་བརྟེན་མི་དགོས།
ཁྱེད་ཀྱིས་ཡར་བ་དང་འཕར་བ་གཉིས་དོན་འདྲ་ཞེས་པ་ཡང་། བདག་གིས་ཡར་བ་འཕར་བ་ཞེས་ཞུས་དག་བྱེད་པར་ཕན་ཏེ། འདི་ལ་ལེགས་སྦྱར་དུ། པླུ་ཏ་ ཞེས་པ་ནི། མངོན་རྟོགས་རྒྱན་དུ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། ཞེས་པའི་འཕར་ཞེས་པ་དང་། འདིར་ ཡར་བ་ ཞེས་པའི་བྱིངས་ཏེ། འཕར་བའི་དོན་ཏོ། ཡར་བ་ཞེས་པ་ལ་ཡར་འཕར་བའི་དོན་ཡོད་ཀྱང་། དིང་སང་འདི་ལ་བཀོལ་སྤྱོད་ཆེར་མེད་པས་འདིའི་དོན་གོ་མཁན་ཤིན་ཏུ་དཀོན་པས། ད་བར་དུ་བདག་རང་གིས་ཀྱང་ཡར་བ་ཞེས་པའི་དོན་མ་གོ་བ་ན་དེའི་ལེགས་སྦྱར་པླུ་ཏ་ཞེས་པ་མངོན་རྟོགས་རྒྱན་ན་འཕར་ཞེས་བསྒྱུར་པ་གཞིར་བཟུང་སྟེ། འཕར་བ་ཞེས་ཞུས་དག་བྱས། འདི་ཡང་འོལ་ཚོད་ཀྱིས་མ་ཡིན་གྱི། རྩ་བའི་རྒྱ་གཞུང་ལ་གཏུགས་ནས་སོ།
༣༣ ཕར་བ། ཞེས་འཕར་བ། ཁྱེད་བདེན་ནོ།
༣༤ འབྱིན་པ་དང་འབྱུང་ བའི་བྱ་ཚིག་འདི་དག་ལ་བོད་རྒྱ་ཚིག་མཛོད་ན་ཐ་དད་དང་ཐ་མི་དད་པ་ཞེས་བྲིས་ཀྱང་། གོ་སླ་བར་བྱས་ཏེ་དང་པོ་ལ། ཡུལ་ཡོད། ཅེས་དང་། ཕྱི་མ་དེ་ལ། ཡུལ་མེད། ཡང་ན་། ལས་ཡོད། ལས་མེད་བྱ་ཚིག་ཅེས་པ་སློབ་གསར་ལ་གོ་སླ་བར་མཐོང་། དེས་ན། འབྱིན་ ཞེས་པ་ཡུལ་ཡོད་བྱ་ཚིག་དང་། འབྱུང་ཞེས་པ་ཡུལ་མེད་བྱ་ཚིག་གོ
སུན་འབྱིན་མ་གཏོགས་སུན་འབྱུང་ཞེས་དཔེ་དག་པ་ཞིག་ནི། མཐོང་རྒྱ་ཆུངས་པས་ད་བར་ཁོ་བོས་མ་མཐོང་། འབྱིན་གྱི་ད་ལྟ་འདས་མ་འོངས་བསྐུལ་ཚིག་དག་ནི་ འབྱིན་ ཕྱུང་ དབྱུང་ ཕྱུང་ ཞེས་སོ། བོད་རྒྱ་ཚིག་མཛོད་ན། འབྱིན་ཞེས་པའི་བྱ་ཚིག་རྗེས་སུ་འདོན་པ་ཞེས་བྲིས་པ་དོན་གཅིག་པར་སྟོན་པའི་ཆེད་དུ་བྲིས། དེ་བཞིན་དུ། བོད་རྒྱ་ཚིག་མཛོད་ཆེན་མོར་འབྱུང་བ་ཞེས་པའི་བྱ་ཚིག་རྗེས་སུ་འཐོན་པ་ཞེས་འབྲི་དགོས་ཀྱང་མ་བྲིས་པ་དིང་སང་ཕལ་སྐད་ལ་འབྱུང་ལ་འཐོན་པའི་དོན་མེད་པས་སོ།
མར་ཡུལ་པས་འབྱུང་ཞེས་བྱ་ཚིག་འདི་གནའ་བོའི་ཚུལ་དུ་འབོད་ཅིང་འཐོན་པའི་དོན་ལ་བཀོལ། ང་ལ་ལོ་རྒྱུས་ཤིག་ཡོད། ༡༩༨༨ལོར། རི་རྫོང་སྲས་རིན་པོ་ཆེ། ད་ལྟའི་དགའ་ལྡན་ཁྲི་རིན་པོ་ཆེ་བཞུགས་པའི་འདུན་ས་ཞིག་ཏུ་རང་རེས་འབྱུང་ཞེས་པ་གནའ་བོའི་ཚུལ་དུ་འབོད་པ་དེ། དིང་སང་གི་ཚུལ་དུ་འབོད་པའི་འབྱུང་ཞེས་པ་དང་འདྲའོ་ཞུས་པར་། འབྱུང་བ་ལ་འཐོན་པའི་དོན་མེད་གསུངས་པར། རབ་བྱུང་། ངེས་འབྱུང་ཞེས་པ་འཐོན་པའི་དོན་མ་ཡིན་ནམ་ཞུས་པར་ཅང་མ་གསུངས། དེ་ནས་ངེད་རྣམས་སོ་སོར་ཁང་མིག་གཞན་ཞིག་ཏུ་གཉིད་ལོག་སྐབས་སུ་འབྲས་བློ་གླིང་དགེ་བཤེས་བྱང་ཆུབ་ཞུ་བ་དམ་པའི་མཚན་ཉིད་ལྡན་པ་ཞིག་བཞུགས་པ་དེས་གདན་ས་ཁག་ཏུ་སྐད་ཡིག་ལ་ཐུགས་སྣང་མ་མཛད་པའི་སྐྱོན་འདུག་ག། གསུངས་པས་སྐད་ཡིག་ཐུགས་སྣང་མཛད་དགོས་པ་ཤུགས་ལ་འཕངས་སོ། ཀློག་པ་པོ་རྣམས་ལ་ཞར་བྱུང་དུ་ཞུས་སོ།
༣༥ ཚེ་རངས་པར་འཚོའོ། ཞེས་པར་ཚེ་རིངས་པར་འཚོའོ། །ཞེས་ཞུས་དག་བྱས་པ་དེ། བདག་གི་འོལ་ཚོད་ཀྱིས་བྱས་མེད་པར་རྡ་ས་སྤར་མ་༡༩༦༩མཛོད་རང་འགྲེལ་ལ་གཏུགས་འདུག ཁྱེད་གཟིགས་རྒྱ་ཆེ་བའི་རྣམ་པར་དཔྱོད་པའི་སྤྱན། ལྷ་རམས་པ་ཡིན་པའི་ང་རྒྱལ་རབ་རིབ་ཀྱིས་བསྒྲིབ་ཡོད་ན་གཟུ་བོར་གནས་པའི་ལག་འཕྱིས་ཀྱིས་ཕྱིས་ལ་དཧ་ས་སྤར་མ་མཛོད་ཤོག་གྲངས་༣༢༡ལ་གཟིགས།
འོན་ཀྱང་འདི་ལ་ཁྱེད་བདེན། ཅིའི་ཕྱིར་ཞེ་ན། ཚིག་འདིའི་སྐད་དོད་ ཀྲིཏནསྣ། ཞེས་པ་སྤྱིར་བཏང་ཟད་པར་ཞེས་བསྒྱུར་ཡོད་ཀྱང་། འདིར་རངས་པ་ཞེས་བསྒྱུར་ཏོ།
༣༦ གདམ་ང་ཞེས་པ་དེ་མ་དག་རྒྱུན་འབྱམས་སུ་སོང་བ་མང་དྲགས་པ་དང་བསྟུན་ནས་མཛད་པ་ཞིག་ལགས། སྙན་དངགས་དང་སྙན་ངག་ལ་གདམ་ང་བྱས་པ་ཡིན་ན། སྔོན་གྱི་བོད་ཀྱི་སྐད་ལ་ནང་བྱན་ཆུད་པ་སྐ་ཅོག་ཞང་གསུམ་སོགས་དང་། བར་གྱི་ལོ་ཆེན་རིན་ཆེན་བཟང་པོ། བློ་ལྡན་ཤེས་རབ་སོགས་ཀྱི་གཞུང་ན་སྙན་དངགས་ཞེས་བྲིས་ཤིང་། དེར་མ་ཟད་གདངས་རིང་པོར་བྱས་ཏེ་འདོན་པ་ལ་དངགས་བཏང་སྟེ་འདོན་ཞེས་ངག་ཙམ་དང་སྒྲ་གདངས་མི་འདྲ་བ་ཞིག་ལ་དྭགས་གཤམ་ཕྱོགས་གྲོང་ཡུལ་པ་དག་གིས་ཟེར། འོན་ཀྱང་དབུས་གཙང་སོགས་སུ་དངགས་དང་ངག་གཉིས་དིང་སང་འདྲ་བར་འབོད་པས་གདམ་ང་བྱས་ཤིང་བྲིས་ཀྱང་། དེ་དག་གིས་གནའ་བོའི་སྐད་ཀྱི་དག་ཆ་དང་འགལ། བོད་ཚིག་གང་དང་གང་ལ་ཡི་གེ་ཉུང་བ་ཡོད་པ་དེ་ཕྱིས་སུ་བྱུང་། དེ་ནི་སྒྲ་གདངས་ཉམས་པའི་དབང་གིས་ཡིན། ད་དུང་མ་འོངས་པ་ན་དེ་འདྲ་འོང་བ་ལ་མཐའ་མེད་པ་ཡིན་ནོ།
སྔར་གྱི་ལོ་ཆེན་རྣམས་ཀྱི་བཞེད་པ་དང་མཐུན་པར་ཕྱིས་ཀྱི་ལོ་ཆེན་ཞ་ལུ་ཆོས་སྐྱོང་བཟང་པོས། རང་གི་དག་ཡིག་ཟ་མ་ཏོག་ཏུ།
སྙན་དངགས་དང་ནི་དངངས་སྐྲག་དང་།
རིན་ཆེན་དངུལ་དང་འབབ་ཆུའི་དངོ་།
གྲི་ཡི་དངོ་དང་དངོས་པོ་དང་།
དངོས་མེད་དོན་དངོས་དངོས་གཞི་དང་།
རོ་དངར་དངོས་གྲུབ་ལ་སོགས་པ།
ང་ཡིག་དས་འཕུལ་ཅན་དུ་བྱ།།
ཞེས་གསུངས་པ་དེ། གང་ཉིད་དགུང་ལོ་གྱ་དྲུག་པའི་སྒང་ལ་སྐུ་ངལ་ཆེན་པོས་སྦྱར་ཏེ། བདག་ཅག་ཕྱི་རབས་བོད་སྐད་སློབ་གཉེར་པ་ཀུན་ལ་གདམས་པ་མ་ཡིན་ནམ། རྣམ་དཔྱོད་ཡོད་ན་གདམ་ང་འདོད་པ་རྣམས་ཀྱིས་ལེགས་པར་དགོངས་དགོས་པ་ཞིག་ཏུ་མཐོང་ངོ་།
༣༨ འཇིགས་མ། འཇིག་པ། ཁྱོད་ཀྱི་ནོར་བཅོས་བྱས་འདུག འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པ་ཤེས་མི་འདུག་འཇུག་པའི་རང་འགྲེལ་ལས།
འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །
ཞེས་ཤིན་ཏུ་གསལ་བར་གསུངས་སོ། །
ཞེས་བྲིས་པར་ཤོག་གྲངས་བཀོད་མེད་པས་འཚོལ་བ་ན་དཀའ་ངལ་འདུག རྒྱང་འཕེན་པའི་ཚིགས་བཅད་འདི། དབུ་མ་འཇུག་པ་རང་འགྲེལ་དང་། དབུ་མ་དགོངས་པ་རབ་གསལ་གཉིས་ཀ་ན་ཇི་ལྟ་བ་བཞིན་འདུག ཁྱེད་ཀྱིས་ལུང་དྲངས་པ་དེ་ངེད་ཀྱིས་མ་རྙེད། ང་ལ་དབུ་མ་འཇུག་པའི་རང་འགྲེལ་མ་དཔེ་མི་འདྲ་བ་གཉིས་ཡོད་པ་དེ་དག་ན་མི་སྣང་བར་མ་ཟད་དཔལ་ལྡན་ཟླ་བ་གྲགས་པ་ལ་འགྲེལ་པ་མཛད་དགོས་ཚིག་གནང་བཀག་ཅན་རྣམས་བཏང་སྙོམས་སུ་བཞག་སྟེ། འཇིགས་མ་ཞེས་པའི་ལྟ་བུའི་ཚིག་ཕལ་པ་ཞིག་ལ་འགྲེལ་པ་མཛད་པ་མི་སྲིད་པའོ་ཞེས་ཀྱང་སེམས་སོ།
གལ་ཏེ་འཇུག་པ་རང་འགྲེལ་ནས་ཁྱེད་ཀྱིས་ལུང་དྲངས་པ་དེ། སྡེ་དགེ། སྣར་ཐང་། པེ་ཅིན་གསུམ་དང་། ཉེ་དུས་ཀྲུང་གོའི་སྤར་མ་གང་ཡིན་ཤོག་གྲངས་དང་བཅས་པ་ཁུངས་བསྐྱལ་མ་ཐུབ་ན། འོལ་ཚོད་བྱས་པ་དང་། སྙིང་ཁམས་ཆེ་བ་དང་། སྨྱོས་ཟིན་པ་སོགས་དེ་དག་ངེད་སྔ་རྒོལ་ལ་འོས་པ་འདུག་གམ། ཁྱེད་ཕྱིར་རྒོལ་ལ་འོས་པ་འདུག་མཁས་པ་དཔང་པོ་གཟུ་བོར་གནས་པ་རྣམས་ཀྱིས་ཐག་གཅད་པར་འགྱུར་རོ།
རང་ཅག་རྣམས་རྩོད་པའི་དུས་སུ་བསམ་པ་ཇི་ལྟ་བུ་ཞིག་དགོས་པ་ནི། རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོས། ཚད་མའི་བསྟན་བཅོས་རིགས་པའི་རྒྱན་དུ།
རྩོད་པའི་བསམ་པ་ནི། ཕ་རོལ་པོ་དམའ་བར་འདོད་པའི་ཞེ་སྡང་དང་། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང་། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་རྟོགས་པར་འདོད་པའི་གུས་པ་དང་། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང་། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་ནོ།
ཞེས་གསུངས་པ་བཞིན་བསམ་པ་ཐ་ཤལ་དོར་ནས་བསམ་པ་ཕུལ་དུ་བྱུང་བ་ཞིག་འཁྱེར་ཐུབ་ན་ཡུལ་གངས་ཅན་པའི་སྲོལ་བཟང་པོ་འཛིན་ཐུབ་པ་ཡིན་ནོ།
༣༩ ཁྱེད་ཀྱིས་རྣམ་དཔྱོད་ཀྱིས་སླར་ཡང་གཟིགས་དགོས། འདི་ལ་ཁོ་བོས་ཞུས་དག་བྱས་མི་འདུག མཁས་པ་རྣམས་ལ་གོ་བསྡུར་ཞུ་བའི་ཕྱིར་དུ། དེ་ཐོས་པས། ཞེས་པ་དེ་མཆན་བུ་དང་བཅས་བཀོད་འདུག
༤༠ ཁྱེད་རྟོག་གེ་མཁན་པོ་བཞིན་ཕལ་སྐད་དང་ཆོས་སྐད་བསྲེས་པ་ལྟ་བུ་མ་ཡིན་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོས་གཞུང་དཔེ་འདི་ཉིད་ཀྱི་ཤོག་གྲངས་ ༢། ༡༢། ༡༨ གཏན་ལ་འབེབས་ཞེས་གསལ་བ་ལ་ཤོག་གྲངས་༣༨་ན་གཏན་ལ་ཕེབས་ཞེས་ཕལ་སྐད་བཀོལ་ཏེ་རང་གི་ཁས་བླངས་སྔ་ཕྱི་འགལ་བར་ནམ་ཡང་མི་མཛད།
ཁྱེད་ཀྱིས་ཕལ་སྐད་དང་ཆོས་སྐད་བསྲེས་ནས༐ གཏན་ལ་ཕེབས་ཞེས་པ་ནི་གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ་ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཞེས་བསྐུལ་ཚིག་གང་ཡིན་པ་རྣམས་བཀོད་ཡོད་པས། འོ་ན་ཕེབས་ཞེས་པ་དེ་བྱ་ཚིག་གང་གི་བསྐུལ་ཚིག་ཡིན་ནམ། འཆད་ཐུབ་ན་ཤོད་ཅིག
ཁྱེད་རིགས་པའི་ཚིག་གིས་འཕོངས་ནས་འབྲེལ་མེད་ཀྱི་ཚིག་རྙོག་དུ་མ་སྨྲས་པ།
ཉ་དང་ཉུང་མ་བསྲེས་པ་ལྟ་བུའི་ཕལ་སྐད་དང་ཆོས་སྐད་བསྲེས་ནས་འབྲི་བ་པོ་ཁྱེད་ལྟ་བུ་ལ་ཕན་ན་བསམ་སྟེ། བརྡ་སྤྲོད་ལོ་རྒྱུས་སུ་ཆོས་རྗེ་ས་སྐྱ་པ་ཆེན་པོ་བོད་གངས་ཅན་པའི་བརྡ་སྤྲོད་སོགས་རིག་གཞུང་ལ་གདམས་ངག་གི་གཞུང་མང་པོ་བརྩམས་པའི་གསུང་།
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་སྐད་ངན་སྤང་བར་བྱ།
ཡི་གེ་སྦྱོར་བ། གླེགས་བམ་དང་པོ། ཤོག་ ༥༥༩ ཡིག་འཕྲེང་ ༡༤ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༢
ཁྱོད་ལ་བློ་གཟུ་བོར་གནས་པའི་རྣམ་དཔྱོད་ཡོད་ན། སྒྲོག་ཅེས་པར་སྒྲོགས་དང་། མཐེར་ཞེས་པར་མཐོར་དང་། བསྟོད་བ་ཞེས་པར་བསྟོད་པ་དང་། འགྲོལ་པ་དོན་གསལ་ཞེས་པར་འགྲེལ་པ་དོན་གསལ་དང་། ཚང་བ་ཅིག་ཞེས་པར་ཚང་བ་ཞིག་ཅེས་དང་། འཕྱིན་པའོ། ཞེས་པར་འཕྱན་པའོ། ཀུན་བརྟགས་ཡིན་གྱི་ལྷན་སྐྱེས་ཡིན་ནོ། ཞེས་པར་ཀུན་བརྟགས་ཡིན་གྱི་ལྷན་སྐྱེས་མིན་ནོ། ཞེས་སོགས་ཁྱེད་ཀྱི་གྲྭ་ཚང་གི་གློག་ཀླད་དུ་དབུ་མ་དགོངས་པ་རབ་གསལ་བཅུག་ཡོད་པ་ལ་ཞུས་དག་མཛད་མེད་ཚེ། ཞུས་དག་མཛད་གྲོགས་ཞུ་ངེས་ལགས། བདག་གིས་ཞུས་པ་བཞིན་དུ་ནོར་བཅོས་དགོས་ཞེས་རྩ་བ་ཉིད་ནས་ཞུ་བ་མེད། གལ་ཏེ་ནོར་པ་ཀུན་ལ་ཞུས་དག་མཛད་ཡོད་ན། བཀའ་དྲིན་ཆེ། ཡིག་ནོར་གྱི་དགྲ་ཤི་ཚར་བ་ལ་སླར་དེ་གསོད་པར་འབད་པ་དོན་མེད་ཡིན།
སྤྱིར་ཁྱེད་ལྷ་རམས་པ་ཡོན་ཏན་དང་ལྡན་པ་ཡིན་ངེས། འོན་ཀྱང་ཁྱེད་ལ་ཕྱོགས་ལྷུང་གི་ང་རྒྱལ་མེད་པ་ཡིན་ན། བདག་གི་ནོར་བཅོས་ན་འདི་ཙམ་འགྲིག འདི་ཙམ་མི་འགྲིག་ཅེས་སྨྲ་དགོས་པ་ལ་དེ་ལྟར་མ་སྨྲས་པས། བདག་གི་ཞུས་དག་སྐོར་ལ་ཁྱེད་ཀྱི་རྣམ་འགྱུར་དེ་ནི་འདི་འདྲ་བ་ཞིག་ཏུ་མཐོང་།
སྐྱོན་རྣམས་འབད་པས་འཛིན་བྱེད་ཅིང་།
ཡོན་ཏན་རྩ་ནས་མི་ཆགས་པ།
སྐྱེས་བུ་ངན་པ་ཆུ་ཚགས་བཞིན།
ངན་པ་འཛིན་གྱི་བཟང་པོ་འཆོར།། ༢༤ །།ས་སྐྱ་ལེགས་བཤད་རབ་བྱེད་གསུམ་པ།
སེ་ར་བྱེས་སློབ་གཉེར་ཁང་ཆེན་པོས་དཔེ་ཆ་འདི་སྤར་བསྐྲུན་མཛད་ནས་ལོ་བཅུ་ལྷག་ཙམ་ལོན་འདུག ཁྱེད་ཀྱིས་ཡང་དང་ཡང་དུ་གཟིགས་ཡོད་ངེས། ང་ལ་རྗེ་རིན་པོ་ཆེའི་དབུ་མ་དགོངས་པ་རབ་གསལ་དཔེ་ཆ་གཉིས་འདུག ཝ་ན་མཐོ་སློབ་དགེ་ལྡན་པས་སྤར་པ་དང་། སེར་བྱེས་༡༩༩༩ལོར་སྤར་པ། མི་ཞིག་གིས་དཔེ་ཆ་འདི་ཨ་རིར་ཁྱེར་འོངས། རྗེས་སུ་དཔེ་ཆ་འདི་ལ་བདག་པོ་མེད་པ་ན། མི་གཞན་པ་ཞིག་གིས་དབྱུག་པ་ཕངས་ནས་ངའི་ནང་ལ་བསྐྱལ་འདུག ངས་གུས་བཀུར་གྱིས་རྗེ་རིན་པོ་ཆེ་གསུང་དེབ་གཟུགས་མ་འདི་གཞན་དཔེ་ཆ་མང་པོ་དང་མཉམ་དུ་མཐར་ལ་དྭགས་ཀླུ་དགོན་དཔེ་མཛོད་དུ་གདན་འདྲེན་ཞུ་ངེས་ལགས།
ཝ་ན་མཐོ་སློབ་ཀྱི་དེ་ལ་ཞུས་དག་བྱེད་མ་བྱེད་ཁྱད་ཆེར་མེད། སྤར་ཚར་བ་དང་ལྕགས་འབྲུ་རྣམས་གཏོར་ནས་མེད། སེར་བྱེས་ཀྱི་མ་དཔེ་དེ་གློག་ཀླད་འཕྲུལ་ཆས་སུ་ཡོད་པ་མ་འོངས་པ་ན་ཡང་དང་ཡང་དུ་སྤར་ངེས་པས་དེ་ལ་ཞུས་དག་བྱེད་དགོས་པ་གལ་ཆེ་བར་མཐོང་ངོ་། དེ་བཞིན་ངས་ཞུས་དག་བྱས་པ་དཔེ་ཆ་ཚང་མ་གློག་ཀླད་འཕྲུལ་ཆས་ན་ཡོད་པ་ཤ་སྟག་ཡིན་ཞེས་སེམས་སོ།
དེ་བཞིན་གཞན་རྣམས་ལའང་དེ་ལྟར་ཞུ་ངེས་ལགས། འདི་རྣམས་ལག་རྩེད་ཡིན་ནམ་ཞབས་ཏོག་ཡིན། བློ་ནང་དུ་ཁུགས་ལ་བསམ་བློ་ལེགས་པར་གཏང་དགོས་སོ།
མདོར་ན་བདག་གིས་ཞུས་དག་བྱས་པ་རྣམས་ན་ནོར་བྱས་པ་མང་བ་འདུག་གམ། མ་ནོར་བར་བྱས་པ་མང་བ་འདུག འདི་ཙམ་འདི་ཙམ་འགྲིག་འདུག འདི་ཙམ་ཞིག་འགྲིག་མི་འདུག་ཅེས་དམིགས་དགར་གྱིས་བསྟན་དགོས་པ་མཁས་པའི་ལུགས་ཡིན་ཀྱང་། མ་བསྟན་པར་དེའི་ཚབ་ལ་དམའ་འབེབས་མང་ཙམ་བགྱིས་པ་བདག་ལ་གྲོགས་སུ་གྱུར། འཛིན་གྲྭ་ལྔ་པ་དྲུག་པའི་སློབ་ཕྲུག་གིས་བྲིས་པ་ལྟ་བུའི་རྩོམ་ཧྲུལ་ཞིག་ཏུ་མཐོང་བྱུང་། ཞེས་པ་ལ་ཡིད་མི་དགའ་བ་མེད། བདག་གིས་བྲིས་པ་ལ་བསྟོད་མཁན་ཡང་མཐོང་། ཕལ་ཆེར་ལོ་ངོ་བཞི་བཅུ་ཞེ་ལྔ་སྔོན་ཝ་རཱ་ན་སཱིའི་གཙུག་ལག་སློབ་གྲྭར་་བྲག་གཡབ་བསོད་ནམས་སྟོབས་རྒྱལ་ད་ལྟ་སྲིད་བློན་ཟུར་པ། ཁོང་གིས་ཞར་བྱུང་དུ་བདག་གི་བྲིས་ཤིག་གཟིགས་ཏེ། རྒན་འཇམ་དཔལ་གྱི་བྲིས་འདི་ཚོ་རྒྱ་གཞུང་གི་དབྱིངས་ལྟ་བུ། མ་གོ་བ་ཞིག་གིས་འགྲིག་མི་འདུག་ཅེས་ལབ་ངེས་ཞེས་པ་དེ། ད་ཁྱེད་ཀྱིས་སྨད་པ་དེ་ལ་མ་འོངས་ལུང་བསྟན་མཛད་པ་ལྟ་བུ་ཞིག་ཏུ་མཐོང་ངོ་།
བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད།
བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད།། ༢༡ །། སྤྱོད་འཇུག་ལེའུ་ལྔ་པ། ཅེས་གསུངས་པ་ལྟར་རོ།
ཞར་བྱུང་དུ། ཁྱེད་ཀྱིས་བདག་གི་བོད་ཀྱི་ཡི་གེ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཕྱིར་བརྩོན་པ་ལ་དམའ་འབེབས་ཚིག་རྩུབ་བཀོལ་པ་བཞིན་དུ། གཞུང་ཆེན་མོ་མཁྱེན་ཡང་བོད་ཀྱི་སྐད་དང་། བསྟན་རྩ་ཡི་གེ་ལ་ཐུགས་སྣང་མེད་པ་དག་གིས་བཀའ་འགྱུར་གྱི་ཡི་གེ་ལ་ཞུས་དག་བྱེད་པ་མི་འགྲིག་གོ། །ཞེས་པའི་སྐྱོན་བརྗོད་ཀྱིས་བོད་ཀྱི་མཚན་ཉིད་ཀྱི་གཞུང་ཆེན་མོ་དང་། གཞན་རིག་གནས་ལའང་ནང་བྱན་ཆུད་པ་མདོ་སྨད་པ་དགེ་བཤེས་ཤེས་རབ་རྒྱ་མཚོ། གང་གི་གསུང་རྩོམ་རྣམས་བོད་སྤྱིའི་སྐད་དང་མཐུན་པ། དཔེར་ན། ཇོ་མོ་ནང་པ། རྙིང་མ་པ། གསར་མ་པ། ས་སྐྱ་པ་སོགས་ཡོད་པ་དབུས་ཀྱི་གདན་སར་བཞུགས་མ་ཐུབ་པར་རྒྱ་ནག་ཏུ་བྱོན་ཏེ། རང་ཉིད་ཀྱི་བྱ་བ་བདེན་པར་སྟོན་ཆེད་འདི་ལྟར་བྲིས་པ་མཐོང་སྟེ།
སྔོན་དུ་གོ་མིན་ཏང་གིས་བཀུར། །ད་ལྟ་གུང་ཁྲན་ཏང་གིས་བཀུར།
སྟོན་པས་བདེན་པ་རྒྱལ་ལོ་ཞེས། །གསུངས་ལ་དད་པས་སྙིང་ག་གང་།།
གསུང་རྩོམ་ཐོར་བུ། ཤོག་གྲངས་ ༥༠༢
དཔལ་ཞེས་པའི་ཚིག་དེ་ལ་དྭགས་པས་སྤལ་ཞེས་འདོན། སྔོན་འཇུག་ད་ཡིག་ལ་སྐབས་འགར་ས་སྒྲ་འཐོན་པ་དང་། སྐབས་འགར་ར་སྒྲ་འཐོན་པ་མང་སྟེ། ཉེ་དུས་བདག་གི་བསམ་པར་སྨིག་རྒྱུའི་སྨིག་དེ་དམིགས་དང་དོན་གཅིག་ཏུ་འདུག་སྙམ་། སྨིག་རྒྱུ་ཞེས་པའི་སྒྲ་བཤད་ཞོག་ཟེར་བ་ན། གང་འཇོག་གམ། ཁྱེད་ལྷ་རམས་པ་ཡིན་པས་མཁྱེན་ངེས། སྔོན་འཇུག་ད་ཡིག་ལ་ས་སྒྲ་འཐོན་པའི་རྒྱུ་མཚན་གྱིས་སྤར་ཞེས་པ་དེ་དཔར་ཞེས་པར་གྱུར་པ་མ་ཡིན་ནམ། གཞན་ཡང་བསྟན་དར་ལྷ་རམས་པས། དག་ཡིག་གཅེས་བསྡུས་སུ། དམའ་འབེབས་སྨ་འབེབས་གང་ཡང་རུང་། ཞེས་དང་། སྐྲག་པའི་དངངས་སྔངས་གཉིས་ཀ་རུང་། འདི་དག་སྔོན་འཇུག་ད་ཡིག་ས་རུ་འབོད་པ་ལས་བྱུང་བ་མ་ཡིན་ནམ། བདག་གི་མིང་ཨིན་ཡིག་ཏུ་ས་ཡིག་ཡོད་པ་ལ་སྐད་ངན་ཚིག་རྩུབ་སྨྲ་བའི་ཚབ་ལ་ཡུལ་གངས་ཅན་པའི་སྐད་ཡིག་སྒྲ་གདངས་འགྱུར་སྟངས་ལ་སློབ་སྦྱོང་བགྱིད་ན་མི་ལེགས་སམ།
སྔོན་འཇུག་ད་ཡིག་ལ་ར་སྒྲ་འཐོན་པ་ཡང་ཡོད་དེ། སྐྱེ་དགུ་ལ་སྐྱེ་རྒུ་དང་། དགོད་པ་ལ་རྒོད་པ་དང་། དབའ་རླབས་ལ་རྦ་རླབས་ཞེས་པ་ལྟ་བུའོ།
ཇི་སྐད་དུ་ཡང་། ཞེས་པར་ཇི་སྐད་དུ། ཞེས་དག་བཅོས་མཛད་པར་ ངའི་ཞེ་འདོད་ལ་བདག་རང་གིས་ཞུས་པར་མ་ཟད་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་དེ་ལྟར་བཞེད་ཅེས་རྒྱན་སྡུད་དགོས་སྙམ་སྟེ། དེ་ལྟར་བཀོད་པ་ལགས། འོན་ཀྱང་ཁྱེད་ཀྱི་དག་བཅོས་དེ་བློ་བསྐྱེད་ལ་ཕན། བཀའ་དྲིན་ཆེའོ།
མཇུག་བསྡོམ། བདག་ཅག་གིས་བོད་ཀྱི་སྐད་ཡིག་ལེགས་པར་སྦྱངས་ཏེ། གློག་ཀླད་འཕྲུལ་ཆས་སུ་བཅུག་པ་རྣམས་ན་ཡིག་ནོར་མང་པོ་འདུག་ཅེས་སྐད་བརྒྱབས་པ་ཐོས་པས། དེ་དག་གི་ཡིག་ནོར་ལ་ཞུས་དག་མཛད་ཐུབ་ན་མཛོད་ཅིག་ཅེས་ཞུ་བ་དང་། ལྷག་པར་རྗེ་རིན་པོ་ཆེ་གསུང་དག་པར་ཁ་ཞེ་གཉིས་མེད་ཡིན་ན། གང་གི་གསུང་རིམ་ལྔ་གསལ་སྒྲོན་གྱི་བོད་དཔེ་གློག་ཀླད་དུ་ཡོད་པ་དང་། ཨིན་འགྱུར་སྤར་ཏེ། ཨིན་འགྱུར་ལ་མ་འགྲིག་པ་རྣམས་ཟུར་དུ་འདོན་གྲོགས་གྱིས་ཞེས་པར་བོད་དཔེ་ཡང་ཀློག་དགོས་པས། དེ་ན་ཚིག་མ་དག་པ་མང་དུ་མཐོང་ཡང་དེ་དག་ལ་དམར་རྟགས་རྒྱབ་པ་ཙམ་ལས་ཞུས་དག་བྱེད་པ་དང་། གློག་ཀླད་དུ་འཇུག་པ་པོ་དང་འབྲེལ་པ་བྱེད་པར་དུས་ཀྱིས་མི་ལྡང་། ཁྱེད་དགེ་ལྡན་པ་མཁས་པ་གཞོན་པ་རྣམས་ཀྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཙམ་ལས་མ་བྱུང་ནའང་གློག་ཀླད་དུ་བཅུག་པ་དག་ལ་བདག་གིས་ཞབས་ཏོག་ཞུས་པ་བཞིན་མཛད་དེ་ཡིག་ནོར་རྣམས་བསལ་ཐུབ་ན། བོད་ཀྱི་བསྟན་པ་སྲུང་བ་ལ་ཕན་པར་ངེས་སོ།
སྐྱེ་དགུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཤོག བློ་བཟང་འཇམ་དཔལ་ནས་ ༢༠༡༠ ཟླ་བ་ ༦ ཚེས་ ༦ ལ།
མཁས་པ་རྒན་པ་ཁྱེད་ལྟ་བུས་ན་གཞོན་ཚོའི་མདུན་ལ་རྩོམ་འདི་འདྲ་བཞག་ན། ང་ཚོར་བསམ་ཚུལ་ཁ་སྣོན་ཞུ་རྒྱུ་མེད་རུང་གཞོན་པའི་ང་རྒྱལ་དེ་ཚོ་ཡལ་འགྲོ་གི་འདུག
མཁས་པ་རྒན་པ་ཚོར་བཀུར་བསྟི་ཆེ་རུ་འགྲོ་གི་འདུག བཀུར་འོས་རྒན་འཇམ་དཔལ་ལགས་ལ་བཀའ་དྲིན་ཆེ་ཞུའོ།
སློབ་དཔོན་ཆེན་པོ་ལ་དྭགས་པ་འཇམ་དཔལ་ལགས་ཀྱིས་རྩོམ་བྲིས་ལ་རྗེས་སུ་ཡི་རངས་ཡོད། དེ་དང་ཆབ་ཅིག་ཏུ་ཁྱད་ཆོས་འགའ་ཞིག་གླེང་གི་ཡིན།
༡༽ ཀུན་སློང་རྣམ་པར་དག་པ་གངས་ཅན་ས་ལའི་སྨན་ལྗོངས་ཀྱི་ཆོས་དང་རིག་གཞུང་ཁོ་ན་ཐུགས་ལ་བཞག་པ།
༢༽ སྦྱོར་པ་རྣམ་པར་དག་གནའ་བོའི་ལུགས་སྲོལ་དང་བརྡ་རྙིང་རྣམས་དང་ཁད་ཉེ་བ།
༣༽ དངོས་གཞི་རྣམ་པར་དག་པ་བརྡ་སྤྲོད་དང་བོད་ཡུལ་མཐའ་དབུས་ཡོངས་ཀྱི་སྐད་ལ་ཆ་འཇོག་བྱེད་པ།
༤༽ མཇུག་འབྲས་རྣམ་པར་དག་པ་ཕྱི་རབས་པ་ཡོངས་ཀྱི་མིག་དཔེར་འགྱུར་བ་བཅས་དག་པ་བཞི་ཡོད་པར་ཆ་འཇོག་བྱེད་བཞིན་པའི་སྒོ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལགས།
མཁས་དབང་ལ་དྭགས་འཇམ་དཔལ་མཆོག་ལ།།
ཕྱི་ལོ་༡༩༩༩ལོར་སེར་བྱེས་དཔེ་མཛོད་ཁང་ནས་དབུ་མ་དགོངས་པ་རབ་གསལ་པར་བསྐྲུན་ཞུས་སྐབས་གུས་པ་རང་དཔེ་བསྒྲིག་འགན་འཁུར་བ་ཡིན། ཐོག་མ་ཕྱག་དཔེ་འདི་སེར་སྨད་གློག་ཀློད་སྡེ་ཚན་ནས་པར་རྩ་གསར་འཇུགས་གནང་ནས་པར་ཐེངས་དང་པོ་དེ་པར་སྐྲུན་བྱས་ཟིན་འདུག སྐབས་དེར་ཁམས་དཀར་མཛེས་ནས་ཡིན་པའི་སྦྱིན་བདག་དོན་དགའ་ལགས་ནས་རྒྱུ་སྦྱོར་གྱིས་དེབ་གྲངས་༢༦༠༠ཐམ་པ་ཞིག་སེར་སྨད་གློག་ཀློད་སྡེ་ཚན་ནས་བཀའ་འཁྲོལ་གྱིས་སེར་བྱེས་དཔེ་མཛོད་ཁང་གི་མཚན་ཐོག་ནས་པར་སྐྲུན་ཞུས་པ་ཡིན། སྐབས་དེ་མ་དཔེ་རང་ལ་ཡིག་ནོར་མང་པོ་ཡོད་པའི་སྐད་ཆ་གོ་ཐོས་བྱུང་པར་བྲེལ་མྱུར་གྱིས་ཞུ་དག་ཐེངས་གཅིག་བྱས་འབྲས་སུ་ཡིག་ནོར་༣༠༠ལྷག་བརྙེད་སོན་བྱུང་། ད་ལྟར་དབུ་མ་དགོངས་པ་རབ་གསལ་གྱི་མ་དཔེ་དེ་སེར་སྨད་གློག་ཀློད་སྡེ་ཚན་གྱི་གློག་ཀློད་འཕྲུལ་ཆས་ནང་དུ་བདག་ཉར་གནང་ཡོད་པས་སྐུ་ཉིད་ནས་བློ་གྲོས་གཟི་གནས་ཀྱིས་ཞུས་དག་གནང་ནས་སེར་སྨད་གློག་ཀློད་སྡེ་ཚན་དུ་འབྲེལ་བ་གནང་ན་གཏན་གཏན་ཐུགས་ཕན་སོས་ངེད་རེད། འདི་ནི་བསྟན་པ་སྤྱིའི་ཞབས་འདེབས་བླ་ན་མེད་པ་ཞིག་ཡིན་པས་གུས་པས་སྙིང་ནས་བསྔགས་བརྗོད་ཞུའོ།
བསོད་ནམས་འོད་ཟེར་གྱིས། ཁེ་ན་ཌ་ནས་ཕུལ།
ལ་དྭགས་པ་འཇམ་དཔལ་ལགས།
རྗེ་གུང་ཐང་པས། རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་པ། །བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི། །གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། །ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང༌། །ཞེས་གསུངས་པ་ཤིན་ཏུ་ཐུགས་མད་པ་ཡིན་ཏེ། ཁྱེད་ཀྱི་ཀུན་སློང་ལེགས་ཉེས་ཇི་འདྲ་ཡིན་བཤད་པར་དཀའ་མོད། འོན་ཀྱང་ཁྱེད་ཀྱི་ཞུས་དག་དེ་ཕན་གནོད་ཇི་འགྱུར་ད་དུང་ཡང་བརྟག་པའི་གནས་ཏེ། ཁྱེད་ཀྱིས་དག་བཅོས་བྱས་པའི་ནོར་བཅོས་འགའ་ཞིག་ལས་མང་ཆེ་བ་ནི། སུམ་རྟགས་ལ་འདྲིས་གོམས་ཅུང་ཟད་ཡོད་པའི་གསར་བུ་བ་ཞིག་གིས་ཀྱང་ཞིབ་ཏུ་བལྟས་ན་ཤེས་པར་ནུས་ལ། འོན་ཀྱང་ཁྱེད་ཀྱིས་རྗེའི་གསུང་རྩ་ཆེན་གོ་རྒྱུ་ཡོད་པ་དག་མེད་པར་བཟོས་པའི་ནོར་འཛོལ་དེ་དག་ནི་སྡིག་ཤིན་ཏུ་ལྕི་བ་ཡིན་པས་གཟབ་པར་བྱའོ། །
ཁྱོད་ལ་བཤད་པར་བྱ་ཤིན་ཏུ་མང་ཡང་། གལ་ཆེ་ཤོས་ཤིག་སྔོན་ལ་བླངས་ནས་བཤད་ཀྱི་ཡིན། དཔེ་མཚོན་ཞིག་ཞུས་ན། ཁྱེད་ཀྱིས་༼གཏན་ལ་འབེབས་ཞེས་གསལ་བ་ལ་ཤོག་གྲངས་༣༨་ན་གཏན་ལ་ཕེབས་ཞེས་ཕལ་སྐད་བཀོལ་ཏེ་རང་གི་ཁས་བླངས་སྔ་ཕྱི་འགལ་བར་ནམ་ཡང་མི་མཛད། ཁྱེད་ཀྱིས་ཕལ་སྐད་དང་ཆོས་སྐད་བསྲེས་ནས༐ གཏན་ལ་ཕེབས་ཞེས་པ་ནི་གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ་ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཞེས་བསྐུལ་ཚིག་གང་ཡིན་པ་རྣམས་བཀོད་ཡོད་པས། འོ་ན་ཕེབས་ཞེས་པ་དེ་བྱ་ཚིག་གང་གི་བསྐུལ་ཚིག་ཡིན་ནམ། འཆད་ཐུབ་ན་ཤོད་ཅིག༽
ཅེས་བཤད་སྟངས་ལ་བལྟས་ན་ད་དུང་ཁྱེད་ཀྱིས། གཏན་ལ་འབེབས་པ་དང་། གཏན་ལ་ཕེབས་པའི་ཁྱད་པར་ཤེས་ཐུབ་མི་འདུག་པར་མ་ཟད། རང་རློམ་གྱིས་ད་དུང་“གཏན་ལ་ཕེབས”ཞེས་པ་ཡིག་ནོར་ཡིན་ཤག་བྱས་འདུག ཁྱེད་ཀྱིས་ང་ལ་ཕེབས་ཞེས་པ་དེ་བྱ་ཚིག་གང་གི་སྐུལ་ཚིག་ཡིན་ནམ་ཞེས་དྲིས་འདུག་པར། དེ་སྐུལ་ཚིག་ཏུ་སུས་ཁས་བླངས། ཁས་བླངས་མེད་པའི་དགག་པ་སུ་ལ་འཕེན་ཁུལ་ཡིན།
རྗེའི་གསུང་དེ་དག་ང་ཚོས་མི་ལོ་བཅུ་ཕྲག་གསུམ་དང་ཕྱེད་ལ་ཉེ་བ་ཞིག་རིང་ཁ་ནས་ཁྲག་ལིང་བསྐྱུགས་བསྐྱུགས་ཀྱི་བར་དུ་སློབ་གཉེར་རྡོ་རུས་ཐུག་པ་ཞིག་བྱས་ནས་བཤད་པ་ཞིག་ཡིན་གྱི། ཁྱེད་ལྟར་འོལ་ཚོད་བྱས་པ་དེ་འདྲ་མིན། བློ་གཟུ་བོར་གནས་པའི་སྒོ་ནས་གཤམ་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་དེ་ལ་ལན་ཅིག་མ་ཡིན་པར་བསམ་གཞིག་ཡང་ཡང་བྱས་ཏེ། ཐུགས་རྗེ་གཟིགས་ཕྱིན་ཆད་གོ་ལོག་དེ་འདྲ་མ་སྤེལ་རོགས་ཞེས་ལག་ཟུང་ཐལ་མོ་སྦྱར་ནས་རེ་སྐུལ་ཞུ་རྒྱུ་ཡིན།
༼རྗེ་ཙོང་ཁ་པ་ཆེན་པོའི་གསུང༽
༡༽ རྗེའི་རིམ་ལྔ་གསལ་སྒྲོན་ལས། སྟོང་ཉིད་གཏན་ལ་འབེབས་པ་དང༌། “ཕེབས”ནས་ཇི་ལྟར་སྒོམ་པའི་ཚུལ་དང༌། ཞེས་དང་།
༢༽ རྗེའི་དགོངས་པ་རབ་གསལ་ལས། མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་ཚད་མས་ “གཏན་ལ་ཕེབས་པ”ནི་ངེས་པར་འོང་ལ། དེ་བྱུང་བ་ན་དེའི་གདུལ་བྱའི་གཙོ་བོ་རྣམས་ཀྱིས། དེ་ལ་ཤིན་ཏུ་གོམས་པར་བྱེད་པ་ཡང་འོང་ངོ་། །ཞེས་དང་།
༣༽ ཡང་དེ་ཉིད་ལས། དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་མི་རྟག་སོགས་བཅུ་དྲུག་ཚད་མས་“གཏན་ལ་ཕེབས་པ”དང་། དེའི་གདུལ་བྱ་རྣམས་ཀྱིས་དོན་དེ་བརྩོན་པ་ཆེན་པོས་སྒོམ་པ་དང་།
༤༽ རྗེའི་ལམ་རིམ་ཆེན་མོ་ལས། རྟོགས་པའི་བསྟན་པ་ནི་“གཏན་ལ་ཕེབས་པ”ན། ཇི་ལྟར་གཏན་ལ་ཕེབ་པ་ལྟར་སྒྲུབ་བ་ཡིན་པས་དེ་གཉིས་རྒྱུ་འབྲས་སུ་འགྲོ་བ་ཡིན་ཏེ། ཞེས་དང་། ༥༽ ཡང་དེ་ཉིད་ལས། ཡང་དག་པའི་ལྟ་བས་“གཏན་ལ་ཕེབས་པ”དང། ཡང་དག་པའི་དོན་སྒོམ་པའི་སྒོམ་པས་ཡུལ་དུ་བྱེད་ནུས་པས། ཞེས་གསུངས།
༦༽ རྗེའི་རིམ་ལྔ་གསལ་སྒྲོན་ལས། དེས་ནི་བླ་མེད་ལ་མ་ཞུགས་བར་དུ་གཞིའི་ལྟ་བ་“གཏན་ལ་མི་ཕེབས་པར”སྟོན་པ་མིན་པ་ནི་བཤད་ཟིན་ལ། “གཏན་ལ་ཕེབས”ཀྱང་དེ་བསྒོམས་པས་མངོན་དུ་མི་འགྱུར་བ་ཡང་མིན་ཏེ།
༧༽ རྗེའི་རིམ་ལྔ་གསལ་སྒྲོན་ལས། ལུགས་འདི་ལ་སྟོང་པ་བཞི་ལེགས་པར་“གཏན་ལ་ཕེབས་པ”ཅིག་ཤིན་ཏུ་གལ་ཆེ་ལ། ཞེས་དང་།
༨༽ ཡང་དེ་ཉིད་ལས། དེ་ལ་འཆི་རིམ་ཇི་མ་ཇི་བཞིན་དུ་སྟོང་པ་རྣམས་སྐྱེད་དགོས་པ་ལ་སོགས་པ་ལེགས་པར་གཏན་ལ་མ་ཕེབས་པའི་སྐྱོན་ནོ། །ཞེས་དང་།
༩༽ རྗེའི་རིམ་ལྔ་གསལ་སྒྲོན་ལས། ངེས་པའི་དོན་གྱི་ཟབ་མོའི་ལུང་དོན་ཀླུ་སྒྲུབ་ལ་སོགས་པའི་རིགས་ལམ་ཕྲ་མོ་ལ་ལེགས་པར་སྦྱངས་ནས་གཏན་ལ་ཕེབས་པ་ཆེས་དཀོན་པའི་གནད་ཀྱིས་གནས་འདི་ལ་ཕྱོགས་འདིའི་སྔགས་པར་འདོད་པ་རྣམས་རྣམ་གཞག་ཆགས་པ་ཤིན་ཏུ་ཉུང་བར་སྣང་བས་རྣམ་དཔྱོད་ཅན་གྱིས་ནི། ཞེས་དང་།
༡༠༽ རྗེའི་གསུང་བརྟག་གཉིས་ཀྱི་ཟིན་བྲིས་ལས། སྔར་བཤད་པ་དེ་ལྟར་དེ་ཁོ་ན་ཉིད་“གཏན་ལ་ཕེབས”ན། དེ་ཁོ་ན་ཉིད་དེ་ཇི་ལྟར་བསྒོམ་པར་བྱ། ཞེས་དང་།
༡༡༽ དེ་གཏན་ལ་ཕེབས་ནས་བསྒོམ་པའི་དུས་སུ། ཞེས་སོགས་གསུངས།
༡༢༽ རྗེའི་སྔགས་རིམ་ཆེན་མོ་ལས། ལྟ་བས་བདག་མེད་པའི་དོན་“གཏན་ལ་ཕེབས”ཀྱང་སྒོམ་པའི་ཚེ་ལྟ་བ་དྲན་ནས་ལྟ་བའི་ངེས་པ་མ་བསྐྱངས་པར། ཞེས་དང་།
༡༣༽ རྗེའི་སྔགས་རིམ་ཆེན་མོ་ལས། དེའི་ཕྱིར་མ་རིག་པས་མ་བསླད་པའི་ཆོས་ཅན་ནི་རྣམ་སྣང་ལ་སོགས་པའི་སྐུ་རྣམས་ཡིན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་“གཏན་ལ་ཕེབས་པའི”བློས། ཞེས་སོགས་གསུངས་སོ།
༼རྒྱབ་ཚབ་རྗེའི་གསུང༽
༡༤༽ རྒྱལ་ཚབ་ཆོས་རྗེའི་ཀུན་བཏུས་དར་ཊཱིཀ་ལས། འདོད་པ་ནི་ཡིད་བདེ་མི་ལྡན་པའི་རྒྱུ་མཚན་ཡིད་“གཏན་ལ་མ་ཕེབས་པའི”འདོད་པ་མེད་པས་ཡིད་མི་བདེ་མེད་པའི་ཕྱིར། ཞེས་གསུངས།
༡༥༽ རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། གཏན་ལ་ཕེབས་པའི་དོན་དེ་ཉིད་བསམ་པས་ཡང་དང་ཡང་དུ་འདྲིས་པར་བྱེད་པའི་སྐབས་ལ་བརྗོད་ན། ཞེས་དང་།
༡༦༽ རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། ལུང་རིགས་ཀྱིས་གཏན་ལ་ཕེབས་པའི་དོན་ཡིན་ལ། ཞེས་དང་།
༡༧༽ རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་ཐར་ལམ་གསལ་བྱེད་ལས། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་མི་འཁྲུལ་བའི་ཚད་མ་ཞིག་ལེགས་པར་“གཏན་ལ་མ་ཕེབས”ན། ཞེས་གསུངས།
༡༨༽ རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཡུལ་“གཏན་ལ་ཕེབས”མ་ཕེབས་ཀྱི་གསལ་མི་གསལ་དང༌། ཐེ་ཚོམ་ཅན་དུ་འགྱུར་བ་བཞིན་ནོ། །ཞེས་དང་།
༡༩༽ རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཡོད་པ་ལ་ཡོད་པ་“གཏན་ལ་ཕེབས་པར”བསྒྲུབ་པ་དང༌། མེད་པ་ལ་མེད་པར་གཏན་ལ་ཕེབས་པ་བཀག་པའི་དོན་ཏོ། །ཞེས་གསུངས་སོ། །
༼མཁས་གྲུབ་ཆོས་རྗེའི་གསུང༽
༢༠༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡིད་ཤེས་རང་ཡུལ་གསལ་བ་ལ་ཡང་དག་པར་“གཏན་ལ་ཕེབས་པ”དང༌། མི་གསལ་བ་ཕྱིན་ཅི་ལོག་ཏུ་གཏན་ལ་འབེབས་པ་དང༌། གང་དུའང་“གཏན་ལ་མ་ཕེབས་པའི”ཐེ་ཚོམ་གསུམ་ཡོད་པ་བཞིན་ནོ། །
༢༡༽ མཁས་གྲུབ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྟོག་པས་དོན་གྱི་གནས་ལུགས་ཇི་ལྟར་ཡིན་པ་ཡང་“གཏན་ལ་ཕེབས”ཤིང་། ཞེས་དང་།
༢༢༽ མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཆོས་ཆོས་ཅན་སོགས་ཀུན་རྫོབ་ཡིན་ཀྱང་དེ་ལ་བརྟེན་ནས་དོན་དམ་དངོས་པོའི་གནས་ལུགས་“གཏན་ལ་ཕེབས་པས”། ཞེས་དང་།
༢༣༽ སྡུག་བསྔལ་བདེན་པའི་རྣམ་བཞི་པོ་འདི་དག་ཚང་བར་ཚད་མས་གཏན་ལ་ཕེབས་པའི་སྒོ་ནས་མ་རྟོགས་ན། ཞེས་སོགས་མཐའ་ཡས་སོ། །
གོང་གི་རྗེ་ཡབ་སྲས་ཀྱི་གསུང་དེ་དག་གི་ནང་ནས། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྟོང་ཉིད་གཏན་ལ་འབེབས་པ་དང༌། “ཕེབས”ནས་ཇི་ལྟར་སྒོམ་པའི་ཚུལ་དང༌། ཞེས་པ་འདི་དང་། མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡིད་ཤེས་རང་ཡུལ་གསལ་བ་ལ་ཡང་དག་པར་“གཏན་ལ་ཕེབས་པ”དང༌། མི་གསལ་བ་ཕྱིན་ཅི་ལོག་ཏུ་གཏན་ལ་འབེབས་པ་དང༌། གང་དུའང་“གཏན་ལ་མ་ཕེབས་པའི”ཐེ་ཚོམ་གསུམ་ཡོད་པ་བཞིན་ནོ། །ཞེས་པའི་གཞུང་འདི་གཉིས་ལ་ཐུགས་བསམ་ཞིབ་ཏུ་བཞེས་ན། གཏན་ལ་འབེབས་པ་དང་། གཏན་ལ་ཕེབས་པའི་ཁྱད་པར་ཕྲ་མོ་དེ་ཉིད་ཤེས་པར་འགྱུར་རོ།།
ད་དུང་བཤད་པར་བྱ་བ་མང་དུ་ཡོད་ཀྱང་། དེ་རིང་དུས་ཚོད་ཀྱིས་གཏུགས་ནས་དེ་ཙམ་ལས་ཞུ་ཐུབ་མ་སོང་ངོ་།། །།
ཨིན་འགྱུར་དང་། ཨིན་ཡིག ཨིན་སྐད་ཅེས་འབྲི་སྟངས་དེ་ཤིན་ཏུ་འཐད་པར་མཐོང་།
སྒོམ་སྡེ་ལྷ་རམས་པ་ལགས་ལ་ཞུ་གསོལ།
སྔོན་གྱི་མཁས་པ་ཡིན་ན་ཐམས་བཅད་ལ་མཁས་པའི་ཁྱབ་པ་ཨེ་ཡོད། རྗེ་རིན་པོ་ཆེ་མཁས་པ་ཆེན་པོ་རེད། ཡིན་ནའང་། དག་ཆ་ལ་མཁས་པ་ཡིན་པ་ཁྱབ་པ་ཨེ་ཡོད། ཁོང་གི་གསུང་ཁ་ཤས་ནང་ལ་ཡིག་ནོར་ཡོང་སྲིད་པ་རེད། དེ་དག་ལ་བཟོ་བཅོས་བརྒྱབ་པ་དེ་འོས་པ་རེད་སྙམ།
ཁ་བརྡ་དྲ་བདག་ཁྱེད་ཚོ་དེ་འདྲ་སྐྱོ་བ་ལ་བློ་ཟུ་བོར་གནས་པའི་སྐད་ཆ་དེ་ཚོ་ག་རེ་བྱས་ནས་ཕྱིར་བླང་བ་ཡིན།
ཁྱེད་ཀྱིས་ཧ་གོ་བ་ཡིན་ན་ང་རང་སྒོམ་སྡེ་བ་མཆོག་ལ་གུས་ཞབས་ཡོད་མཁན་ཞིག་ཡིན།
ཡིན་ན་ཡང་ང་བློ་ཟུ་བོར་གནས་པ་ལ་ཧ་ཅིང་གི་དགའ་བོ་ཡོད།
ང་མི་འགྱུར་རྡོ་རྗེ་སྔོན་ལ་བྲིས་པ་དེ་ཚོ་སྒོམ་སྡེ་ལ་ལྷག་བསམ་ཡིན།
གང་ཡིན་ཞུ་ན་ང་ཚོས་ཨམ་སྐད་ལ་ཉམས་མྱོང་གང་ཡང་མེད་པས་ངང་ནས་ཝ་དང་བ་ཡི་རྒྱུ་མཚན་བཤད་ན་ཡག་པོ་མ་རེད།
དགོས་པ་དེ་དངོས་གནས་གྲགས་རྒྱལ་གྱི་མངོན་རྟོག་ལ་ལན་ཚ་བོ་ཞིག་ཡོད་ན་ང་ཚོ་ཐམས་ཅད་ཀྱིས་མིག་ལམ་མཛེས་མོ་དང་ཡ་མཚན་པོ་ཡོང་ས་རེད།
བློ་ཕང་བ་གཅིག་ལ་ལན་གང་ཡང་མཐོང་གི་མི་འདུག
དགུ དགོད་ལྟ་བུ་ལ་ཨམ་སྐད་ནང་ཡང་། རྒུ། རྒོད་ཟེར་ནས་ར་མགོའི་སྒྲ་ཞིག་ཐོན།
རང་དང་མཐུན་ན་ནོར་ཀྱང་བཞག
མ་མཐུན་བདེན་ཀྱང་སྲུབ་བྱེད་པའི།།
ཁ་བརྡའི་ཁ་དྲི་ཐུལ་བའི་མོད།།
དྲྭ་ངོས་སྟོང་པའི་རྗེས་སུ་ཕྱོགས།།
ལ་དྭགས་པ་འཇམ་དཔལ་ལགས།
ཐོག་མར་ཁྱོད་ཀྱི་འགོ་བརྗོད་དེ་ལ་ཅིག་ལྟོས་དང་། རིང་དྲགས་ནས་དགོད་བྲོ་བ་ལྟ་བུ་ཞིག་འདུག
དེ་ནས་དེའི་མཇུག་ཐོག་དེ་རང་ལ་སྔོ་ལོ་ལངས་ནས་འཆར་འདུག
ཁྱེད་ཀྱིས་༼ཁྱོད་མི་ཚེ་རྟགས་བསལ་གྱི་རི་ལ་བསྐྱལ་ནས་རྟགས་བསལ་གྱི་དག་ཆའི་རི་དྭགས་ངོ་མ་ཤེས་པར་རྟགས་བསལ་ལ་རྟགས་གསལ་སོགས་མ་དག་པར་བྲིས་པ་བརྟག་ན་མང་དུ་ཡོད་ངེས༽ཞེས་ང་ལ་“རྟགས་གསལ”གྱི་དག་ཆ་འབྲི་ཤེས་མི་འདུག ༼རྟགས་གསལ༽ལ་༼རྟགས་བསལ༽ཞེས་འབྲི་དགོས་རེད་ཅེས་བཀའ་བཀྱོན་གནང་འདུག་པ་ནི། རང་གི་དེ་ཉིད་གསལ་བར་བསྟན་པ་ཡིན་ཏེ། མདོ་དང་བསྟན་བཅོས་སོགས་འཕགས་བོད་ཀྱི་གཞུང་ལུགས་ཐམས་ཅད་དང་། ཐ་ན་བསྡུས་གྲྭ་སོགས་ཀྱི་ནང་དུ་“རྟགས་གསལ”ཞེས་ཡོད་ཀྱི། “རྟགས་བསལ”ཞེས་བྲིས་པ་གཏན་ནས་མེད་དོ། །ད་དུང་ཡིད་མ་ཆེས་ན་བོད་རྒྱ་ཚིག་མཛོད་ཆེན་མོ་ལ་ལྟོས་ཤིག མ་ཟད་བསྒྲུབ་བྱའི་ཆོས་ལ་བསལ་བ་ཟེར་ན་གོ་རྒྱུ་ཡོད་མ་རེད། གསལ་བ་ཟེར་བ་ནི་བློ་ཡུལ་གསལ་བར་བྱ་བའམ་བསྒྲུབ་པར་བྱ་བ་ཡིན་པས་ན་མིང་དེ་སྐད་དུ་བཏགས་པ་རེད། ཁྱེད་ཀྱིས་རང་གིས་རང་ལ་ཚོགས་གཏམ་རག་རྒྱུའི་རྒྱུ་ཚོགས་བསྒྲུབ་ཀྱི་འདུག
ངས་ཁྱོད་ལ་བཀོད་པའི་སྐྱོན་བརྗོད་དེ་དག་ལ་ཁྱོད་ཀྱིས་ལན་ཐེབས་མི་འདུག སྲེག་སླང་སྟེང་བག་ལེབ་ཨ་ལོག་རྒྱག་པ་ནང་བཞིན། ངས་བཤད་པ་དེ་རང་ཕར་ཚུར་ཨ་ལོག་བྱས་པ་ཙམ་ལས་དོན་ལ་འདོད་བློ་ཁེངས་པའི་ལན་རྣལ་མ་ཞིག་གཏན་ནས་བརྒྱབ་ཐུབ་མི་འདུག
ཐོག་མའི་འཆར་གཞིར་ཁྱེད་ཀྱི་ལན་ཉག་ཉོག་དེ་དག་ལ་བརྡ་ལན་མཐར་ཆགས་སུ་བྱེད་བསམས་ནས་ཡོད་ཀྱང་། ད་ང་ཉོབ་སོང་ངོ་། །
འཇམ་དཔལ་ལགས།
ངོས་ནས་ཁྱོད་ལ་བཀོད་པའི་གནོད་བྱེད་དག་ལ་ད་དུང་ཞིབ་ཏུ་ལན་ཅིག་ཀློག་རོགས།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། སྔོན་ལ་རང་གིས་རང་ལ་ཞུས་དག་ཅིག་བྱེད་ན་ག་འདྲ་འདུག ཁྱེད་ཀྱི་གླེང་བརྗོད་ཐུང་ངུ་དེ་ལའང་ཡིག་ནོར་གྱིས་ཡོངས་སུ་གང་འདུག དཔེར་ན་ཁྱེད་ཀྱིས་རྫོགས་ཚིག་ལ་ཉིས་ཤད་དགོས་པ་འདི་གཏན་ནས་ཤེས་མི་འདུག
(ནོར) (བཅོས)
༡ བྱེད་དོ། = བྱེད་དོ། །ཞེས་ཉིས་ཤད་བསྐྱོན་དགོས།
༢ གདོན་མི་ཟའོ། = གདོན་མི་ཟའོ། །
༣ སྣང་ངོ་། = སྣང་ངོ་། །
༤ བསྟེན་བྱའོ། = བསྟེན་བྱའོ། །
༥ འདུག་གོ = འདུག་གོ།
༦ མི་དགོས་སོ། = མི་དགོས་སོ། །
༧ ཞུའོ། = ཞུའོ། །
༨ མཁྱེན་ངེས་སོ། = མཁྱེན་ངེས་སོ། །
༩ ཞུ་ཐུབ་བོ། = ཞུ་ཐུབ་བོ། །
༡༠ ངེས་སོ། = ངེས་སོ། །
༡༡ བྱས་སོ། = བྱས་སོ། །
༡༢ ལེགས་སོ། = ལེགས་སོ། །
༡༣ ཡིན་ནོ། = ཡིན་ནོ། ། ཞེས་སོགས་འབྱམས་ཀླས་ཀྱང་རེ་ཞིག་བཞག་གོ།
༡༤ སྤར་བསྐྲུན། = སྤར་སྐྲུན། (དཔར་སྐྲུན། པར་སྐྲུན་ཡང་འཐད)
༡༥ བལྟ་ན། = བལྟས་ན།
༡༦ འབྱུང་ན། = བྱུང་ན། (འདས་ཚིག་འབྲི་དགོས)
༡༧ བྱུང་ཞིང་། = འབྱུང་ཞིང་། (གང་ན་བསྟན་པ་དར་བ་དེ་ན་ཡི་གེ་ཡང་ཤིན་ཏུ་དག་པ་“འབྱུང་ཞིང”ཞེས་ད་ལྟ་བའམ་མ་འོངས་པའི་ཚིག་སྦྱར་དགོས།)
༡༨ གཞེན་སྐུལ། = གཞེན་བསྐུལ། (ཞེས་ནོར་བཅོས་བྱས་འདུག་རུང་། དག་ཡིག་གསར་བསྒྲིགས་སུ། གཞེན་སྐུལ་ཞེས་འབྱུང་བ་ཡང་མཁྱེན་པར་མཛོད) ༡༩ གང་མང་མང་ཞིག་འབྱུང་ན། = གང་མང་མང་ཞིག་བྱུང་ན། (འདས་ཚིག་འབྲི་དགོས)
༢༠ མཛད་གྲོགས་“ཞེས”གུས་པས་ཞུའོ། = མཛད་གྲོགས་“ཤེས”གུས་པས་ཞུའོ། །ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །ཅེས་གསུངས་པ་ལྟར། གཞན་དང་ནོར་དོགས་ཀྱི་ཉེས་པ་མེད་ན་བརྡ་སྤྲོད་དང་མཐུན་པར་ཚིག་ཕྲད་“ཤེས”ཉིད་སྦྱར་དགོས་སོ། །
༢༡ ཕྲེང་། = འཕྲེང་། (ནོར་བཅོས་བྱས་འདུག་ཀྱང་། དག་ཡིག་ངག་སྒྲོན་ལས། ཕྲིན་ལས་ཕྲེང་སོགས་གང་ཡང་རུང་། །ཞེས་གདམ་ངར་གསུངས་པའི་ཕྱིར་རོ)
༢༢ ཕྲིན། = འཕྲིན། (གདམ་ང་ཡིན་པར་མཁྱེན་པར་མཛོད)
༢༣ སྒྲོག = སྒྲོགས། (ནོར་བཅོས་བྱས་འདུག་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་སྒྲོག་ཅེས་འབྱུང་བ་ཡང་མཁྱེན་པར་མཛོད)
༢༤ སེ་ར་བྱེ། = སེ་ར་བྱེས།
༢༥ སོཌ། = སོགས། (ནོར་བཅོས་བྱས་འདུག་ཀྱང་། སོཌ་ནི་སོགས་ཀྱི་བསྐུངས་ཡིག་ཡིན་པར་མཁྱེན་དགོས་ཤིང་། བསྐུངས་ཡིག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་རིག་གནས་ཆེས་རྩ་ཆེན་ཞིག་ཡིན་པས། དེ་ལ་མཐོང་ཆུང་མི་མཛད་པར་ཞུ)
༢༦ ལེཌ། = ལེགས། (བསྐུངས་ཡིག་ཡིན་པར་མཁྱེན་པར་མཛོད) ༢༧ དོཌ། = དོགས། (བསྐུངས་ཡིག་ཡིན་པར་མཁྱེན་པར་མཛོད) ༢༨ ལུཌ། = ལུགས། (བསྐུངས་ཡིག་ཡིན་པར་མཁྱེན་པར་མཛོད)
༢༩ གཉིས་ཀ = ཉིས་ག། (དག་བཅོས་བྱས་འདུག་ཀྱང་། བོད་རྒྱ་ཚིག་མཛོད་སོགས་འཕགས་བོད་ཀྱི་གཞུང་ལུགས་ཚད་ལྡན་ཆེས་མང་པོའི་ནང་གཉིས་ཀ་ཞེས་བྲིས་ཡོད་དོ)
༣༠ ཚེ་མ། མཚེ་མ།
༣༡ གླགས། =ལྷག (དག་བཅོས་བྱས་འདུག་པ་ནི། གླགས་ཞེས་པ་ལྷག་པའམ་བསྣན་པའི་དོན་ཡིན་པ་མ་ཤེས་པས་ནོངས་སོ) མཛོད་རང་འགྲེལ་ལས། གདོན་མི་ཟ་བར་འབྱུང་སྟེ། ས་མང་པོ་པ་བཅུ་དང༌། དགེ་བའི་ས་མང་པོ་པ་བཅུ་དང༌། རྟོག་པ་དང་དཔྱོད་པའོ། །ལ་ལ་དག་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པས་གང་ལ་ཡོད་པ་དེར་དེ་ཉིད་ཀྱིས་གླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །ཞེས་གསུངས་པས་སོ། །གཞན་ཡང་མཛོད་རྩ་བ་ལས། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་དང་། མཛོད་རང་འགྲེལ་ལས། སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་སོགས་བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །ཞེས་སོགས་མང་དུ་གསུངས་སོ། །ཁྱོད་ཀྱི་ནོར་འཁྲུལ་འདི་འབྱུང་གཞི་ནི་ཁྱོད་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོར་བལྟས་ནས་དེར་དེའི་གོ་དོན་མ་རྙེད་པ་ན། ནོར་འཁྲུལ་དུ་འོལ་ཚོད་བྱས་པ་དེ་རེད། མཁྱེན་དགོས་པ་ཞིག་ལ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་མ་འཁོད་པའི་མ་ཚིག་འབུམ་ཕྲག་མང་པོ་ཡོད་པ་ཡང་མཁྱེན་པར་མཛོད་ཅིག དེས་ན་གླགས་པ་དང་། ཀླགས་པ་གཉིས་འབྲི་ཚུལ་ཙམ་ལས་དོན་གཅིག་ཡིན་པར་ཡང་ཤེས་པར་བྱའོ། །གླགས་པ་དང་། ཀླགས་པ། ལྷག་པ། བསྣན་པ། ཁྱད་འཕགས། ཕུལ་བྱུང་། ཧ་ཅང་རྣམས་འདིར་མིང་གི་རྣམ་གྲངས་སོ། །
༣༢ ཡར་བ། འཕར་བ། (དག་བཅོས་བྱས་འདུག་ཀྱང་། ཡར་བ་དང་འཕར་བ་གཉིས་དོན་འདྲ་ཞིང་། ཡུལ་སྐད་དུའང་འཕར་བ་ལ་ཡར་བ་ཞེས་ད་ལྟའང་འབོད་དོ། །མཛོད་རང་འགྲེལ་ལས་ཀྱང་། དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་བཞིན་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གཉིས་པའོ། །ཞེས་གསུངས་པས་ཀྱང་ཤེས་སོ། །འདི་ཡང་ཁྱོད་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོར་འདིའི་གོ་དོན་མ་རྙེད་པས། འོལ་ཚོད་བྱས་པའོ) ༣༣ ཕར་བ། = འཕར་བ།
༣༤ སུན་འབྱུང་བྱ། = སུན་དབྱུང་བྱ། ཞེས་རྗེའི་དབུ་དགོངས་པ་རབ་གསལ་ལ་དག་བཅོས་བྱས་འདུག་ཀྱང་། དེ་མཐའ་གཅིག་ཏུ་ཡིག་ནོར་ཡིན་པར་ཁ་ཚོན་གཅོད་མི་ནུས་ཏེ། འབྱུང་བ། (ད་ལྟ་བ) འབྱུང་བ། (མ་འོངས་པ) བྱུང་བ། (འདས་པ) ཡིན་པའི་ཕྱིར་རོ། །འདི་ལ་བསམ་བློ་ཡག་པོ་བཏང་ན་ཡིག་ནོར་མིན་པ་ཡང་རིམ་གྱིས་ཤེས་པར་འགྱུར་རོ། །
༣༥ ཚེ་རངས་པར་འཚོའོ = ཚེ་རིངས་པར་འཚོའོ། །ཞེས་བཅོས་འདུག་ཀྱང་། དེ་ནི་“རངས་པར”ཞེས་པ་ཧྲིལ་པོ་དང་། གང་པོ། རངས་པོ་བཅས་ཀྱི་དོན་ཡིན་པ་མ་ཤེས་ཤིང་། མཐོང་རྒྱ་ཆུངས་པའི་སྐྱོན་ཏེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། །ཉི་མ་གཉིས་སམ་གསུམ་དུ་ཞེས་བྱ་བ་ནི་ཉི་མ་རངས་པར་བགྲང་བས་ནི་གཉིས་སོ། །ཉི་མ་དུམ་བུ་བགྲང་བས་ནི་གསུམ་མོ། །ཞེས་གསུངས་པའི་ཕྱིར་རོ། །
༣༦ ཀྱལ་པ། = བཀྱལ་པ། འདི་ལ་དག་བཅོས་བྱས་འདུག་པ་ནི། འདི་གཉིས་གདམ་ང་ཡིན་པར་མ་ཤེས་པས་ནོངས་སོ། །འདུལ་བ་ལུང་གཞི་དང་། རྒྱ་ཆེར་རོལ་པའི་མདོ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་བཀའ་བསྟན་གྱི་གཞུང་ལུགས་བརྒྱ་ཕྲག་མང་པོར་ཀྱལ་པ་ཞེས་བྲིས་ཡོད་པའི་ཕྱིར་རོ། །
༣༧ སྙན་ངག = སྙན་དངགས། (ཡོངས་གྲགས་འདི་ལའང་དག་བཅོས་བྱས་འདུག ད་ཁྱོད་སྨྱོས་ཟིན་ཏམ། འདི་ཡང་གདམ་ང་ཡིན་པར་མ་ཤེས་སམ)
༣༨ འཇིགས་མ། = འཇིག་པ། འདི་ལ་ཁྱོད་ཀྱི་ནོར་བཅོས་བྱས་འདུག འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པར་ཤེས་མི་འདུག འཇུག་པའི་རང་འགྲེལ་ལས། འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །
༣༩ དེ་ཐོས་པ་ནས་ནང་དུ། = དེ་ཐོས་པས། ཞེས་འདི་ལ་ཁྱོད་ཀྱིས། ༼བརྗོད་མི་བདེ་བས་དང་པོ་ན། དེ་ཐོས་པས་ཞེས་ཡོད་པ་ལ་ཡིག་མཁན་གྱི་བསླད་ཞུགས་པ་ཡིན་ནམ་སྙམ༽ཞེས་ནོར་བཅོས་བྱས་འདུག ཁྱོད་ནི་དངོས་གནས་སྙིང་ཁམས་ཆེ་བ་ཞིག་སྟེ། “དེ་ཐོས་པ་ནས”ཞེས་པ་ནི་དུས་ཀྱི་ཁྱད་པར་སྟོན་པའི་སྒྲ་སྟེ། “དེ་ཐོས་པ་ནས་བཟུང་སྟེ” ཞེས་པའི་དོན་རེད། ད་ཁྱོད་གོ་རྒྱུ་ཡོད་པ་རྣམས་གོ་རྒྱུ་མེད་པར་བཟོ་བའི་ལས་ལ་ཅིའི་ཕྱིར་བྲེལ། རྗེའི་དགོངས་པ་རབ་གསལ་ལས། སོ་སོ་སྐྱེ་བོ་ལས་དང་པོ་པའི་དུས་ནའང་སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་ན། “དེ་ཐོས་པ་ནས”ནང་དུ་གཏམ་དེ་ལ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་བ་དང། རབ་ཏུ་དགའ་བ་དེ་ལས་བྱུང་བའི་མཆི་མས་མིག་བརླན་པ་དང་། ཞེས་གསུངས་པས་ཤེས་སོ། །
༤༠ གཏན་ལ་ཕེབས། = གཏན་ལ་འབེབས། ཁྱོད་ཀྱིས་༼འདིར་ཡི་གེ་པས་“ཕེབས”འཕྲལ་སྐད་བཅུག་པར་མངོན༽ ཞེས་འདི་ལ་ནོར་བཅོས་བྱས་འདུག་པ་ནི་ཤིན་ཏུ་མཚང་ཆེ་སྟེ། གཏན་ལ་ཕེབས་ཞེས་པ་ནི། གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ། ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཚིག་འདི་དག་ལ་ཚིག་གཞན་གྱིས་མི་འཐོན་པའི་གོ་རྒྱུ་དམིགས་བསལ་བ་ཞིག་ཡོད་པ་ཡང་ཤེས་པར་བྱའོ། །དཔེར་ན་བཀྱགས་ནས་ཁྱོག བཀླགས་ནས་ལྷོགས། བླངས་ནས་ལོངས། བཤད་ནས་ཤོད། སྤྲད་ནས་འཕྲོད། འཕངས་ནས་ཕོག གཏན་ལ་ཕབ་ནས་ཕེབས་སོགས་མང་དུ་ཡོད་དོ། །རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། རིམ་གྱིས་ཡི་གེ་བཤུར་མ་ཕྲན་བུ་ལྷོགས་པ་དང་བསྟུན་འཕྲོ་མ་རྣམས་དཔེ་ཐོག་ནས་ཁྲིད། ཅེས་གསུངས་པ་ལྟ་བུའོ། །ཚིག་འདི་དག་རྒྱལ་མཆོག་ལྔ་པའི་རང་རྣམ་ཙམ་ལས་གཞན་དུ་མི་སྣང་བ་ནི། ཡུལ་དུས་ཀྱི་དབང་གིས་རིམ་གྱིས་ཉམས་འགྲོ་བ་ཡིན་འདུག་གོ། རྗེའི་དགོངས་པ་རབ་གསལ་ལས། དེ་ལས་ཐ་དད་པས་སྟོང་པའི་སྟོང་བདག་མེད་དང། མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་ཚད་མས་གཏན་ལ་ཕེབས་པ་ནི་ངེས་པར་འོང་ལ། དེ་བྱུང་བ་ན་དེའི་གདུལ་བྱའི་གཙོ་བོ་རྣམས་ཀྱིས། དེ་ལ་ཤིན་ཏུ་གོམས་པར་བྱེད་པ་ཡང་འོང་ངོ་། །ཞེས་གསུངས་པ་ལ་བློ་གྲོས་ཞིབ་མོས་ཞིབ་ཏུ་དཔྱད་ན་གཏན་ལ་ཕེབས་ཞེས་པ་ཡིག་ནོར་མིན་པ་ཙམ་དུ་མ་ཟད་གོ་རྒྱུ་ཁྱད་པར་ཅན་ཡོད་པའང་ཤེས་པར་འགྱུར་རོ། །ད་དུང་རྗེའི་ལམ་རིམ་ཆེན་མོའི་ནང་། དགག་བྱ་ངོས་འཛིན་ཁྱབ་ཆུངས་པ། ཞེས་འདི་ལ་ས་མཐའི་ཡང་འཇུག་བསྣན་པའང་གོང་དང་འདྲ་བར་གོ་རྒྱུ་ཆེན་པོ་ཡོད། ཆུངས་ནི་ཆུང་དྲགས་པའི་དོན་ཏེ། འདི་ལ་ཆུང་ཞེས་པའི་ཚིག་གིས་མ་ཐོན་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་པའང་གོང་དང་མཚུངས་སོ། །རྗེ་ཙོང་ཁ་པ་ཆེན་པོའི་ཚིག་ཟུར་རེ་རེར་ཡང་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་ཅེས། རྗེ་གུང་ཐང་པས་གསུངས་ཤིང་། གྲྭ་སའི་བགྲེས་པ་ཚོས་ཀྱང་ཡང་ཡང་གསུངས་ནས་གཙིགས་ཆེན་པོ་མཛད་པས། གཞུང་ཆེན་མོར་སྦྱང་པ་ལེགས་པོ་བྱེད་མ་མྱོང་བའི་གྲོང་གསེབ་པའི་ཕ་རྒན་ཁྱེད་ལྟ་བུས། རིག་གནས་འཁྱར་འཁྱོར་ཤེས་པའི་ང་རྒྱལ་གྱིས། རྗེའི་གསུང་རྩ་ཆེན་འདི་དག་ལ་ལག་རྩེད་བརྩེ་རྒྱུ་མཚམས་འཇོག་བྱེད་ན་མཛེས་སོ། །
ཁྱོད་སྐད་དག་པོ་དགོས་ཤེས་སྐད་ལོག་ལུང་པ་གང་རྒྱག་བཞིན་དུ། ༼འཇམ་དཔལ༽ལ་༼འཇམསེ་དཔལJamspal༽ཞེས་ལྐུག་པ་ཨུ་ཚུགས་ཅིའི་ཕྱིར་བྱེད། དེས་ན་ཁྱེད་ཀྱི་ཞུས་དག་འདི་ནི་ཡིག་ནོར་གྱིས་ཡོངས་སུ་གང་ནས་མགོ་ན་བ་ཞིག་འདུག་པས་རེ་ཞིག་དེ་ཙམ་དུ་བཞག་གོ། གོང་གི་དེ་ནི་ཁྱེད་ཀྱི་ཡིག་ནོར་གྱི་རྒྱ་མཚོ་ཆེན་པོ་དེ་ལས་ཆུ་ཐིགས་ཙམ་ཞིག་བླངས་པ་ཡིན་ནོ། །
སྒོམ་སྡེ་ལགས་ཀྱི་རྩོམ་དེ་ཀློག་པ་ཡིན།
ཡག་པོ་འདུག ཡིན་ནའང་། ཚིག་ཁག་གཅིག་རྩུབ་པོ་འདུག
ལ་དྭགས་འཇམ་དཔལ་ནས།
སྒར་ལུང་བསོད་ནམས་འོད་ཟེར་ལགས།
དབུ་མ་དགོངས་པ་རབ་གསལ་སེ་ར་སྨད་ན་གློག་ཀླད་འཕྲུལ་ཆས་ན་ཡོད་པར་ད་ལྟ་ཞུས་དག་གནང་ནས་དག་པོ་བྱུང་ཡོད་ངེས་ལགས། ངས་ཞུས་དག་གང་ཤེས་ཞུས་པའི་འདྲ་བཤུས་སེ་རར་ཕུལ་ཟིན། རྒྱ་རོང་མཁན་ཟུར་རིན་པོ་ཆེ་ནས་འབྱོར་བྱུང་གསུངས་ཏེ། ཕྱག་བྲིས་སྩལ་སོན་བྱུང་། མ་འོངས་པ་ན་དབུ་མ་དགོངས་པ་རབ་གསལ་དཔེ་ཆ་དག་པ་ཞིག་བྱུང་ན་དེ་ནས་བླུ་ཡོན་ཞུ་བསམ། བཀྲ་ཤིས་བདེ་ལེགས་ཞུ།
སྒོམ་སྡེ་ལགས།
ངེད་ཀྱིས་འདོད་པའི་རྟགས་བསལ་དེ་ཁྱེད་ཀྱིས་འདོད་པ་ལྟར་བོད་རྒྱ་ཚིག་མཛོད་ལ་བརྟེན་པ་མ་ཡིན་པར་ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ལ་བརྟེན་ཏེ། ཇི་སྐད་དུ། ཚད་མས་བསལ་བ་ནི། ཚད་མས་གྲུབ་པའི་དོན་གྱི་ལོག་ཕྱོགས་དངོས་ཡིན་ལ། དེ་ལ་དབྱེ་ན། མངོན་སུམ་དང་དངོས་སྟོབས་རྗེས་དཔག་གིས་བསལ་བ། ཡིད་ཆེས་རྗེས་དཔག་གིས་བསལ་བ། གྲགས་པའི་རྗེས་དཔག་གིས་བསལ་བའོ། །ཞེས་གསུངས་པ་ལྟར་རྟགས་ཀྱིས་མི་མཐུན་ཕྱོགས་བསལ་བར་བྱས་པས་ན། རྟགས་བསལ་ཞེས་ཡུན་རིང་པོ་ནས་ཁོ་བོའི་ཡིད་ལ་གསལ་ལོ།
རྒྱལ་བ་ཡབ་སྲས་གསུམ་གྱི་གསུང་ན་ཡོད་པ་ལ་ཡི་གེ་མཁན་གྱི་བྲིས་སྐྱོན་ཤོར་བ་མ་ཡིན་ན། སྤྱི་བོས་བཀུར་འོས། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྟོང་ཉིད་གཏན་ལ་འབེབས་པ་དང༌། “ཕེབས”ནས་ཇི་ལྟར་སྒོམ་པའི་ཚུལ་དང༌། ཞེས་གསུངས་པ་བཀོད་ཡོད་པར། བོད་ཀྱི་སྐད་སྤྱིར་བཏང་ལྟར་ན། ད་ལྟ་འདས་མ་འོངས་རྣམས་ འབེབས། ཕབ། དབབ། ཕོབ། ཡང་ན། ཕོབས། ཞེས་པ་ལྟར། ཕབ་ནས་ཇི་ལྟར་ཇི་ལྟར་སྒོམ་ཚུལ། ཞེས་པ་ཡིན་ཀྱང་། ཕེབས་ནས་ཞེས་གསུངས་ཡོད་པ་དེ་དག་ལ་ཇི་ལྟར་བྱུང་བ་བདག་ཅག་ཚང་མས་བརྟག་ཅིང་དཔྱད་དགོས་པ་ཞིག་ཏུ་སྣང་། ཇི་སྐད་དུ།
དགེ་སློང་དག་གམ་མཁས་རྣམས་ཀྱིས།
བསྲེགས་བཅད་བདར་བའི་གསེར་བཞིན་དུ།
ལེགས་པར་བརྟག་ལ་ང་ཡི་བཀའ།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་གསུངས་པ་ལྟར་དགོས་སོ།
གཏན་ལ་ཕེབས་ཞེས་པ་ནི་གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ་ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཞེས་བསྐུལ་ཚིག་གང་ཡིན་པ་རྣམས་བཀོད་ཡོད་པས། འོ་ན་ཕེབས་ཞེས་པ་དེ་བྱ་ཚིག་གང་གི་བསྐུལ་ཚིག་ཡིན་ནམ། འཆད་ཐུབ་ན་ཤོད་ཅིག༽
ཅེས་བཤད་སྟངས་ལ་བལྟས་ན་ད་དུང་ཁྱེད་ཀྱིས། གཏན་ལ་འབེབས་པ་དང་། གཏན་ལ་ཕེབས་པའི་ཁྱད་པར་ཤེས་ཐུབ་མི་འདུག་པར་མ་ཟད། རང་རློམ་གྱིས་ད་དུང་“གཏན་ལ་ཕེབས”ཞེས་པ་ཡིག་ནོར་ཡིན་ཤག་བྱས་འདུག ཁྱེད་ཀྱིས་ང་ལ་ཕེབས་ཞེས་པ་དེ་བྱ་ཚིག་གང་གི་སྐུལ་ཚིག་ཡིན་ནམ་ཞེས་དྲིས་འདུག་པར། དེ་སྐུལ་ཚིག་ཏུ་སུས་ཁས་བླངས། ཁས་བླངས་མེད་པའི་དགག་པ་སུ་ལ་འཕེན་ཁུལ་ཡིན།
གོང་གསལ་ལོན་ནམ་ལོངས་ཞེས་པ་དང་། ཤོད་ཅེས་པ་དག་་བསྐུལ་ཚིག་གམ་བསྐུལ་ཚིག་མིང་དུ་གྲུབ་པ་བཀོད་པ་བཞིན་དུ། གཏན་ལ་ཕེབས་ཞེས་པ་དེ་༷ཡང་དེ་ལྟར་མ་༷ཡིན་ན་འབྲེལ་མེད་ཀྱི་ཚིག་དག་ལ་དཀོད་པ་དགོས་པ་གང་ཡང་འདུག་གམ། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པར་མི་བྱའོ། ཞེས་དཔལ་ལྡན་ཟླ་བས་གསུངས་པ་ལྟར་བདག་གིས་ཀྱང་བྱ་དགོས་སོ།
ཁྱེད་ཀྱི་ཀླན་ཀ་ཚང་མ་ལ་ལན་བཏབ་ཟིན་བསམ། གལ་ཏེ་ལན་བྱུང་མེད་ན། འདི་དང་འདི་ལ་བྱུང་མ་སོང་ཞེས་ཨང་གྲངས་བཞིན་ཟུར་དུ་བསྟན་དགོས། སླར་ལན་རྒྱབ་ངེས། སླར་ཡང་ཀླན་ཀ་ཚང་མ་འདིར་བཀོད་པ་ནི། དོན་མེད་ལྟ་བུར་སྣང་ཞིང་། རིགས་པ་དང་ལྡན་ཚིག་མི་སྨྲ་ཞིང་སླར་ཡང་རྙོག་དྲ་སློང་མཁན་ཞིག་ཏུ་མཐོང་ངོ།
འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པ་ཤེས་མི་འདུག་འཇུག་པའི་རང་འགྲེལ་ལས།
འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །དབུ་མ་འཇུག་པ་རང་འགྲེལ་ག་ན་ཡོད། ཁོ་བོས་ཇི་ཙམ་བཙལ་ཀྱང་འཇུག་པ་རང་འགྲེལ་ན་མ་རྙེད་པས། ལུང་དེ་དེ་ན་ཡོད་པ་བདེན་པ་ཡིན་ན་ཁྱེད་ཀྱིས་བསྟན་དགོས་སོ།
ཁ་བཤད་མཁས་པའི་དོན་ལ་མ་ཁེལ་ན།
ནེ་ཙོས་ཡིག་དྲུག་འདོན་དང་ཁྱད་པར་མེད།
རང་དགྲ་རང་གིས་མནོན་པར་མ་བྱས་ན།
ལ་ལུང་དཔའ་གཏམ་གང་ཡང་དོན་གོ་ཆུང་།
ང་མཁས་རི་བོ་ང་རྒྱལ་ཁུག་དུ་བཅུག
དོན་མེད་ས་སྟོང་ལུང་རིག་མང་འདུག་ཀྱང་།
གནད་དུ་སྨིན་པས་རལ་གྲི་ནང་བཞིན་གྱི།
གྲགས་རྒྱལ་མངོན་རྟོག་ལན་ཞིག་ངས་མ་མཐོང་།
ཁ་བརྡའི་དྲ་བདག་དབང་ཡོད་ཆེ་ན་འང་།
གཏམ་བརྗོད་རང་དབང་མེད་པ་བློ་ཕམ་ཆེ།
ཚིག་ནི་མཚོན་ཆ་མིན་པས་འཇིགས་མི་དགོས།
དེ་བས་དྲ་བདག་བཟོད་པའི་གོ་ཆ་གྱོན།
མི་འགྱུར་རྡོ་རྗེ་ལགས་ནས་མཆན་བུ་གཅིག་དེ་རྩོམ་མང་པོའི་ཐོག་ལ་བཏབས་འདུག་པས།
དེ་ཚོ་ཚང་མ་བསུབ་པ་ཡིན། ད་དུང་མུ་མཐུད་དུ་དེ་ལྟར་བྱེད་ན།
ཁྱེད་ཀྱི་མཆན་བུ་གཏན་འགོག་བྱེད་སྲིད། ཁ་བརྡའི་ངོས་ནས་ྐླན་ཀ་འཚོལ་བའི་མཆན་བུ་རྣམས་ལ་དགའ་བསུ་ཞུ་གི་མེད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
“མཁས་པར་གྱུར་ན་དུལ་བར་གནས་”ཟེར་བ་ཞིག་ཡོད་རེད་དྲན།
གཏན་འགོག་མ་བྱེད། སྐུ་མཁྱེན། བླུན་པོའི་ཁ་ནའང་ལེགས་བཤད་ཡོད་པ་རེད། ནང་དོན་ལ་བལྟས་ནས་བཀག་ན་བཟང་། མཆན་ཡག་རྒྱུ་མེད་པ་གཅིག་གང་སར་འགྲེམས་པ་དང་མི་གཅིག་རང་ལ་རྗེས་འདེད་བཏང་ནས་ངན་བརྗོད་བྱེད་སྡོད་པ་དེ་ཚོའི་མཆན་བཀག་ནའང་མ་འགྲིགས་པ་མི་འདུག མི་འགྱུར་རྡོ་རྗེའི་མཆན་དེ་ཅུང་ཐལ་དྲགས་འདུག ནམ་གསལ་མ་གསལ་ལ་མཆན་དེ་གཅིག་ཀློག་པ་ཡིན། མཆན་དེ་སྔོན་མ་མཐོང་ཡོད། དེ་རིང་གང་སར་བཀྲམ་འདུག་པས་ང་ཧང་སངས་སོང་། དེ་བསུབ་ན་ཡག་པོ་རེད་བསམས་སོང་།
སྤྱིར་བཏང་སུ་ཡིན་ནའང་སྐད་ཆའི་མཐོ་དམའ་དེ་རེ་ཡོང་གི་རེད། ང་ཚོ་མི་ཡིན་པ་དང་། དགའ་སྡུག་ཆགས་སྡང་འབྲེལ་ཡོད་པ་རེད། སྐད་ཆ་འདི་རིགས་གང་ཟག་སྒེར་བ་ལ་ཞེ་འཁོན་བསགས་ཡོད་པ་གསལ་བར་མཐོང་། དེ་ཡག་པོར་མི་མཐོང་།
སྐྱོནབརྗོད་གང་ཞིག་ལ་རྒྱུ་མཚན་བགྲང་རྒྱུ་ཡོད་པ་ཞིག་ཡིན་ཕྱིན་དྲ་བདག་གི་ཐོག་བཤད་ཡོད་ནའང་མ་བསུབ་ན་ཡག་པོ་རེད།
ལ་དྭགས་པ་འཇམ་དཔལ་ལགས།
༡༽ ཨ་ཙི། མི་དེ་འདྲའི་རང་ཤེད་དང་མགོ་མཁྲེགས་པ་ལ་ཨང་། རང་གི་དེ་མ་གཏོགས་གཞན་གྱིས་ལུང་རིགས་ཀྱིས་གནོད་བྱེད་ཇི་ཙམ་བཏང་ཡང་ཉག་ཙམ་མི་འདུག
“གཏན་ལ་ཕེབས”ཞེས་པ་འདི་སྐུལ་ཚིག་མ་རེད་ཅེས་སྔོན་ནས་ལབ་ཚར།
དཔེར་ན།
(གཏན་ལ) ཕབ་ནས་ཕེབས། (འདི་སྐུལ་ཚིག་མ་རེད)
(རྐང་པ) བསྐུམས་ནས་ཁུམ། (འདི་སྐུལ་ཚིག་མ་རེད)
(ཡུལ་ལ) སོང་ནས་སླེབས། (འདི་སྐུལ་ཚིག་མ་རེད)
(ཤིང་ཏོག) བཀོག་ནས་གོག (འདི་སྐུལ་ཚིག་མ་རེད)
(སྐོར་བ) བསྐོར་ནས་འཁོར། (འདི་སྐུལ་ཚིག་མ་རེད)
(མདའ་སོགས) འཕངས་ནས་ཕོག (འདི་སྐུལ་ཚིག་མ་རེད)
(ཤིང་སོགས) བཀུགས་ནས་གུག (འདི་སྐུལ་ཚིག་མ་རེད)
(དཔེ་ཆ་སོགས) བསླབས་ནས་ལོབ། (འདི་སྐུལ་ཚིག་མ་རེད)
(ཤིང་སོགས) བསྒུལ་ནས་གུལ། (འདི་སྐུལ་ཚིག་མ་རེད)
(མདུད་པ་སོགས) བཀྲོལ་ནས་གྲོལ། (འདི་སྐུལ་ཚིག་མ་རེད)
(མིག་སོགས) བཙུམས་ནས་ཟུམ། (འདི་སྐུལ་ཚིག་མ་རེད)
(སྣོད་སོགས) བཀང་ནས་ཁེང་། (འདི་སྐུལ་ཚིག་མ་རེད)
ཞེས་སོགས་ལྟ་བུའོ། །
འདིའི་རིགས་ལ་སྐུལ་ཚིག་ཡིན་པ་ནི་ཆེས་མང་སྟེ།
(རྡོ་སོགས) བཅག་ནས་ཆོག (སྐུལ་ཚིག)
(དགྲ་སོགས) བཀག་ནས་ཁོག (སྐུལ་ཚིག)
(ཐག་པ་སོགས) བཅད་ནས་ཆོད (སྐུལ་ཚིག)
ཞེས་སོགས་འདིར་དཔེ་མཚོན་ཙམ་ལས་དུས་གསུམ་རེའུ་མིག་རྣམས་སུ་མཐའ་ཡས་སོ། །
༢༽ སྡེ་བདུན་ཡིད་ཀྱི་མུན་སེལ་དུ་རྟགས་གསལ་ལ་རྟགས་བསལ་ཞེས་འབྱུང་བ་དེ་ནི་ཡིག་ནོར་རེད། ཡིད་མ་ཆེས་ན་འོག་ཏུ་མཁས་གྲུབ་རིན་པོ་ཆེ་སོགས་ཀྱི་གཞུང་དང་། དེ་བཞིན་གདན་ས་གསུམ་གྱི་ཕྱག་དཔེ་ཡོངས་རྫོགས་ལ་གཟིགས་དང་། “རྟགས་གསལ”མ་གཏོགས་“རྟགས་བསལ”ཞེས་ཡོད་མ་རེད།
ཚད་མས་བསལ་བ་ཞུགས། ཚད་མས་བསལ་བ་འབབ། ཞེས་པའི་བསལ་བ་དང་། སྒྲུབ་ཆོས་ལ་ཆོས་ལ་གསལ་བ་ཞེས་པ་གཉིས་དོན་དག་ཡོངས་སུ་ཐ་དད་རེད། ཚད་མས་བསལ་བ་ཞུགས་ཞེས་པ་དང་། ཚད་མས་བསལ་བ་འབབ་ཅེས་པ་ནི། ཚད་མས་གནོད་པ་དང་། ཚད་མས་མ་གྲུབ་པའི་དོན་རེད། ད་ཁྱོད་ལྟར་ན་སྒྲུབ་ཆོས་ལ་ཚད་མས་“བསལ་བ”ཞུགས་པའམ་གནོད་པར་ཁས་ལེན་རྒྱུ་ཡིན་ནམ།
༼མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ༽
༡༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། སེམས་ཅན་གྱི་རྒྱུད་ལ་ཆོས་ཉིད་ཡོད་དམ་མེད། ཡོད་ན་ངོ་བོ་ཉིད་སྐུ་ཡོད་པར་ཐལ། ཆོས་ཉིད་ཡོད་པའི་ཕྱིར། “རྟགས་གསལ”དངོས།
༢༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བདེ་སོགས་དེ་མི་ཤེས་པའམ་བེམས་པོ་ཡིན་པའི་ཕྱིར། “རྟགས་གསལ”ཁས་བླངས་སོ། །
༣༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བློ་མ་འཁྲུལ་པ་ལ་ཐ་དད་སྣང་དུ་བའི་ཕྱིར། “རྟགས་གསལ”དངོས་མ་ཁྱབ་ན་ཐ་དད་དུ་བདེན་པར་སྒྲུབ་བྱད་མི་རྙེད་ཅིང༌།
༤༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཕྱིས་ཀྱང་སྔར་དང་ནུས་པ་མི་འདྲ་བའི་བྱེ་བྲག་མེད་པའི་ཕྱིར་རོ། །“རྟགས་གསལ”ཐམས་ཅད་ཁས་བླངས།
༥༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཚད་མས་བསལ་བ་གཞན་དོན་བསྒྲུབ་བྱའི་མཚན་ཉིད་འཇུག་མི་འཇུག་དཔྱོད་པའི་གཞིར་མི་རུང་བའི་ཕྱིར། “རྟགས་གསལ”དངོས།
༼མཁས་གྲུབ་སྡེ་བདུན་ཡིད་ཀྱི་མུན་སེལ༽
༦༽ སྡེ་བདུན་ཡིད་ཀྱི་མུན་སེལ། ཁྱབ་པ་ཚད་མས་གྲུབ། རྟགས་གསལ་དངོས་སུ་ཁས་བླངས་སོ། །ཞེས་གསུངས།
༧༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་དངོས་སུ་ཁས་བླངས།
༨༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རང་གི་བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །རྟགས་གསལ་དངོས།
༩༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཕྱོགས་ཆོས་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་
ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་དེས་པ་ཡིན་དགོས་པའི་ཕྱིར། རྟགས་གསལ་ཁས་སོ། །ཞེས་དང་།
༡༠༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཁྱོད་བསྐལ་དོན་ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར། རྟགས་གསལ་དངོས།
༡༡༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་ཡང་ཁས་ལེན་པས་འཁོར་གསུམ་མོ། །ཞེས་གསུངས།
༡༢༽ རྒྱལ་ཚབ་རིན་པོ་ཆེའི་རྣམ་བཤད་སྙིང་པོའི་རྒྱན་ལས། རང་ལས་བློ་དམའ་བའི་གང་ཟག་གི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟ་མ་ཡིན་པའི་ཕྱིར། རྟགས་གསལ་ཁས་བླངས། ཞེས་གསུངས།
༼ཡོངས་འཛིན་བསྡུས་གྲྭ༽
ཁ་ཅིག་ན་རེ། ཁྱོད་“རྟགས་གསལ”དང་བཅས་པའི་ཐལ་འགྱུར་ཡིན་ན། ཞེས་སོགས་ལུང་ཁུངས་ཉེར་བཞི་༼༢༤༽ཡོད།
༣༽ འཇིགས་མ་ཞེས་པའི་ཚིག་འདི་རང་འགྲེལ་གློག་ཀླད་ཤོག་གྲངས་༦༧༣ན་ཡོད་པས་དེར་བལྟ་བར་བྱའོ། །
ད་ཁྱོད་ཀྱིས་ངའི་དུས་ཚོད་ཆུད་གཟོད་གཏོང་གི་འདུག་གོ།
སྒོམ་སྡེ་ལགས།
ད་མཚམས་འཇོག་རན་ཡང་འཇོག་ཐབས་མི་འདུག
༡ གཏན་ལ་ཕབ། ཕབ་ནས་ཕེབས། རང་བཞིན་གྱིས་བབས།
༢ བཀོག བཀོག་ནས་ཁོག རང་བཞིན་གྱིས་གོག
༣ བཀུགས་ནས་ཁུག རང་བཞིན་གྱིས་གུག
༤ བསྒུལ་ནས་འགུལ རང་བཞིན་གྱིས་འགུལ གུལ་དེར་ཁྱོད་ལ་ཁུངས་ཡོད་ན་ཐང་།
༥ བཀྲོལ་ནས་ཁྲོལ། རང་བཞིན་གྱིས་གྲོལ།
འདི་ལ་ཡང་སྐྱར་ཐུགས་བསམ་ཞིག་བཞེས་རོགས་གནང་།
སེར་སྨད་གྲྭ་ཟུར་ཕྱི་རྒྱལ་བ་Michael Roach ཞེས་པས་འཛིན་སྐྱོང་འོག་གདན་ས་གསུམ་གྱི་གྲྭ་པ་དཔེ་ཆ་མི་ལྟ་མཁན་ཚོས་སྔ་མོ་ནས་གློག་ཀླད་ནང་འགོད་འཇུག་བྱས་པའི་དཔེ་ཆ་རྣམས་ནི་ཡིག་ནོར་གྱིས་ཡོངས་སུ་གང་ནས་ཡོད་པ་ཤེས་གསལ་རེད། དེ་ཚོ་སྔོན་མ་ནས་Michael Roach ལ་༡༩༩༧ཙམ་ནས་ཡིག་ནོར་ཆེས་མང་པོ་འདུག ཞུས་དག་དཔྱིས་ཕྱིན་པ་ཞིག་དགོས་པ་འདུག་ཅེས་དངོས་སུ་ལབ་མྱོང་། གང་ཡང་བྱས་ཡོད་ཚོད་མི་འདུག
དེ་ཚོ་ལ་མ་ཕྱི་བྱས་ཏེ་དཔེ་སྐྲུན་བྱས་པ་ནི་ཤིན་ཏུ་ནོར་འཁྲུལ་རེད། གཞན་སྔོན་མ་སྤར་སྐྲུན་བྱས་པའི་རྗེའི་གསུང་རྣམས་ནི་ཤིན་ཏུ་དག་པོ་ཡོད་རེད། ཕྱིན་ཆད་དེ་དག་ལ་མ་ཕྱི་བྱས་ན་ཤིན་ཏུ་ལེགས་སོ། །
རྗེའི་གསུང་སྔོན་གྱི་མ་ཕྱི་རྙིང་པ་རྣམས་ལ་ཡིག་ནོར་ཧ་ལམ་མཐོང་རྒྱུ་ཡོད་མ་རེད།
སྔར་གྱི་ཡིག་རྙིང་རྣམས་ལ་ཞུ་དག་གཏོང་ཕྱོགས་ཐད། རང་རང་གི་སུམ་རྟགས་གང་ཤེས་དང་། དེ་བཞིན་དུ་བརྡ་གསར་རྙིང་རང་གི་གང་ཤེས་ལ་གཞི་བཅོལ་ནས་ཞུ་དག་བཏང་ན་མི་འགྲིག གང་ཡིན་ཟེར་ན་དེ་དག་ནི་གཙོ་བོ་རྩོམ་པ་པོ་རང་ཉིད་ཀྱི་ཐུགས་དགོངས་དང་བསྟུན་དགོས། དཔེ་གཅིག་ཡིན་ན་ཡང་ཡི་གེ་མི་འདྲ་བ་ཡོད་ན་ཡི་གེ་མི་འདྲ་བ་དག་མཆན་གྱི་ཚུལ་དུ་བཀོད་ན་བཟང་། དེ་ནི་ལམ་སྲོལ་བཟང་པོ་ཞིག་རེད། དཔེར་ན་མཛོད་ཊྲིཀ་ཐར་ལམ་གསལ་བྱེད་དུ་ཆེད་དུ་བརྗོད་པ་ཚོམས་ཀྱི་ལུང་ཞིག་དྲངས་སྐབས། ༼ སྲིད་པའི་ཟུག་རྔུ་གཅོད་མཛད་པའི།། ལམ་ནི་ཁྱེད་ལ་ངས་བསྟན་བྱ།།༽ ཞེས་ལུང་དྲངས་འདུག་མོད། སྡེ་དགེའི་བཀའ་འགྱུར་ན་ལུང་དེ་འདི་ལྟར་སྣང་། ༼ སྲེད་པའི་ཟུང་རྔུ་གཅོད་བྱེད་ལམ།། ངས་ནི་ཁྱེད་ཅག་རྣམས་ལ་བསྟན།།༽ ཞེས་གསུངས། ཝར་ན་མཛོད་ཊྲིཀ་དཔར་སྐྲུན་སྐབས་སུ་འདི་འགྱུར་ཁྱད་ཞིག་ཡིན་ནམ་ཞེས་མཆན་བཏབ། མཆན་རྒྱག་སྟངས་འདི་འདྲ་ནི་ལུགས་སྲོལ་ཤིན་ཏུ་བཟང་པོ་རེད། དེ་མིན་རང་གི་ཡིད་ལ་དྲན་པ་དེ་ཡིན་པར་ཆ་བཞག་ནས། དཔེ་རྙིང་དག་མ་རྣམས་ནག་བསུབ་གཏོང་བ་འདི་ནི། མོན་པས་རྡོར་གཅོད་ལ་ཞུ་དག་བཏང་བ་ལྟར་སོང་ན། ཤིན་ཏུ་ནས་འཕངས་པོ་རེད་སྙམ།།
གོང་གི་ལུང་དེའི་འཕྲོར། དེའི་འགྲེལ་བར་། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ།། འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མ་མཛད།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བར་མཛད་པས་མིན།། ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན།། ཞེས་དྲང་འདུག་ན་ཡང་། སྡེ་དགེ་དཔར་མ་ཚོམས་ཀྱི་འགྲེལ་བ་ནས་ཚིག་དེ་མ་རྙེད། ཝར་ན་དཔར་སྐྲུན་སྐབས་སུ། ༼ཆེད་དུ་བརྗོད་པ་ཚོམས་ཀྱི་འགྲེལ་བ། སྡེ་བསྟན། མདོ་སྡེ། ཏུ། ༡༩༥ ན སྲེད་པའི་ཟུག་རྔུ་གཅོད་བྱེད་ལམ།། ཞེས་བྱ་བའི་ཚིགས་སུ་བཅད་པའི་འགྲེལ་བའི་ནང་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ།། ཞེས་སོགས་མི་གསལ་བས་དཔྱད་པར་འཚལ ༽ཞེས་མཆན་བཀོད་འདུག འདི་ནི་ཞུ་དག་གཏོང་སྟངས་ཡག་པོ་ཞིག་ཏུ་མཐོང་། དེ་མིན་རང་གིས་མ་མཐོང་བ་ཙམ་གྱིས་ནག་བསུབ་བཏང་ན་མི་འགྲིག་སྙམ།
ངས་རྗེའི་གསུང་འབུམ་ཁྲོད་དུ་ཟི་ལིང་ནས་ལམ་རིམ་ཆེན་མོ་པར་སྐྲུན་སྐབས་ཞུ་དག་ཡག་པོ་མ་བཏང་བ་དེ་གཞི་ལ་བཞག་ནས། བཙན་བྱོལ་ཁྲོད་དུ་འང་། དེ་ག་རང་མ་དཔེ་བྱས་ནས་ཐེ་ཝན་དུ་དཔར་རྒྱབ་པ་དེ་ལ་བློ་ཤིན་ཏུ་འཕངས། དེང་སང་ཤང་ཀང་སློབ་གྲྭ་ཆེན་མོ་ཞིག་ཏུ། རྒྱ་ཡི་དགེ་བསྙེན་ཞིག་གིས་དེ་གཞི་ལ་བཞག་ནས་དཔེ་ཁྲིད་བྱེད་ཀྱི་འདུག ཡིག་ནོར་ཁ་ཤས་ང་ལ་དྲིས་པས། ངས་ནི་ཇི་ལྟར་འགྲེལ་བྱེད་བྱེད་དགོས་པ་ཡང་མི་ཤེས་ཀི རྒྱུ་མཚན་ང་ལ་ཡང་དཔེར་མ་དེ་ག་རང་མ་གཏོགས་མེད། སྔར་ལམ་རིམ་མཆན་བཞི་སོགས་བཤད་ཀྱི་ཡོད་ན་ཡང་། ས་འདི་ན་ལམ་རིམ་མཆན་བཞི་སོགས་ག་བ་བཙལ་དགོས་པ་རེད་ཨང་། རྒྱུ་མཚན་དེ་ཁོ་ལ་བཤད་པས་ཁོའི་ལག་ཏུ་མཆན་བཞི་རེག་འདུག